ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྦྱངས་རྩོམ་ཆེད་བསྒྲིགས།
རྩོམ་པ་པོ།:དཀར་མོ་སྐྱིད་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-02
ཀློག་གྲངས།:
ཨ་མའི་བྱམས་བརྩེ།
བདུན་ལྔ་འཛིན་གྲྭ། དཀར་མོ་སྐྱིད།
ང་ནི་འབའ་འབའ་ལུ་གུ་དང་ཆབས་ཅིག་ཏུ་ནར་སོན་པའི་བྱིས་པ་ཆུང་ཆུང་ཞིག་ཡིན་ལ། བདག་གི་དྲན་པའི་མེ་ལོང་ངོས་སུ་ནམ་ཡང་བརྗེད་ཐབས་བྲལ་བ་ནི་ཨ་མའི་བདག་ལ་བཅངས་པའི་བརྩེ་སེམས་དེ་ཡིན། ངའི་ཨ་མ་ད་ལོ་ལོ་སོ་གཉིས་ཙམ་ལ་སོན་འདུག་ཅིང་། ཁོ་མོའི་གཟུགས་དེ་འདྲ་རིང་རྒྱུ་མེད་ལ་ཐུང་རྒྱུ་ཡང་མེད་པས་ཚད་དང་རན། ངོ་གདོང་སེར་ལ་ལྷོད་ཤ་ཆགས་པ་དང་། འཇའ་ཚོན་ལྟར་གུག་པའི་སྨིན་མའི་འོག་ཏུ་བྱམས་བརྩེ་ལྡན་པའི་མིག་གཉིས་ཁྲ་རིག་རིག་བྱེད་ཀྱིན་འདུག
ཉི་མ་ནུར་རིར་ཡིབས་ནས་ས་རུབ་ལ་ཉེ་དུས། ཁོར་ར་ཁོར་ཡུག་ཀུན་དལ་འཇགས་སེར་གནས་འདུག་ལ། སྡོང་བོའི་ཡལ་ག་རྣམས་ཕར་གཡུགས་ཚུར་གཡུགས་བྱེད་ཀྱིན་ཡོད། ང་རང་མལ་ཁྲིའི་སྟེང་དུ་བུད་དེ«ཨ་མའི་བྱམས་བརྩེ»ཞེས་པའི་རྩོམ་ཡིག་ཅིག་ལ་བལྟས་ནས་བསྡད། གློ་བུར་དུ་ངའི་སེམས་ངོགས་སུ་ཨ་མའི་ངོ་གདོང་དེ་ཤར་བ་དང་། ང་རང་དབང་མེད་པར་མལ་ལས་ལངས་ཏེ་ཨ་མ་ཉལ་སའི་མལ་ཁང་དུ་སོང་བ་ན། ཨ་མས་གློག་སྒྲོན་འོག་ཏུ་མགོ་བོ་མར་སྒུར་ནས་ང་ལ་བལ་སྐུད་ཀྱིས་ཞྭ་མོ་སླེ་བཞིན་འདུག གློག་སྒྲོན་འོག་ཏུ་ཨ་མའི་ངོ་གདོང་དེ་ཧ་ཅང་སེར་ལ། ལྷོད་ཤ་ཆགས་པ་ཞིག་རེད། གནས་ཚུལ་དེ་མཐོང་རྗེས་ངའི་མིག་ཆུ་རང་དབང་མེད་པར་འགྲམ་པ་བརྒྱུད་ནས་སར་ལྷུང་སོང་། ཨ་མས་ང་རང་མཐོང་ནས“ཁྱོད་ད་དུང་མ་གཉིད་དམ། དོ་ནུབ་གཉིད་ཆག་ན། སང་ཉིན་ཅི་ལྟར་སློབ་སྦྱོང་བྱེད། མྱུར་དུ་སོང་ནས་གཉིད་དང་།”ཞེས་བཤད། ངས་ཕྱིར་ཨ་མར“ཁྱེད་ཀྱིས་ཀྱང་སྔ་མོར་ངལ་གསོས་དང་། ཁྱེད་ཀྱི་ལུས་ཕུང་མི་བདེ་བས་གཉིད་ཆག་ན་མི་བཟང་།”ཞེས་བཤད་རྗེས་ཕྱིར་མི་ལྡོག་ཀ་མེད་བྱུང་།
