《སློབ་མའི་བསླབ་བྱ》བཀླགས་རྗེས་ཀྱི་མྱོང་ཚོར།
གཉིས། སྤྱོད་ཡོན་ལྡན་པས་ཕྱི་རོལ་ཁོར་ཡུག་ལ་ཕན་བདེ་སྐྲུན་པ།
དེ་ཡང་ཤེས་རབ་སྡོང་བུ་ལས།“རྣམ་པ་ཀུན་དུ་རང་ཕན་སྤྱད་བྱ་ཡི།།འགྲོ་མང་ནང་དུ་གནས་པས་ཅི་ཞིག་བྱ།།”ཞེས་པ་ལྟར།ང་ཚོ་མི་སྒེར་རེ་རེ་ནི་དུས་ཚོད་དང་གནས་ཡུལ།རྣམ་པ་དང་སྙིང་བོ་མི་འདྲ་བའི་ཕྱི་རོལ་ཁོར་ཡུག་སྣ་ཚོགས་སུ་འཚོ་བ་རོལ་གྱིན་ཡོད་པ་ཞིག་ཡིན་པས་ན་རང་རང་འཚོ་གནས་ཀྱི་ཕྱི་རོལ་ཁོར་ཡུག་དང་འཆམ་མཐུན་མཉམ་གནས་ཡོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད།མི་ཞིག་གི་རང་གཤིས་དང་ཡོན་ཚད་གང་འདྲ་ཞིག་ཡིན་མིན་ནི་མི་དེ་གནས་སའི་རིག་གནས་ཁོར་ཡུག་དང་འབྲེལ་བ་ཆེན་པོ་ཡོད་པ་འདུག་སྟེ།《དཔྱོད་ཤེས་རྒྱང་འབོད》དུ་“གཤིས་ཀའི་བཟང་ངན་གང་ཡང་རང་གནས་སའི་ཡུལ་དུས་ཀྱི་རིག་གནས་ཁོར་ཡུག་ལ་འབྲེལ་བ་ཡོད་ཅིང་གཤིས་ཀའི་བཟང་ངན་གྱིས་ནི་ཡུལ་དུས་ཁོར་ཡུག་དེའི་རིག་གནས་ཀྱི་བཟང་ངན་ལ་ཚུར་སྣང་བྱེད་ཐུབ།”ཅེས་བརྗོད་ཡོད་ལ།ང་ཚོས་ཀྱང་རྒྱུན་དུ་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་སྐྲུན་པ་དང་འཚོ་བའི་ཁོར་ཡུག་བཟང་པོ་སྐྲུན་པ་སོགས་ཀྱི་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་པ་་མ་ཡིན་ནམ།དེ་བས་ཁོར་ཡུག་ནི་ང་ཚོས་ཅི་ནས་ཀྱང་དོ་སྣང་མི་བྱེད་རང་བྱེད་དུ་གྱུར་ཡོད་པ་ཞིག་ཡིན།
ང་ཚོས་སྒྲུང་གཏམ་ནང་གི་ཁོར་ཡུག་ནི་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་གཉིས་སུ་དབྱེ་ཡོད་པ་རེད།དེ་ལྟར་དབྱེ་དོན་ཡང་ཁོར་ཡུག་དེ་གཉིས་ནི་ང་ཚོ་དང་ཐད་ཀའི་འབྲེལ་བ་ཡོད་པས་ཡིན་རྒྱུར་འདུག ང་ཚོ་ལ་སྤྱོད་ཡོན་གང་འདྲ་ཞིག་འཛོམས་དགོས་ནའང་གཙོ་བོ་ཁོར་ཡུག་འདི་གཉིས་ལ་གཞི་བཅོལ་དགོས་པ་མངོན་གསལ་ཡིན།འོ་ན་སྐད་ཆ་ཕྱིར་བསྐོར་ནས་བཤད་ན།ང་ཚོས་རང་ཉིད་གནས་སའི་ཁོར་ཡུག་དེར་་རིག་གནས་མཁའ་དབུགས་སྟུག་པོ་བཟོ་ཆེད་ཟེར་ནའང་ཆོག ཡང་ན་རང་ཉིད་ཀྱི་མི་ཚེ་ཁོར་ཡུག་དེ་ལ་ཁེན་ཡོད་པ་ལ་བཀའ་དྲིན་ཞུ་ཆེད་ཟེར་ནའང་འདྲ།གང་ལྟར་ཕྱི་རོལ་ཁོར་ཡུག་གིས་ང་ཚོ་ལ་ཉམས་མྱོང་དང་ཤེས་བྱ་གང་མང་མང་ཞིག་སྤྱིན་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་ངེས་པས།ང་ཚོས་ཀྱང་དེ་དང་སྦྱར་ཏེ་རང་གི་ལྷན་སྐྱེས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་ཁོར་ཡུག་དེ་ལ་ཡོད་པའི་སྐྱོན་ཆ་དག་སྒྱུར་བཅོས་དང་།བཟང་ཆ་དག་དར་སྤེལ།མི་འདང་ས་ལ་ཁ་སྣོན་སོགས་ཀྱིས་ཕན་བདེ་གང་མང་ཞིག་སྐྲུན་རྒྱུ་ནི་མི་རེ་རེའི་འོས་འགན་དང་རང་དོན་ཞིག་འབའ་ཞིག་གོ།
ང་ཚོ་ལ་བློ་སྟོབས་བརྟན་བརླིང་དང་རང་གཅུན་རང་སྡོམ།དྲང་པོ་དྲང་བཞགགཟབ་ནན་དཔྱོད་ལྡན་སོགས་ཀྱི་རྩ་བའི་ཀུན་སྤྱོད་བཞི་བོ་ཡོངས་སུ་ཚང་པའི་ངེས་པ་མེད་ཅིང་།སྒྲ་ཡངས་དོག་གི་མཚན་ཉིད་དུ་བཤད་པའི་ཤེས་ཡོན་ཅན་ཞིག་ཡིན་པའི་ངེས་པའང་གཏན་ནས་མེད་མོད།འོན་ཀྱང་ང་ཚོ་ལ་མཚན་ཉིད་དང་རིགས་དབྱེ་དེ་དག་ལས་ཆ་ཤས་ཉུང་ཟད་ཙམ་རེ་མེད་པ་ནི་གཏན་ནས་དཔེ་མི་སྲིད་པ་ཞིག་རེད།རྒྱུ་མཚན་མཚན་ཉིད་དང་རིགས་དབྱེ་དེ་དག་ཚང་མའི་སྤྱིའི་འབྱུང་རྩ་ནི་ང་ཚོའམ་ང་ཚོའི་འཚོ་བ་ལ་གཏུག་འདུག་པའོ།།ཡང་ན་ང་ཚོ་ལ་སྤྱོད་ཡོན་གཉིས་ལས་གང་རུང་ཞིག་འཛོམས་མེད་པའང་མི་སྲིད་དེ།དཔེར་ན་འཇིག་རྟེན་པ་ཞིག་ལ་མཚོན་ན་ཆེས་མ་མཐར་ཡང་ལུས་ཤུགས་སམ་ཀླད་ཤུགས་ངལ་རྩོལ་གང་རུང་ཞིག་ལ་བརྟེན་ནས་རང་ཁ་གསོ་ཐབས་མི་བྱེད་ཀ་མེད་ཡིན།དེ་ཡིན་པ་ལ་ང་ཚོ་ལ་རང་བཞིན་གྱིས་ཤེས་ཡོན་ཅན་གྱི་མཚན་ཟུར་ལས་ངལ་རྩོལ་པ་ཞེས་པ་ཚང་ཡོད་པ་ལྟ་བུའོ།།དེ་ལྟར་ན་ང་ཚོས་རང་ཉིད་ལ་ཡོད་པའི་ཁྱད་ཆོས་དག་གིས་ཕྱི་རོལ་ཁོར་ཡུག་ལ་ཕན་བདེ་སྐྲུན་བཞིན་ཡོད་པའང་མངོན་གསལ་ཡིན་པ་ནི།ངན་པ་གཉིས་བསྡོངས་བཟང་བོ་གཅིག་གི་ཚབ་ཏུ་འགྱུར་བའི་དཔེ་ཇི་བཞིན་མི་མང་པོ་ཞིག་གི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་འཚོ་བའི་ལག་ལེན་སོགས་མཉམ་དུ་སྦྱར་བ་ལས་གོང་གི་མཚན་མ་ཀུན་དང་ལྡན་པའི་སྤྱོད་ཡོན་ཅན་རྣལ་མ་ཞིག་ཀྱང་རང་བཞིན་དུ་ཆགས་ཡོད་པ་དང་།མིའི་རིགས་ཧྲིལ་བོ་ལས་སྤྱོད་ཡོན་ཅན་རྣལ་མ་མང་པོ་ཞིག་འབྱུང་ཐུབ་པའང་སྨྲོས་མེད་རེད།དེ་བས་སྐད་ཆ་དེ་དག་མདོར་དྲིལ་ན་ནི་ང་ཚོས་རང་ནུས་ཅི་ལྕོག་གིས་གཞན་ལ་ཕན་པ་དང་རོགས་རམ་རེ་བྱེད་ཐུབ་པ་ཡིན་རྒྱུ་ན་ཕྱི་རོལ་ཁོར་ཡུག་ཧྲིལ་པོ་ལ་ཕན་བདེ་བླ་མེད་སྐྲུན་གྱིན་པའང་མངོན་གསལ་ཡིན་འདུག་ཅེས་རྗོད་གྱིན་པ་ཡིན།དཔེར་ན་དགེ་རྒན་གྱིས་སློབ་མ་ལ་སློབ་ཁྲིད་བྱེད་པ།ཕ་མས་བུ་ཕྲུག་ལ་བདག་སྐྱོང་བྱེད་པ།ལག་ཤེས་པས་རང་གི་ལག་རྩལ་ལ་བརྟེན་ནས་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་པ།གླུ་བས་གླུ་བླངས་ནས་གཞན་སེམས་སྐྱིད་པོ་བཟོ་རོགས་བྱེད་པ།བྲོ་བའང་དེ་བཞིན་རེད།མདོན་ན་སྤྱི་ཚོགས་ཀྱི་ཟུར་སྣེ་སྣ་ཚོགས་སུ་འཚོ་བའི་མི་སོ་སོས་སྤྱི་ཡོངས་ལ་གནོད་པ་མེད་པའི་འོག་བྱས་པའི་བྱ་བ་ཅི་དང་གང་ལ་ཆ་མཚོན་ནའང་དེ་ནི་མི་སྒེར་རེ་རེས་སྤྱི་ཚོགས་ལ་ཕན་བདེ་བླ་མེད་སྐྲུན་ཐུབ་པའི་བདེན་དཔང་དང་དངོས་དཔེ་ཞིག་ཏུ་མི་འགྱུར་རམ་སྙམ་མོ།།
ཕྱི་རོལ་ཁོར་ཡུག་ལ་ཕན་བདེ་སྐྲུན་པ་ནི་མི་ཚང་མར་ལྷན་སྐྱེས་སུ་མངའ་བའི་འདུ་ཤེས་ཞིག་ཡིན་རབས་འདུག་སྟེ།རྒྱའི་བསམ་བློ་བ་ཁུང་ཙི་ནས་ཀྱང་མི་རྣམས་སྐྱེས་མ་ཐག་ཏུ་སེམས་པ་བཟང་པོ་ཡིན་རབས་གླེང་ཡོད་པ་དང་ང་ཚོས་ཀྱང་རྒྱུན་དུ་བྱིས་དུས་ཀྱི་འདུ་ཤེས་ནི་ལྷད་མེད་པའི་འདུ་ཤེས་ཞིག་དང་མཛེས་སྡུག་གི་འདུ་ཤེས་ཤིག་ལ་ངོས་འཛིན་གནང་གིན་ཡོད་པར་མ་ཟད་ཚང་མས་བྱིས་དུས་ཀྱི་འཚོ་བ་ལ་ཡིད་སྨོན་དང་ཕྱིར་དྲན་བྱེད་པའི་གོམས་སྲོལ་ཞིག་ཡོད་པ་རེད།དེས་གཅིག་ནས་མི་ཚང་མའི་སེམས་པའི་ཟབ་ས་ཟབ་ས་དེ་རུ་བཞག་ཡོད་པ་ནི་གཞན་ལ་འཚེ་བ་མེད་པའི་འདུ་ཤེས་ཤིག་ཡིན་པའི་རྟགས་དང་།གཉིས་ནས་མི་ཚང་མས་རེ་ཞིང་སྙེགས་པ་དེའང་རྩ་བར་གཏུག་ན་གཞན་གྱིས་མི་འཚེ་བའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཡིན་པའི་རྟགས་སུ་མཐོང་།དེ་བས་ཚང་མས་ ཕྱི་རོལ་ཁོར་ཡུག་ལ་ཕན་བདེ་སྐྲུན་པ་ནི་བྱ་བ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་པའང་བཤད་མི་དགོས།ངས་གོང་ནས་ ཕྱི་རོལ་ཁོར་ཡུག་ལ་ཕན་བདེ་སྐྲུན་པ་ནི་ཧ་ཅང་སླ་མོ་ཞིག་ཡིན་ཚུལ་ལབ་པ་ཡིན་མོད།འོན་ཀྱང་ཚང་མས་དོ་སྣང་བྱེད་རྒྱུ་ཞིག་ཡོད་པ་ནི་ནམ་རྒྱུན་ཆེས་སླ་མོ་ཞིག་ཡིན་པར་ངོས་འཛིན་གནང་གིན་པ་་དེ་དག་ནི་ཆེས་དཀའ་མོ་ཞིག་ཀྱང་ཡིན་པའི་སྐབས་ཤིན་དུ་མང་བ་དེ་ཡིན།འདང་ཞིག་རྒྱོབ་དང་།ང་ཚོ་མི་རེ་རེ་ནས་ཀུན་ཕན་གྱི་བྱ་བ་རེ་བསྒྲུབ་པ་ཡིས་ཕྱི་རོལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཐུབ་པ་ཡིན་ན།ཅི་སྟེ་ང་ཚོ་མི་རེ་རེས་རང་ཉིད་རྐྱང་རྐྱང་གི་དགོས་མཁོ་ཁོ་ནར་དམིགས་ནས་གཞན་ལ་གནོད་པའི་བྱ་བ་ཆུང་ཆུང་རེ་བསྒྲུབ་པ་ཡིན་ན་རིམ་གྱིས་ཕྱི་རོལ་ཁོར་ཡུག་ཧྲིལ་པོའང་རུལ་སུངས་ཀྱི་ངོ་བོར་གྱུར་འགྲོ་བ་མི་སྲིད་དམ།དཔེར་ན།མི་དྲང་མོ་དྲང་རྐྱང་ཞིག་ལ་མཚོན་ན་ཆེས་ཐོག་མར་མི་དེ་རིགས་ཀྱི་ནང་སེམས་སུ་གཞན་ལ་མགོ་གཡོགས་མགོ་སྐོར་བྱེད་པའི་བསམ་བློ་མེད་མོད།འོན་ཀྱང་ཕྱི་རོལ་ཁོར་ཡུག་ཏུ་འཚོ་བ་རོལ་བའི་གོ་རིམ་དུ་མི་དེ་ལ་གཞན་གྱི་མགོ་སྐོར་ཐེབས་པ་ཡིན་ན་མི་དེ་འཚོ་བ་ལ་ཡི་ཆད་སྐྱེ་ཞིང་རིམ་གྱིས་གཞན་ལ་མགོ་གཡོགས་མགོ་སྐོར་བྱེད་རྒྱུ་སློབ་སྦྱོང་བྱས་པ་རེད།དེ་ལྟ་བུ་ཞིག་ཡིན་པས་འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་བའི་སྙིང་གཏམ་དུ་“རང་བཞིན་བསམ་པ་དྲང་ན་བཟང་མོད་ཀྱང་།།ཧ་ཅང་དྲང་ན་དུས་ངན་མི་རྣམས་ཀྱིས།།རྩེད་དགོད་བྱེད་རྟེན་སྤྲང་པོའི་སྤྲེའུ་འདྲ།།དྲང་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན།།”ཞེས་སྨྲ་དགོས་བྱུང་ཡོད་པ་དེ་རེད།
ངས་འདང་བརྒྱབ་ན་མི་ཚང་མས་མེ་ལོང་ནང་ལ་བལྟས་མྱོད་ཡོད་རྒྱུ་རེད།ང་ཚོས་མེ་ལོང་ནང་དུ་བལྟས་ནས་བགད་ན་མེ་ལོང་ནང་གི་གཟིགས་རིས་ཀྱང་ང་ཚོ་ལ་ཕྱོགས་ནས་དགོད་པ་མ་ཡིན་ནམ།དཔེ་དེ་བཞིན་དུ་ང་ཚོས་རང་ནུས་གང་ཡོད་ཀྱིས་ཕྱི་རོལ་ལ་ཕན་པ་བསྒྲུབ་ན་ཕྱི་རོལ་ཁོར་ཡུག་གིས་ཀྱང་ང་ཚོ་ལ་ཕན་བདེ་སྣ་ཚོགས་སྐྲུན་པ་རྩོད་མེད་ཡིན།
ང་ཚོས་གོང་དུ་སྤྱོད་ཡོན་ཞེས་པ་ནི་མི་སྒེར་རེ་རེ་ལ་བལྟོས་ནས་བཤད་པ་ཡིན་ཞིང་ཤེས་ཡོན་ཅན་དང་ཤེས་ཡོན་ཅན་རྣལ་མ་དང་།མི་ཆོས་དང་ལྷ་ཆོས་ཀུན་སྤྱོད་སོགས་ཀྱི་དབྱེ་བའང་མང་པོ་ཞིག་བཤད་པའང་གཙོ་བོ་མི་སྒེར་ཞེས་པ་ཞིག་དང་འབྲལ་གྱིན་མེད་པ་ཡིན།དེ་འདྲ་ལོས་ཡིན་དེ།མི་སྒེར་རེ་རེ་ཡིས་མི་ཡི་སྤྱི་ཚོགས་ཆེན་པོ་འདི་གྲུབ་ཡོད་པ་དང་སྤྱི་ཡི་ཚོགས་པ་འདི་འདྲ་ཞིག་དུས་ཡུན་རིང་པོར་མཉམ་གནས་ཀྱིས་འཚོ་བ་རོལ་བ་ལ་ངེས་པར་དུ་རྟེན་གང་རུང་ཞིག་ལ་གཞི་བཅོལ་དགོས་པའང་མངོན་གསལ་རེད།རྟེན་དེ་ནི་མི་སྒེར་སོ་སོའི་ཀུན་སྤྱོད་དང་ཤེས་ཡོན་ཡིན་པའོ།།མི་སྒེར་སོ་སོའི་སྤྱོད་ཡོན་རྣམས་མཉམ་དུ་སྦྱར་བས་མིའི་སྤྱི་ཚོགས་ཧྲིལ་པོའི་སྤྱོད་ཡོན་ཟེར་བའང་ཡོད་ཤག་རེད།དེ་ནི་ང་ཚོས་རྒྱུན་དུ་ཁོར་ཡུག་བཟང་པོ་དང་ཁོར་ཡུག་ངན་པ་ཞེས་སུ་གདེང་འཇོག་བྱེད་ཀྱིན་པ་དེ་ཡིན།ཁོར་ཡུག་བཟང་པོ་ཟེར་བ་ནི་སྤྱི་ཡི་ཚོགས་པའི་སྤྱོད་ཡོན་འཛོམས་པོ་ཡོད་པའི་ཁོར་ཡུག་དང་ཁོར་ཡུག་ངན་པ་ཟེར་བ་ནི་སྤྱི་ཡི་ཚོགས་པའི་སྤྱོད་ཡོན་དབུལ་བོ་ཡིན་པའི་ཁོར་ཡུག་ལ་ཟེར་བའོ།།སྤྱི་ཚོགས་ཀྱི་སྤྱོད་ཡོན་ནི་མི་སྒེར་གྱི་སྤྱོད་ཡོན་ཀྱི་རྨང་གཞིའི་སྟེང་དུ་ཚུགས་དགོས་པ་ཞིག་དང་དེས་ཕྱོགས་ངེས་ཅན་ཞིག་ནས་མི་སྒེར་གྱི་སྤྱོད་ཡོན་གྱི་བཟང་ངན་ཀྱང་མཚོན་ཐུབ་པར་འདུག