ཕྱི་ཉིན་སྔ་མོར་ཡར་ལངས་དུས། ངའི་སྔས་མགོ་ན་བལ་སྐུད་ཀྱིས་བསླེས་པའི་ཞྭ་མོ་ཞིག་བཞག་ཡོད། མ་གཞི་ཨ་མས་ཞག་གང་བོར་ངལ་མ་གསོས་པར་བཟོས་ནས་གྲུབ་པ་མ་ཡིན་ནམ་སྙམ་ནས་ངའི་མིག་ཆུ་སླར་ཡང་འགྲམ་པ་བརྒྱུད་ནས་མར་ལྷུང་སོང་། ཕྱི་དྲོར་ང་རང་སློབ་གྲྭར་འགྲོ་སྐབས། ཨ་མས་ང་ལ་སྒོར་མོ་འགའ་བྱིན་ནས། “སློབ་གྲྭའི་ནང་དུ་སོང་ན་དགོས་མཁོ་ཡོད།”ཅེས་ཟེར་བ་ན། ངས་བཟོད་བསྲན་བྱེད་མ་ཐུབ་པར“ཨ་མ”ཞེས་ངུ་སྐད་ཅིག་དང་མཉམ་དུ་ཨ་མར་འཐམས་པ་ཡིན། དེ་ནས་ང་རང་ཨ་མ་དང་ཁ་བྲལ་ནས་རིག་མི་རིག་ཙམ་ལ་སོང་ནས་ཕྱིར་བལྟས་ཚེ། ཨ་མས་སྔར་གྱི་ཁ་བྲལ་སའི་གནས་དེ་ན་ང་ལ་ལག་གཡུག་བྱེད་པ་མཐོང་བས་མིག་ཆུས་ངའི་མཐོང་ལམ་དལ་གྱིས་བསྒྲིབས་སོང་།
ཨ་མའི་བྱམས་བརྩེ་ནི་ངའི་ལུས་དང་གྲིབ་མ་བཞིན་དུ་ནམ་ཡང་འབྲལ་མེད་དུ་གནས་པའི་རྩ་ཆེའི་དངོས་པོ་ཞིག་རེད་ཅེས་བརྗོད་ཆོག་པར་སྙམ་མོ། །
རྩོམ་པ་པོ་ཆུང་ཆུང་དཀར་མོ་སྐྱིད།
ང་ཡི་དགེ་རྒན།
བདུན་བཅུ་གཅིག་འཛིན་གྲྭ། བཀྲ་ཤིས་ལྷ་མོ།
དུས་ཚོད་ཀྱི་འཁོར་ལོ་ནི་ཆུ་རྒྱུན་བཞིན་བར་མེད་མདུན་དུ་རྒྱུགས་པ་ལས། ཕྱིར་ལྡོག་པའི་སྐལ་བ་ནམ་ཡང་ཡོང་མི་སྲིད་པས། ང་རང་ཡང་མིག་རྡེབ་དབང་ཙམ་གྱི་ཡུན་ལ་ལོ་རིམ་བདུན་པའི་སློབ་མ་ཞིག་ཏུ་གྱུར།བདག་ད་ལྟའི་བར་དུ་དགེ་རྒན་མང་པོ་ཞིག་ལ་འཕྲད་མྱོང་མོད། ང་རང་ཆེས་དགའ་ཞིང་བག་ཆགས་ཟབ་པ་ནི། གཤིས་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པའི་ང་ཚོའི་སྐད་ཡིག་དགེ་རྒན་ཡིན། བདག་གི་སྐད་ཡིག་དགེ་རྒན་གྱི་མིང་ལ་འཇམ་མགོན་སྐྱབས་ཟེར་ཞིང་། ད་ལྟ་ཁོང་ལོ་སུམ་ཅུ་ཡས་མས་ཙམ་ཡིན་ལ། གཟུགས་སྟོབས་ཆེ་ལ་ཤ་རིད་པ། གདོང་ནི་ཅུང