དེར་མ་ཟད་སྤྱི་ཚོགས་སྤྱོད་ཡོན་འཛོམས་པོ་ནས་འཚོ་བ་རོལ་བའི་མི་རྣམས་ནི་ཕལ་ཆེར་བདེ་ཞིང་སྐྱིད་པ་ཞིག་དང་འཆམ་མཐུན་གྲོས་འགྲིག་ཡོང་ཐུབ་པ་ཞིག་ཡིན་པར་སྙམ།དེ་བཞིན་སྤྱི་ཚོགས་སྤྱོད་ཡོན་འཛོམས་པོ་མ་ཡིན་པ་ནས་འཚོ་བ་རོལ་བའི་མི་ཕལ་ཆེར་བ་ནི་མི་མང་གི་ཁེ་ཕན་ལ་ཁ་ཡ་མི་བྱེད་པ་དང་ཐུན་མོང་གི་འདུ་ཤེས་ཞན་པ།དེ་དང་དེས་བསྐུལ་ཏེ་སོ་སོའི་འཚོ་བའང་རིམ་གྱིས་སྡུག་བསྔལ་གྱི་རང་བཞིན་ཅན་དུ་འགྱུར་རྒྱུ་ཞིག་རེད་འདོད་གི།སློབ་དཔོན་ཀླུ་སྒྲུབ་ཀྱིས་“བདེ་བའི་རྗེས་ལ་སྡུག་བསྔལ་ཏེ།།སྡུག་བསྔལ་རྗེས་ལ་བདེ་བ་ཡིན།།མི་རྣམས་ཀྱི་ནི་བདེ་སྡུག་དག།འཁོར་ལོ་བཞིན་དུ་འཁོར་བར་བྱེད།།”ཅེས་གསུངས་པ་ཇི་བཞིན་བདེ་བ་དང་སྡུག་བསྔལ་ནི་གཅིག་རྗེས་གཅིག་གིས་མཐུད་དེ་ཡོད་ཅིང་།དེ་གཉིས་ནི་མ་གཞི་ནས་ང་ཚོས་བཤད་ཀྱིན་པའི་འཁོར་བ་ཞེས་པའི་རྣམ་པ་ཞིག་ཏུ་འདོད།བདེ་སྡུག་གང་ཞིག་ཡིན་ནའང་དེ་ནི་རྒྱུ་གང་འདྲ་ཞིག་བསགས་པ་ལ་འབྲེལ་བ་ཟབ་མོ་ཡོད་པ་རེད།ང་ཚོས་རྒྱུ་འབྲས་ཞེས་ཆེ་ས་ཆེ་ས་ཞིག་ལ་འདང་རྒྱག་དགོས་དོན་མི་འདུག་སྟེ།རྒྱུ་འབྲས་ནི་ནས་བཏབ་ན་ནས་སྐྱེ་བ་ལྟ་བུའི་བྱ་བའི་གོ་རིམ་དང་མཐའ་འབྲས་ཙམ་མོ།སྤྱོད་ཡོན་གྱི་ཆེས་མཐའ་མའི་དམིགས་ས་ནི་བདེ་སྐྱིད་འཚོལ་སྙེག་བྱེད་རྒྱུ་ཡིན།དེ་ནི་མི་ཐམས་ཅད་ཀྱི་འཚོ་བའི་སྙིང་བོ་རེད།དགེ་ཆོས་ལགས་ཀྱིས་“གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག།། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།། གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག”ཟེར་བའང་འདིའི་དོན་དུ་ངེས།ང་ཚོས་ཉིན་གྱིས་མཚན་དེད་མཚན་གྱིས་ཉིན་བདས་ཏེ་འཚོལ་སྙེག་བྱེད་ཀྱིན་པའི་བདེ་སྐྱིད་ནི་མི་སྒེར་རེ་རེའི་གམ་་ལ་ཐོན་དུས་དོན་སྙིང་འདྲ་མིན་སྣ་ཚོགས་སུ་འགྱུར་གྱིན་ཡོད་པ་རེད་མོད།དེ་དག་ངོ་བོ་གང་འདྲ་ཞིག་ཏུ་བལྟ་མིན་གྱི་གཞི་འཛིན་ས་ནི་གཙོ་བོ་སྤྱི་ཚོགས་ལ་རག་ལས་ཤིང་སྤྱི་ཚོགས་ལ་བལྟོས་ཏེ་སྦྱར་བ་ཞིག་ལོས་ཡིན་སྙམ།
ཁོར་ཡུག་གང་འདྲ་ཞིག་ཡོད་ན་མི་སྣ་དེ་འདྲ་ཞིག་སྐྱེད་སྲིང་བྱེད་ཚུལ་གོང་ནས་ལབ་ཡོད་ལ་ཁོར་ཡུག་གང་འདྲ་ཞིག་ལས་བདེ་བ་གང་འདྲ་ཞིག་རྙེད་རྒྱུ་ཡིན་པའང་ཞོར་ཏུ་ཐོན་འདུག་པ་ཞིག་ཡིན་གདའ།སྤྱི་ཚོགས་ཀྱི་ལས་སྣེ་མི་འདྲ་བ་གང་མང་ཞིག་ཏུ་ཡོད་པའི་མི་ཚང་མ་ལ་གོང་སྨྲས་ཀྱི་སྤྱོད་ཡོན་གྱི་མཚན་ཆ་ཡོངས་རྫོགས་ཚང་སྲིད་པ་ནི་དཀའ་ཙམ་ཡིན་ཚོད་འདུག་ཅིང་།མི་སྒེར་རེ་རེའི་རྒྱུད་དུ་གནས་པའི་སྤྱོད་ཡོན་གྱིས་ཕྱི་རོལ་ཁོར་ཡུག་ལ་ཕན་བདེ་སྐྲུན་ཐུབ་པ་ཞིག་ཡིན་ཚུལ་ཡང་ལབ་ཡོད།དེ་བས་ཕྱི་རོལ་ཁོར་ཡུག་གི་ཕན་བདེ་དེའི་ནུས་པས་ང་ཚོ་ལའང་ཕན་བདེ་མང་པོ་ཡོད་པའང་ཤེས་སླ་སྟེ།དགེ་རྒན་གྱིས་སློབ་མ་ལ་སློབ་ཁྲིད་བྱེད་པའི་ཕན་འབྲས་སུ་རང་གི་འཚོ་བའི་ཡོང་འབབ་ཞིག་རྙེད་ཡོད་པར་མ་ཟད་བརྗེད་ངེས་སུ་འགྲོ་བཞིན་པའི་ཤེས་བྱ་གང་མང་ཞིག་ལ་ཕྱིར་