་དམར་མདངས་ལྡན་ལ། ཁྲ་ཆུང་མིག་གཉིས་ཆུང་ཞིང་དཀྱུས་རིང་བ། སོ་ནི་དུང་ལྟར་དཀར་བ་ཞིག་ཡིན། ཁོང་ནི་ལྭ་བ་ནག་པོ་དང་སྔོན་པོ་གོན་རྒྱུར་ཧ་ཅང་དགའ། གདུག་རྩུབ་ཧ་ཅང་ཆེ་བའི་ལོ་ཟླ་ཡིས་ཁོའི་གདོང་ལ་རྒས་གཉེར་གྱི་རི་མོ་ཕབ་ཅིང་གནག་ཅིང་འོད་འཁྱུག་པའི་སྐྲ་ལོ་དེའང་ལོ་ཟླ་ཡི་འཁོར་སྐྱོད་དང་བསྟུན་ནས་དཀར་པོར་འགྱུར་བཞིན་ཡོད། གསལ་ཞིང་རྣོ་བའི་རྣ་ཅོག་དེ་ཅོར་སེ་ཡོད་པས། སློབ་ཁྲིད་སྐབས་སུ་སློབ་མ་ཚོས་ཤབ་ཤུབ་ཀྱི་སྐད་ཆ་བཤད་པའང་འཆོར་དུ་མི་འཇུག དགེ་རྒན་ཁོང་གི་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཞིབ་ཚགས་དང་གཟབ་ནན་ཡིན་ལ།སློབ་ཁྲིད་སྐབས་སུ་ང་ཚོར་རེ་བ་ནན་མོ་བཏོན་ཏེ། རྣམ་གཡེང་གི་དབང་དུ་སོང་ན་སྐྱོན་བརྗོད་ནན་མོ་བྱེད་ལ་ཁ་ཏ་སློབ་གསོ་ཡང་མང་པོ་གཏོང་། སློབ་ཐུན་རེ་རེ་དང་ཚོགས་འདུའི་སྐབས་སུ་ཀུན་སྦྱོད་ཡག་པོ་དང་། སློབ་མ་རྣམས་སློབ་ལ་བརྩོན་པའི་སློབ་བུ་ཡ་རབས་ཤིག་བྱེད་དགོས་པའི་གསུང་བཤད་དག་ང་ཚོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་གསལ་ལྷང་ངེར་འདུག
ཁོང་གི་ཉིན་གཅིག་གི་དུས་ཚོད་ནི་ཇི་འདྲའི་བྲེལ་འཚུབ་ཆེ་རུང་རྒྱུན་དུ་སློབ་ཁང་དུ་ཕེབས་ཏེ་སློབ་སྦྱོང་དང་། སྒྲིག་ལམ། གཙང་སྦྲ་སོགས་ལ་ཞིབ་ཏུ་བལྟ་ཞིང་རེ་བ་ནན་མོ་འདོན་པ་དང་། དགེ་རྒན་གྱི་བྱམས་བརྩེའི་བདག་སྐྱོང་འོག་ང་ཚོའི་འཛིན་གྲྭས་སློབ་གྲྭའི་བྱ་འགུལ་རབ་དང་རིམ་པའི་ཁྲོད་བྱ་དགའི་རྟགས་མ་བཅུ་ཕྲག་ལྷག་བླངས་མྱོང་ལ། དགེ་རྒན་ལའང་སློབ་གྲྭའི་བྱ་དགའ་ཐེངས་མང་པོ་ཞིག་གནང་མྱོང་།