རྟོགས་བྱེད་ཐུབ་པ་བྱུང་ཞིང་སེམས་ཁ་མི་སྐྱིད་པའི་སྐབས་སུ་སློབ་མ་དག་ལ་སྐད་གསེང་མཐོན་པོས་སློབ་ཁྲིད་བྱས་པས་སྡུག་བསྔལ་བའི་སྣང་བ་ཐམས་ཅད་རང་ཡལ་དུ་འགྲོ་བའི་དོན་དངོས་ཀྱང་ཡོད་ཚུལ་གོ་ཐོས་བྱུང་།རྩོམ་པ་པོས་རང་གི་རྣམ་དཔྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གནས་ཚུལ་ཚུར་སྣང་བྱ་ནུས་པའི་བྲིས་རྩོམ་དག་བྲིས་པའི་ཕན་འབྲས་སུ་རང་གི་མཚན་སྙན་གྲགས་གོང་འཕེལ་བཟོ་བ་དང་ཆབས་ཅིག་ཚོར་བའི་སྤུ་གྲི་ལ་རྣོ་འཇོག་པ་དང་།བསམ་བློའི་རྒྱགས་ཕྱེ་ཚགས་སུ་ཆུད་པ་ཞིག་གྲ་སྒྲིག་བྱ་ནུས་པ་སོགས་ཕན་པ་རྒྱ་ཆེར་ལྡན་པ་ཞིག་གོ།གསར་གཏོད་པས་སྔོན་མེད་ཀྱི་གསར་གཏོད་ཞིག་བྱ་ཐུབ་པའི་ཕན་འབྲས་ནི་དཔལ་འབྱོར་གྱི་ཡོང་འབབ་དང་མཚན་སྙན་གྲགས་ཙམ་ཞིག་གི་མི་ཚད་པར་ལོ་ངོ་གང་མང་ལ་ཞིབ་འཇུག་དང་ལག་ལེན།རྟོག་འཕྲོ་དང་ཕྱོགས་བསྡོམ་སོགས་དཀའ་ལས་གང་མང་ཞིག་བརྒྱབ་པའི་བསྐྱར་ཟློས་མང་བའི་འཚོ་བ་ནི་དོན་སྙིང་ཅན་གྱི་འཚོ་བ་ཞིག་ཡིན་པ་ར་སྤྲོད་ཐུབ་པ་བྱུང་ཞིང་།རང་གི་རྨི་ལམ་མངོན་དུ་བསྟར་བ་དང་འཚོ་བའི་གྲུབ་ཆ་སྣ་འཛོམས་སུ་ཕྱིན་པ་སོགས་དགའ་སྤྲོ་མནན་ཀྱང་མི་ནོན་པ་མང་པོ་ཞིག་འབྱུང་བ་ནི་དེ་ལ་དབང་འོས་པའི་ཕན་བདེ་རེད།འདི་དང་འདི་ལ་སོགས་པའི་དཔེ་ནི་བགྲང་བ་ལ་གྲངས་མི་ལོན་མོད།རྩ་བའི་དོན་ནི་མི་སྒེར་རེ་རེའི་སྤྱོད་ཡོན་གྱིས་ཕྱིར་རོལ་ཁོར་ཡུག་ལ་ཕན་བདེ་བསྐྲུན་པའི་རྐྱེན་དེས་མི་སྒེར་རང་ལ་ཕན་བདེ་མང་པོ་ཞིག་སྩོལ་གྱིན་པ་ནི་ལག་པས་ཟིན་རྒྱུ་ཞིག་དང་ཚོར་བས་རེག་བྱར་གྱུར་བ་ཞིག་ཡིན་པ་ཤེས་སུ་འཇུག་རྒྱུའོ།།
མི་ཤེས་བྱ་ཡོན་ཏན་ཅི་འདྲའི་མང་པོ་ཅན་ཞིག་ཡིན་ནའང་དེའི་ལུས་སེམས་ཀྱི་སྤྱོད་པ་ལེགས་པོ་མིན་ན་ནི་ཕྱི་རོལ་ཁོར་ཡུག་ལ་ཕན་པ་མེད་ཅིང་།དེས་རྐྱེན་བྱས་ཏེ་ཕྱི་རོལ་ཁོར་ཡུག་གིས་རང་ཉིད་ལ་སྟེར་སྲིད་པའི་ཕན་ཡོན་དག་ཀྱང་མེད་པར་འགྱུར་བ་དང་ཡང་ན་ཤིན་ཏུ་ཉུང་ངུ་ཞིག་ལས་མི་རེག་གོ།རྩ་བ་དུག་ཏུ་གནས་པ་ཡི།།མེ་ཏོག་མཛེས་ཀྱང་སུ་ལ་མཁོ།།ཞེས་པ་ལྟ་་བུ་རེད།དེང་སང་ཀླད་ཤུགས་ངལ་རྩོལ་བའམ་དེའི་ནུས་པ་ཡོད་པའི་མི་ཤེས་ཡོན་ཅན་མང་པོས་སྤྱི་བའི་ཁེ་ཕན་ལ་གནོད་སྐྱོན་ཆེ་བའི་བྱ་ངན་མང་དུ་སྦྱོར་བཞིན་མཆིས།དཔེར་ན་དྲ་བའི་ལམ་ནས་དངུལ་ཁང་བཅོམ་མཁན་དང་དྲ་སྟེང་ནད་དུག་བཟོ་མཁན་སོགས་ཀྱིས་རྒྱལ་ཁབ་དང་མི་སྒེར་སུ་ཞིག་ལ་མཚོན་ནའང་གྱོང་གུད་ཚབས་ཆེན་བཟོ་བཞིན་ཡོད་པ་ལྟ་བུ་དང་།ཚན་རིག་པ་ལ་ཤས་ཀྱིས་རྒྱལ་ཁབ་དང་འབྲེལ་ཡོད་ལས་ཁུངས་གང་གིས་ཀྱང་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་སྐྱེ་དངོས་མཚོན་ཆ་དང་རྡུལ་ཕྲན་མཚོན་ཆ་སོགས་འགྲོ་བ་མིའི་འཆམ་མཐུན་དང་ཞི་བདེའི་འཚོ་བ་ལ་གཏོར་བརླག་བཟོ་བའི་བྱ་ངན་སྦྱོར་བ་སོགས་ཡོད་འདུག མི་དེ་དག་ལ་ངོ་མ་ཤེས་ཡོན་ཚད་ངེས་ཅན་ཞིག་གི་རྨང་གཞི་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་བདེན་པ་རེད་མོད།འོན་ཀྱང་ཁོ་ཚོས་རང་ཉིད་སྤྱི་ཡི་ཚོགས་པ་ཞིག་ཏུ་འཚོ་བ་རོལ་གྱིན་པར་བསམ་བློ་མི་གཏོང་བར་མི་སྒེར་རྐྱང་རྐྱང་ཞིག་གམ་རང་དང་འབྲེལ་བ་ཡོད་པའི་ཚོགས་པ་ཆུང་ཆུང་ཞིག་གི་ཁེ་ཕན་གྱི་ཆེད་དུ་མིའི་རིགས་ཧྲིལ་བོ་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་ཚད་ཀྱི་ཚེ་སྲོག་ལ་བཙན་འཛུལ་ཚབས་ཆེན་བཟོ་ཡི་ཡོད་པས།ཁོ་ཚོས་རང་གི་དུས་ཚོད་དང་ལང་ཚོ་གང་མང་ཞིག་བློས་བཏང་སྟེ་སྦྱང་བའི་ཤེས་ཡོན་དེ་དག་ཀྱང་མ་སྦྱང་བ་དང་ཁྱད་པར་མེད་པ་ལྟ་བུ་ཞིག་བྱུང་ཡོད།མི་དེ་རིགས་ཀྱི་དམིགས་ས་ནི་དཔལ་འབྱོར་གྱི་ཡོང་འབབ་དང་དང་དཔལ་འབྱོར་ཡོང་འབབ་མ་ཡིན་པའི་བསམ་པའི་དགོས་མཁོ་ཞིག་སྐོང་བ་ལས་མ་འདས་པར་འདོད།དངུལ་ཁང་འཕྲོག་བཅོམ་གཏོང་མཁན་ལྟ་བུ་ནི་དཔལ་འབྱོར་ཡོང་འབབ་ལ་དམིགས་མཁན་དང་ཚན་རིག་ཚོད་ལྟ་བྱེད་མཁན་གྱི་ནང་དུ་དཔལ་འབྱོར་ཡོང་འབབ་ཁོ་ན་ལ་མི་དམིགས་པའི་བསམ་པའི་དགོས་མཁོ་སྐོང་མཁན་ཡང་མང་ཙམ་ཡོད་པ་སྟེ།ཕྱི་རྒྱལ་གྱི་ཚན་རིག་པ་ལ་ལའི་ནང་དུ་རང་གི་ཚོད་ལྟའམ་རྨི་ལམ་ལེགས་འགྲུབ་ཡོང་ཆེད་མི་མང་གི་ཁེ་ཕན་ལ་གནོད་པ་བཟོ་བའང་མང་ཙམ་ཡོད་རབས་ཐོས།གང་ལྟར་དམིགས་འབེན་གང་འདྲ་བ་ཞིག་བཟུང་ནས་སྤྱི་བའི་ཁེ་ཕན་ལ་གནོད་པའི་བྱ་བ་ཞིག་བསྒྲུབ་པ་ཡིན་ནའང་ཆེས་མཐའ་མར་མི་དེ་ལ་ཕན་དང་བདེ་བ་ཆེན་པོ་ཡོད་མི་སྲིད་ལ།བརྒྱ་ལ་གནས་སྐབས་ཀྱི་ཕན་པ་ཅུང་ཙམ་རེ་ཡོད་པ་དེའང་སྐད་ཅིག་མའི་སྒྱུ་མའི་ཆོ་འཕྲུལ་ལྟ་བུ་ཞིག་ལས་མི་ཡོང་།ངོ་མར་བཤད་ན་བྱ་བ་བཟང་ངན་གང་ལ་མཚོན་ནའང་དེ་ལས་འབྲས་བུ་ཅུང་རེ་ལོན་པར་འདུག་མོད།འོན་ཀྱང་ང་ཚོས་རྒྱུན་དུ་ཡུན་རིང་ཞིང་གཏན་འཇགས་རང་བཞིན་ལྡན་པའི་འབྲས་བུ་དག་ནི་འབྲས་བུ་ལེགས་པོ་དང་དོན་སྙིང་ཅན་དུ་ངོས་འཛིན་གནང་བར་འདུག དེ་བས་གོང་གི་མི་དེ་དག་ལ་ཐོབ་སྲིད་པའི་འབྲས་བུ་ནི་དག་དག་ང་ཚོས་མི་འདོད་་པའམ་ལེགས་པོར་མི་བརྩི་བའི་བདེ་བ་ཁོ་ན་ལས་མི་གདའ་བའོ།།དེ་བས་ང་ཚོ་ལ་རང་གི་སྤྱོད་ཡོན་གྱིས་ཕན་བདེ་སྐྲུན་ཐུབ་ཟེར་བ་ལའང་ཐོག་མའི་རྨང་གཞི་ཞིག་སྔོན་དུ་མི་འཇོག་ཀ་མེད་དུ་གྱུར་ཟིན་པ་སྟེ།དེ་ནི་རང་གི་སྤྱོད་ཡོན་དེ་ཉིད་སྤྱོད་འོས་ས་ཞིག་ལ་སྤྱོད་ཐུབ་པ་དེ་རེད།
ངས་འཇོན་མི་འཇོན་གྱིས་སྤྱོད་ཡོན་ལེགས་པོ་འཛོམས་པའི་ཕན་འབྲས་སྐོར་གྱི་འདོད་ཚུལ་རགས་ཙམ་པ་ཞིག་ནི་འདི་ག་ནས་གླེང་ཚར་ཟིན་པ་ཡིན།སྐབས་འདིར་ད་དུང་གསལ་བཤད་ཀྱི་ཚུལ་གྱིས་སྐད་ཆ་ཉུང་ངུ་ཞིག་བཤད་དགོས་བྱུང་སོང་།ང་ཚོས་རང་གི་སྤྱོད་ཡོན་སྤྱད་ནས་ཕྱི་རོལ་དང་རང་ཉིད་ལ་ཕན་པ་བསྒྲུབ་ཏེ་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་པའི་གོ་རིམ་དུ་གང་ལ་གང་འཚམ་དེ་ལ་དེ་བསྟུན་བྱེད་ཤེས་རྒྱུ་ནི་གལ་ཆེན་པོར་འདུག མི་མང་པོ་ཞིག་གིས་དང་ཐོག་སྙིང་རུས་ཆེན་པོས་གཞན་ཕན་གྱི་བྱ་བ་མང་པོ་སྒྲུབ་པ་དང་།སྒྲུབ་པའི་ཞོར་དུ་རང་ཉིད་ཀྱི་བྱ་བ་འདི་སྒྲུབ་པའི་དམིགས་ཡུལ་ཡང་གཞན་ཕན་རྐྱང་རྐྱང་གི་དོན་ཡིན་སྙམ་གྱི་ཡོད་ཚོད་རེད།ཡིན་ནའང་རྒྱུན་ལྡན་གྱི་མི་ཞིག་ཡིན་ཕྱིན་འཇིག་རྟེན་ཆོས་བརྒྱད་ཀྱི་རྙེད་དགའ་གྲགས་འདོད་ཀྱི་གོམས་གཤིས་རང་ཡན་དུ་གཏོང་ཐུབ་མི་སྲིད་པས་བསམ་བློ་དེ་འདྲ་ནི་སེམས་སུ་ཤར་བ་ཙམ་ལས་ལག་ལེན་དུ་ཕབ་ཐུབ་རྒྱུ་དཀའ་མོ་ཡིན།དེར་མ་ཟད་ཉེས་ཆེ་ན་ངན་འབྲས་ཡང་མང་པོ་འབྱུང་བར་འགྱུར་བའི་སེམས་ཚེགས་ཀྱང་ཤིན་ཏུ་ཆེ།རྒྱུ་མཚན།མི་དེ་ཚོས་ཐོག་མའི་ཀུན་སློང་ལེགས་པོ་བཅིང་ནས་དྲིན་ལན་མི་འདོད་པའི་བྱ་བ་བྱས་པ་རེད་མོད།ཡིན་ནའང་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ནང་བཞིན་མི་དེ་ཚོས་ཕན་འདོགས་སའི་མི་དག་གིས་གཞན་གྱིས་རང་ལ་ཕན་པ་བསྒྲུབས་པ་ཤེས་རྟོགས་མ་བྱུང་པས་མི་ཚད་ད་དུང་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་གང་རུང་གི་འོག་ཏུ་རང་ལ་ཕན་སྒྲུབ་མཁན་ཚོར་ཕོག་ཐུག་དང་གནོད་སྐྱོན་བཟོ་བ་རེད།གལ་སྲིད་དེ་འདྲའི་བྱ་བ་ཞིག་དངོས་སུ་མི་ཞིག་གི་སྟེང་དུ་བྱུང་བ་ཡིན་ན་ཕ་མ་བུ་ཕྲུག་ལྟ་བུའི་འབྲེལ་བ་ཟབ་མོ་ཞིག་ཡིན་ན་བཟོད་སྒོམ་བྱེད་ནུས་པར་ངེས་མོད།དེ་འདྲ་ཞིག་མ་ཡིན་པར་སྤྱིར་བཏང་གི་མིའི་འབྲེལ་བ་ཞིག་ཡིན་ན་གནས་ཚུལ་དེ་འདྲའི་འོག་ཏུ་ཁོང་ཁྲོ་དང་འཚིག་པ་མི་ཟ་བ་ཕལ་ཆེར་དཔེ་མི་སྲིད།རྐྱེན་དེའི་དབང་གིས་མི་དེའི་ཐོག་མའི་ཀུན་སློང་ལ་རྦད་དེ་གཡོ་འགུལ་ཐེབས་ཤིང་རིམ་གྱིས་སྤྱི་ཚོགས་ལ་ཞེན་པ་ལོག་ཅིང་རྒྱུ་འབྲས་ལ་ཡི་ཆད་སྐྱེ།ངོ་མ་དེ་ལྟ་བུ་ཞིག་བྱུང་ན་མི་དེ་རིགས་ཀྱིས་ཐ་མར་རང་གིས་ཕན་འདོགས་སའི་མི་དེའི་ཐོག་ནས་དྲིན་ལན་ཞིག་རེག་ཅི་ཐུབ་གང་ཐུབ་བྱེད་ངེས་ལ།གལ་སྲིད་གང་ཡང་མ་རེག་ན་མི་དེའི་ཐོག་ལ་སེམས་ནད་འཛིན་པའང་མི་བྱེད་པའི་ངེས་པ་ཅི་ཡང་མེད།དེ་ལྟར་མ་གཞིར་ལྷག་བསམ་རྣམ་པར་དག་པོས་མི་གཞན་ལ་ཕན་པ་བཟོ་བའི་རླབས་ཆེན་གྱི་བྱ་བ་དེའང་ཐ་མར་མི་ལ་བཤད་ན་ངོ་གནོང་དགོས་པ་ལྟ་བུའི་སྡུག་བསྔལ་སྐྱེད་བྱེད་ཀྱི་དུག་སྨན་ལྟ་བུ་ཞིག་ཏུ་འགྱུར་གྱིན་ཡོད་པ་ནི་ཇི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་།འོན་ཀྱང་གནས་ལུགས་ལ་ཡིད་ཆེས་བཙུགས་ཤིང་བདེན་པ་ལ་གློ་མཆིན་སྦྱར་ཏེ་དོན་དེ་རིགས་ཀྱི་འབྱུང་རྩ་ལ་བསམ་གཞིག་ཅིག་བཏང་ན།དེའི་ཐོག་མའི་གནད་དོན་དེའང་གཞན་ལ་ཕན་པ་སྒྲུབ་འདོད་ཡོད་པའི་མི་དེ་རིགས་ཀྱི་སྟེང་དུ་མི་འཇོག་ཐུ་མེད་བྱུང་ཡོད།ཅིའི་ཕྱིར་རེད་ཟེར་ན།གཅིག་ནས་མི་དེ་རིགས་ཀྱིས་རང་གི་ནང་སེམས་ལ་རྒྱུས་ལོན་བྱེད་ཐུབ་མེད་པ་དང་།གཉིས་ནས་མི་གཞན་གྱི་ནང་སེམས་ལ་རྒྱུས་ལོན་མེད་པས་རེད།རང་གི་ནང་སེམས་ལ་རྒྱུས་ལོན་མེད་གི་ཟེར་དོན་ནི་མི་དེ་རིགས་ཀྱིས་རང་གི་ནང་སེམས་སུ་མ་གཞི་ནས་དྲིན་ལན་ཐོབ་འདོད་ཀྱི་ཀུན་གཤིས་ཤིག་གནས་ཡོད་པ་ཤེས་ཚོར་མ་བྱུང་བར་རང་ཉིད་ནི་སེམས་ཅན་ཡོངས་ལ་དམིགས་མེད་དུ་བརྩེ་བར་ནུས་པའི་སངས་རྒྱས་ཀྱི་གོ་འཕངས་རྙེད་ཡོད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་ཡོད་པའི་དོན་དང་།གཞན་གྱི་ནང་སེམས་ལ་རྒྱུས་ལོན་མེད་གི་ཟེར་བ་ནི་མི་དེ་རིགས་ཀྱིས་གཞན་ལ་དོན་དངོས་སུ་ཁྱོད་ཀྱི་རོགས་སྐྱོར་དེ་དང་ལེན་བྱེད་འདོད་ཡོད་མེད་དང་རོགས་སྐྱོར་དེ་འདྲ་བྱས་ཀྱང་གཞན་གྱིས་ཡི་རངས་བྱེད་འདོད་དམ་དྲིན་ལན་འཇལ་འདོད་ཡོད་མེད་སོགས་ལ་མི་སེམས་པར་བསམ་བཞིན་མ་ཡིན་ཀྱང་བཙན་ཚུགས་ཀྱི་རང་བཞིན་ཞིག་ཕྱིར་མངོན་ཡོང་བ་དང་།སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཆེན་པོ་