དགེ་རྒན་ལགས། ཁྱེད་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་བླ་མེད་ཀྱི་གཤིས་རྒྱུད་དེ་བདག་གིས་ནམ་ཡང་བརྗེད་ཐབས་མེད། བདག་གིས་ཀྱང་ཁྱེད་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་བརྩོན་འགྲུས་ཀྱི་རྟ་ཕོ་ལ་ཤེས་རབ་ཀྱི་ལྕག་གིས་བསྐུལ་ཏེ་རིག་པའི་ཐང་ཆེན་དུ་མྱུར་བར་བསྐྱོད་དེ། སྐུ་ཉིད་ཀྱི་མཚུངས་མེད་བཀའ་དྲིན་དེ་རིག་གནས་ཤེས་བྱས་འཇལ་ཁོ་ཐག་ཡིན། བཀའ་དྲིན་རི་རབ་ལས་དཔངས་མཐོ་བ་དང་བརྩེ་བ་རྒྱ་མཚོ་ལས་གཏིང་ཟབ་པའི་དགེ་རྒན་ཁྱོད་ལ་བཀའ་དྲིན་ཆེ་ཞུ།
རྩོམ་པ་པོ་ཆུང་ཆུང་བཀྲ་ཤིས་ལྷ་མོ།
ངའི་ཕུགས་བསམ།
བདུན་བཅུ་གཅིག་འཛིན་གྲྭ། ཕག་མོ་བདེ་སྐྱིད།
ང་ནི་བུ་མོ་ཇི་འདྲའི་བཟང་བོ་ཞིག་མིན་ནའང་། ལང་ཚོའི་གཉོམ་ལག་རྒྱས་པའི་བར་སྐབས་ཤིག་ཏུ་ཕུགས་བསམ་ཅན་གྱི་བུ་མོ་ཞིག་ཏུ་གྱུར་ཡོད་པས། ཕུགས་བསམ་མངོན་འགྱུར་གྱི་དམ་བཅའ་བརྟན་པོ་དེ་རྡོ་བརྐོས་རི་མོ་བཞིན་ནམ་ཡང་འགྱུར་མྱོང་མེད།
ང་རང་སློབ་གྲྭར་འགྲིམས་པ་ནས་བཟུང་སྟེ་དགེ་རྒན་ཞེས་པ་དེ་ནི་ཅི་འདྲ་ཞིག་ཡིན་པ་ཅུང་ཙམ་ཡང་མི་ཤེས། ངས་ཤེས་པ་ལྟར་ན་དགེ་རྒན་ནི་སློབ་ཁྲིད་བྱེད་མཁན་གྱི་མི་སྣ་ཞིག་དང་ང་ཚོ་ལ་སྡིགས་མོ་དང་གཅར་རྡུང་བྱེད་མཁན་ཞིག་ཡིན་པ་མ་གཏོགས་ཅི་ཡང་མི་ཤེས། འོན་ཀྱང་ང་རང་སློབ་ཆུང་ལོ་རིམ་ལྔ་བའི་དུས་སུ་དགེ་རྒན་ཞིག་བྱ་འདོད་པའི་བསམ་པ་ཞིག་དབང་མེད་དུ་སྐྱེས་ཡོང་།
ཉི་འོད་ཚ་ལམ་ལམ་བྱེད་པའི་ཕྱི་དྲོ་ཞིག་ལ། བསིལ་རླུང་ལྡང་ཞིང་མཁའ་དབུགས་ནང་དུ་མེ་ཏོག་གི་དྲི་ཞིམ་འཐུལ་འདུག ང་ཚོའི་འཛིན་གྲྭའི་སློབ་མ་དག་སློབ་ཁང་ནང་དུ་རྩེད་འཇོར་རོལ་བཞིན་འདུག ལ་ལས་ཁ་བརྡ་བྱེད་པ་དང་ལ་ལས་གླུ་དབྱངས་ལེན། ལ་ལ་རྩེད་མོ་རྩེ་ཞིང་ལ་ལས་བརྙན་འཕྲིན་ལ་ལྟ་བཞིན་འདུག དེའི་ཁྲོད་དུ་དཔེ་ཆ་ལ་ལྟ་མཁན་གཅིག་ཀྱང་མེད། གློ་བུར་དུ་མི་གཟུགས་རིང་སྟོབས་ཆེན་ཞིག་ཐོན་ནས་སློབ་མ་རྣམས་སྐད་ཅིག་མར་ཁ་རོག་གེར་འདུག དུས་དེ་ལ་སློབ་ཁང་ནང་དུ་ཁབ་གཅིག་སར་ལྷུང་བའི་སྒྲའང་ཐོས་ཐུབ་པ་འདྲ། མ་གཞི་ཁ་སང་ང་ཚོ་ལོ་རིམ་ལྔ་བར་དཀྱིལ་རྒྱུགས་བླངས་ཏེ་ངེད་འཛིན་གྲྭའི་སྐར་འབྲས་མ་ལེགས་པས་དགེ་རྒན་གྱི་གདོང་ན་འཛུམ་མདངས་ཅི་ཡང་མེད་པར་འཇིགས་སུ་རུང་བ་ཞིག་ཡིན། ང་ཚོ་ཚང་མས་མགོ་སྒུར་ནས་ཁོང་ལ་ལྟ་བའི་སྙིང་སྟོབས་ཡེ་ནས་མེད། འོན་ཀྱང་དགེ་རྒན་གྱིས་ཅི་ཡང་མི་བཤད་པར་ང་ཚོ་ལ་ཡར་ལྟ་མར་ལྟ་ཞིག་བྱས། ཅུང་ཙམ་འགོར་རྗེས་ཁོང་གིས་སྐད་གསང་མཐོན་པོའི་ངང་ནས“ཁྱོད་ཚོ་ལ་ཕུགས་བསམ་ཨེ་ཡོད”ཅེས་དྲིས། སློབ་མ་མང་ཤོས་ཀྱིས“མེད”ཅེས་ཟེར། ངས་ཀྱང་ཅི་ཞིག་བྱེད་དགོས་པ་མ་ཤེས་པར་ཕུགས་བསམ་མེད་པའི་བརྡ་ལན་སྤྲད་པ་ཡིན། ང་ཚོའི་དགེ་རྒན་དེ་ནི་དགེ་རྒན་རྒན་པ་ཞིག་ཡིན་ལ། ང་ཚོ་ལོ་རིམ་ལྔ་བའི་སྨད་ཆ་ཡིན་པའི་དུས་སུ་གསར་དུ་ཡོང་བའི་དགེ་རྒན་ཞིག་ཡིན། དགེ་རྒན་དེ་མ་ཡོང་གོང་ལའང་ང་ཚོ་སློབ་སྦྱོང་ལ་མི་བཟང་བས་འཛིན་གྲྭའི་སྐར་འབྲས་ལོ་རིམ་ཡོངས་ལས་མཐའ་མ་ཡིན། ད་ཐེངས་དཀྱིལ་རྒྱུགས་ཀྱི་ཁྲོད་ནས་ཀྱང་ང་ཚོ་ཨང་རིམ་མཐའ་མ་ཡིན།
དེ་ནས་དགེ་རྒན་གྱིས་གདོང་གི་འཛུམ་མདངས་འགྱུར་ནས་སྐད་གདངས་འཇམ་པོ་ཡི་སྒོ་ནས་ང་ཚོ་ལ“སྐྱོན་མེད། ད་ཐེངས་རྒྱུགས་འབྲས་མི་བཟང་ནའང་། རྗེས་སུ་འབད་པ་བྱས་ན་ཡར་རྒྱས་ཡོང་སྲིད”ཅེས་ཟེར། སྐད་ཆ་འདི་དགེ་རྒན་མང་པོས་བཤད་མྱོང་ཡང་ང་ཚོས་རྣ་བ་གཅིག་གི་ནང་དུ་ཉན་ནས་གཅིག་གི་ནང་ནས་སྒོར་ཤོར་བའི་རྗེས་སུ་འགྲོ་བ་རེད། དེ་ནས་དགེ་རྒན་གྱིས་མུ་མཐུད་དུ“སློབ་མ་ཚོ། རིག་གནས་ཀྱིས་རང་གི་མི་ཚེའི་ཁ་ལོ་བསྒྱུར་ཐུབ་ལ། ཁྱོད་ཚོས་ད་ལྟ་སློབ་སྦྱོང་བཟང་པོ་ཞིག་བྱས་ན་ནར་སོན་རྗེས་ཁྱོད་ཀྱིས་ད་ལྟ་འབད་པ་བྱས་པའི་འབྲས་བུ་ལ་བཀའ་དྲིན་ཞུ་ངེས་ཡིན། ཁྱོད་ཀྱིས་རང་གི་ཨ་ཕ་དང་ཨ་མ་ལ་བསམ་བློ་ཞིག་ཐོངས། ཁོ་ཚོས་རྒྱུན་པར་