མེད་པ་རེད་ཅེས་པའི་དོན་ཡིན།འོན་ཀྱང་དྲིན་རེག་མཁན་གྱི་སྐོར་ལའང་གནད་དོན་ཆེན་པོ་ཡོད་པ་བཤད་མ་དགོས་པ་རེད།དྲིན་ཅན་ལ་དྲིན་ལོག་དང་གཡང་ཟོག་ལ་རྡོ་ཁ་སྤྲོད་པ་ནི་གནའ་ནས་ད་བར་དུ་མི་མང་གི་མིག་གི་ཚེར་མ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ང་ཚོས་སྐྱོན་ཆ་ཡོད་ཚད་དྲིན་འཇོག་མཁན་གྱི་མགོ་ལ་གཡུག་ན།བཟང་བོར་བཟང་ལན་མེད་ན་བཟང་བོ་ཁོ་ཆད།ངན་པར་ངན་ལན་མེད་ན་ངན་ལང་ཤོར་ཟེར་བའི་དཔེའི་རྗེས་སུ་ཆགས་ཏེ།སྤྱི་ཚོགས་འདི་ནི་རུལ་སུངས་དང་སྐྱུག་དྲི་བྲོ་བ།རྒྱུ་འབྲས་སྣོག་པ།འཁྲུག་རྩོད་ཆེ་བ་ཞིག་ཏུ་གྲུབ་འགྲོ་བས་གཏན་ནས་རུང་བ་མ་ཡིན།དེ་བས་འདི་ནས་ཀྱང་གལ་བོ་ཆེ་ལ་ནན་ཏན་གྱིས་སྐད་ཆ་ལུང་བ་གང་ལབ་དོན་ཡང་ང་ཚོའི་ཉེ་འཁོར་གྱི་ཕན་སེམས་ལྡན་པའི་མི་དག་ལ་དྲིན་གཟོ་བའི་ཚུལ་གྱིས་ཁྱོད་ཚོ་ལ་གཞན་ཕན་གྱི་སེམས་སམ་སྤྱོད་ཡོན་ཡག་པོ་ཞིག་ཡོད་པ་ལ་རྗེས་སུ་ཡི་རེངས་བྱ་འོས་པའི་གནས་སུ་ངེས་པས་དད་པ་སྐྱེ་ཞིང་།ཁྱོད་ཚོ་ལྟ་བུའི་མི་ནི་ང་ཚོའི་སྤྱི་ཚོགས་འདི་ལ་ཤིན་ཏུ་དགོས་མཁོ་ཆེ་བས་རང་གི་བྱ་བ་བྱེད་ཤེས་དང་ཚོད་འཛིན་བྱ་ཤེས་བྱས་ཏེ་ང་ཚོའི་གམ་ལ་ཐོན་པའི་ཁྱེད་ཚོ་ལ་སྔར་བཞིན་གདོད་མ་ནས་ཡོད་པའི་ལྷག་བསམ་གཙང་མ་དེ་ཡོད་ན་ཇི་མ་རུང་ཟེར་བ་ཡིན་པའོ།།
ད་ནི་རང་གིས《སློབ་མའི་བསླབ་བྱ》ཞིས་པའི་མི་ཆོས་ཀུན་སྤྱོད་ཀྱིས་ཡོངས་སུ་གཏམས་པའི་དཔེ་ཆ་དེ་ཉིད་ལ་མཇལ་བའི་རྗེས་སུ་སེམས་ངོགས་སུ་ལྗིད་ཏིག་གེར་འབབ་རྒྱུ་ཞིག་ཡོད་པ་དག་མདོར་བསྡུས་ཀྱི་ཚུལ་གྱིས་སྤྱོད་ཡོན་ལ་སྦྱར་ཏེ་བཤད་ཁུལ་ཙམ་བྱས་ཡོད་མོད།དེ་་ཡང་མཁས་གྲུབ་སྨྲ་བའི་ཉི་མས་ཀྱང་“སྡེབ་ལེགས་ཚིག་གི་སྦྱོར་བ་མི་ཤེས་ཤིང་།།རིགས་པས་གྲུབ་པའི་དོན་གྱིས་སྟོང་ན་ཡང་།།རྒྱལ་པོས་ཆད་པའི་བཀའ་ཁྲིམས་ཕབ་པ་བཞིན།། ”ཞེས་ཤིན་ཏུ་ཁེངས་པ་སྐྱོང་བ་ལ་སོང་ཕྱིན་ང་ལྟ་བུའི་སྐྱེས་སྦྱངས་ཡོན་ཏན་གྱི་ཡན་ལག་ཡི་དྭགས་ཀྱི་སྐེ་ལྟར་ཕྲ་ཞིང་སྟོང་བ་ཞིག་གིས་ལོ་ཡི་ཁོར་མོ་སྟོང་ཕྲག་གཉིས་ལྷག་ལ་ཉམས་མེད་པའི་མཁས་གྲུབ་ཚོའི་བཞེད་དགོངས་དག་སྤྱོད་ཡོན་གྱི་ནང་དུ་ཕྱོགས་བསྡུས་ཀྱི་ཚུལ་གྱིས་བཤད་ཡོད་ཟེར་ན་རང་ཁྲེལ་གཞན་དག་གད་མོ་འཆོར་བ་ཞིག་ཡིན་པར་སྣང་མོད།འོན་ཀྱང་ངས་དེབ་འདི་ལ་བལྟས་རྗེས་ཀྱི་མྱོང་ཚོར་རགས་ཙམ་པ་ཞིག་བྲིས་པ་ལས་མཁས་གྲུབ་དེ་ཚོའི་ལྟ་གྲུབ་མཐའ་དག་སྤྱོད་འདུས་ཡོད་ཟེར་བ་ནི་ག་ལ་ཡིན།ལར་《སློབ་མའི་བསླབ་བྱ》འི་ནང་གི་ལེགས་པར་བཤད་པའི་ཚིག་དོན་སྡེབ་འགྲིག་གི་ཤེས་བྱའི་སྐྱེམས་ཆང་དེས་ནི་བདག་གི་དད་འདུན་གྱི་བློ་སེམས་རྨང་ནས་བཟི་བར་བྱས་ཏེ་ཐོལ་བྱུང་གི་ཚོར་ཤེས་ཕྲ་མོ་མགྲིན་པའི་སྒོ་ཆེན་ལས་ཤོར་བ་ཡིན་ཟེར་ན་ཚད་དུ་རན་པར་འདུག་པས་དེ་ལྟར་སྨྲའོ།།
སྨྲས་པ། འཁྲུལ་སྣང་སྨུག་པའི་གྲོང་གི་རླུང་བུའི་འདུར་ལ་ང་དང་ཁྱོད།།
མི་ཆོས་གནད་དུ་དེང་བའི་དཔྱོད་ལྡན་མཁས་པའི་རིག་པའི་ཆང་།།
དོག་ཙམ་ཁ་ལ་རེག་པས་ཚིམས་པའི་མིག་ཟུང་མ་ཀུམ་པར།།
ད་དུང་བརྩོན་པའི་ཁ་ལྕེ་ལེགས་བཤད་ཟས་ལ་གཏད་རྒྱུ་གལ།།
-
《སློབ་མའི་བསླབ་བྱ》བཀླགས་རྗེས་ཀྱི་མྱོང་ཚོར། རུ་ཤུལ་...