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ནས་ལས་ཀ་ལས་ཏེ་ཁྱོད་ཚོའི་སློབ་སྦྱོང་གི་འབྲས་བུ་ལེགས་པོ་ཞིག་ལེན་པར་འབད་པ་ལྷོད་མེད་བྱེད་བཞིན་ཡོད། ཁྱོད་ཚོས་རྒྱུན་པར་སློབ་གྲྭ་ནས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཉི་མ་འཁྱོལ་ཐབས་བྱས་ན་ག་ལ་འགྲིག ཁྱོད་ཚོས་རང་རང་གི་ཕ་མ་ལ་བསམ་བློ་ཞིག་དང་རང་གི་མི་ཚེ་ལ་བསམ་བློ་ཞིག་ཐོངས”ཞེས་ཟེར། སྐད་ཆ་འདི་བཤད་ཚར་རྗེས་སློབ་གྲོགས་མང་ཆེ་ཤོས་ཀྱིས་མིག་ཆུ་ཤོར་ནས་དགེ་རྒན་ལ་དགོངས་དག་ཞུས་པ་རེད།
དེའི་རྗེས་སུ་ང་ཚོའི་འཛིན་གྲྭས་སློབ་སྦྱོང་ལ་འབད་པ་བྱེད་པའི་དམ་བཅའ་ཞིག་སེམས་ལ་རྡོ་བརྐོས་རི་མོ་བཞིན་བཞག་ཡོད། ང་ཚོས་དགེ་རྒན་དང་མཉམ་དུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་སློབ་སྦྱོང་ལ་ཤུ་རེ་བྱས་པའི་རྐྱེན་གྱིས་ང་ཚོས་མཇུག་རྒྱུགས་ཀྱི་སྐབས་སུ་འཛིན་གྲྭ་ཡོངས་ལས་ཨང་གཉིས་པ་བླངས། ཨང་རིམ་འདི་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ། སྐབས་དེར་ང་རང་དགེ་རྒན་ཞིག་བྱེད་ན་འདོད་པའི་བསམ་བློ་ཞིག་ཀྱང་དབང་མེད་དུ་འཁོར་ཡོང་།
ཉིན་འགའི་རྗེས་སུ་དགེ་རྒན་གྱིས་ང་ཚོ་ལ“ད་ལྟ་ཁྱོད་ཚོའི་ཕུགས་བསམ་ཅི་ཞིག་ཡིན”ཞེས་དྲིས་པ་རེད། ངས་དེ་མ་ཐག་ཏུ“དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན”ཞེས་བཤད། དགེ་རྒན་བཟང་བོ་ཞིག་བྱེད་རྒྱུ་དེ་ནི་ངས་ཕུགས་བསམ་དུ་བཟུང་སྟེ་སློབ་སྦྱོང་ལ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་བཞིན་ཡོད།
དགེ་རྒན་ལགས། ཁྱེད་ནི་ངའི་མི་ཚེའི་ཁ་ལོ་སྒྱུར་མཁན་དེ་ཡིན་ལ། ཁྱེད་ཀྱི་བཀའ་དྲིན་རི་ལས་མཐོ་ཞིང་མཚོ་ལས་ཟབ། ང་རང་ནར་སོན་པ་ན་ཁྱེད་དང་འདྲ་བའི་དགེ་རྒན་བཟང་པོ་ཞིག་བྱེད་རྒྱུ་ཡིན་ལ། སློབ་མ་རྣམས་ལ་རང་གི་ཡོད་ཚད་འབུལ་ངེས་ཡིན། ད་ལྟ་ང་རང་ལོ་རིམ་བདུན་པའི་སློབ་མ་ཞིག་ཡིན་ཡང་ང་རང་དགེ་རྒན་བཟང་བོ་ཞིག་བྱེད་པའི་ཕུགས་བསམ་དྲོན་མོ་དེ་ནམ་ཡང་སེམས་ལ་བཅངས་ཡོད།
རྩོམ་པ་པོ་ཆུང་ཆུང་ཕག་མོ་བདེ་སྐྱིད།
ང་དང་གྲོགས་མོའི་མཛའ་བརྩེ།
བདུན་ལྔ་འཛིན་གྲྭ། ཀུན་བཟང་སྒྲོལ་མ།
ང་ལ་མཛའ་བརྩེ་ལྡན་པའི་གྲོགས་མོ་ཞིག་ཡོད། ཁོ་མོ་ནི་འཛིན་གྲྭ་བཅུ་གཅིག་པའི་སློབ་མ་ཡིན། མིང་ལ་རྟ་མགྲིན་མཚོ་མོ་ཟེར། མོ་སློབ་སྦྱོང་ལ་བཟང་བར་མ་ཟད། ད་དུང་དུས་རྒྱུན་དུ་ལས་བྱ་དུས་ཚོད་ལྟར་བྲིས་ཏེ་སྤྲོད་མཁན་ཞིག་ཡིན། ལྷག་པར་དུ་ཁོ་མོ་ནི་སློབ་གྲྭའི་སྤྱིའི་རྒྱུ་རྫས་ལ་གཅེས་སྤྲས་བྱེད་པར་ཧ་ཅང་དགའ།མོ་རང་ལ་གནག་ཅིང་སྣུམ་པའི་སྐྲ་ཡི་ལན་བུ་དང་འོད་ཟེར་ཆེམ་ཆེམ་དུ་འཕྲོ་བའི་མིག་གཉིས་ཡོད་པར་མ་ཟད། དཀར་གསལ་ཟླ་བ་དང་འདྲ་བའི་ཞལ་རས་ཀྱི་ངོས་སུ་ཧ་ཅང་གསང་བའི་རྣ་ཅོག་ཆ་གཅིག་ཡོད། གཟུགས་མཐོ་ཞིང་ལུས་སྐམ་པོ་ཡིན། ད་ལོ་ལོ་བཅུ་བཞི་ཡིན་ལ། མོ་དང་ངེད་གཉིས་སློབ་ཆུང་གི་སློབ་གྲོགས་ཡིན།
ཉིན་ཞིག་ལ། ངས་རྟ་མགྲིན་མཚོ་མོ་ལ་སྐད་བཏང་ནས་ངེད་གཉིས་མཉམ་དུ་ནགས་ཚལ་དུ་རྩེ་རུ་འགྲོ་ཞེས་བཤད། ཁོ་མོ་ཡང་ནགས་ཚལ་དུ་འགྲོ་བར་འཐད་པ་བྱུང་ནས་ངེད་གཉིས་དགའ་སྤྲོ་ཆེན་པོའི་སྒོ་ནས་རྩེ་རུ་སོང་བ་ཡིན། གློ་བུར་དུ་ནགས་གསེབ་ནས་དོམ་ནག་ཅིག་ཡོང་བས་ངེད་གཉིས་དངངས་སྐྲག་ལངས་པ་དང་སྦྲགས་ཧོན་ཐོར་ནས་ག་བྱེད་འདི་བྱེད་མེད་པའི་སྐབས་དེར། རྟ་མགྲིན་མཚོ་མོ་ཡིས་ང་ལ་མགྱོགས་པོར་བྲོས་ཞེས་བཤད་བྱུང་། ངས་བྲོས་ན་དེ་བས་ཀྱང་ཉེན་ཁ་ཆེན་པོ་ཡོད། དེ་ལས་ངེད་གཉིས་ཀྱིས་ཐབས་ཤིག་བཙལ་སྙམ་པའི་སྐབས་དེར། དོམ་ནག་ངེད་གཉིས་ཀྱི་འགྲམ་དུ་སླེབས་པས་དངོས་གནས་འཇིགས་སུ་རུང་བ་ཞིག་འདུག སྐབས་དེར་ང་རྟ་མགྲིན་མཚོ་མོ་ཡི་མདུན་དུ་ལངས་ཏེ་ཁོ་མོར་སྲུང་སྐྱོབ་བྱེད་དགོས་སྙམ་བྱུང་། འོན་ཀྱང་རྟ་མགྲིན་མཚོ་མོ་ཡིས་ང་རང་ལ་ཕུད་རྡེག་ཅིག་བྱས་ཏེ་ཉེན་ཁ་དེ་ལས་གཡོལ་དུ་བཅུག་པས་ང་ལ་སྐྱོན་ཅི་ཡང་མ་བྱུང་། ཡིན་ནའང་རྟ་མགྲིན་མཚོ་མོ་ཡི་རྐང་བར་དོམ་ནག་གིས་རྨུགས་ནས་རྨས་སྐྱོན་ཆེན་པོ་ཕོག་པས་ང་ལ་སེམས་སྡུག་ཚད་མེད་བྱུང་། དེ་ནས་ངའི་རྟ་མགྲིན་མཚོ་མོ་བསྐྱོར་ནས་མོ་ཚང་ལ་སོང་། ངེད་གཉིས་མོ་ཚང་གི་ཁྱིམ་ལ་ཐོན་དུས་ས་རུབ་ཡོད། མོའི་ཨ་མས་རྟ་མགྲིན་མཚོ་མོ་ལ་རྨས་ཕོག་ཡོད་པ་ཤེས་རྗེས། མོ་ལ་སྡིགས་མོ་བྱས། དེ་ནས་ངས“ཨ་ནེ་ལགས། ཁྱོད་ཀྱིས་མོ་ལ་མ་སྡིགས། དེ་རིང་ངེད་གཉིས་ནགས་ཚལ་དུ་རྩེ་བའི་སྐབས་སུ་གློ་བུར་དུ་དོམ་ནག་ཅིག་ངའི་ཐོག་ཏུ་མཆོངས་ཡོང་བ་མོས་མཐོང་ནས་ང་རང་དེ་ལས་བསྐྱབས་པས་མོ་ལ་རྨས་ཕོག་པ་ཡིན།”ཅེས་བཤད་པས་ཨ་ནེ་ཡིས་ངེད་གཉིས་ལ་སློབ་གསོའི་སྐད་ཆ་མང་པོ་གནང་བྱུང་།
དོན་དག་འདི་དང་འདི་ལྟ་བུ་གང་མང་ཞིག་གིས་ངའི་གྲོགས་མོ་ནི་ང་རང་སྡུག་བསྔལ་གྱི་གཡང་ལ་ལྷུང་སྐབས། དྲོ་སྐྱིད་ཀྱི་འོད་སྣང་སྦྱིན་མཁན་དང་། དཀའ་སྡུག་གི་གནས་ལ་ལྷུང་ནས་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། རོགས་རམ་གྱི་ལག་པ་སྲིང་མཁན་དང་པོ་དེ་ཡིན་པ་གསལ་བོར་ཤེས་བྱུང་བས། ངས་དུས་ནམ་ཡང་གྲོགས་བཟང་གི་ལྗོན་ཤིང་དེ་དང་མཉམ་དུ་མཉམ་སྐྱེས་མཉམ་རོལ་བྱ་རྒྱུའི་རེ་བས་གཞི་ནས་ཁེངས་སོང་།
རྩོམ་པ་པོ་ཆུང་ཆུང་ཀུན་བཟང་སྒྲོལ་མ།
ཕ་ཡུལ་གྱི་ཆུ་བོ།
བདུན་ལྔ་འཛིན་གྲྭ། གངས་དཀར་ཆོས་མཚོ།
ང་ཡི་ཕ་ཡུལ་བྱ་མདོ་གསེར་གཞུང་རིང་མོ་རུ་བྱ་ཆུ་སྔོན་མོ་ཞེས་ཆེ་རྒྱུ་ཆུང་རྒྱུ་མེད་པའི་ཆུ་བོ་ཞིག་གྱ་གྱུར་བཞུར་བཞིན་ཡོད། ཆུ་བོ་བཞུར་སའི་གྲམ་པའི་འགྲམ་ངོགས་གཉིས་སུ་གླ་ཚེར་དང་། འོམ་བུ། གླང་མ། ལྕང་སྡོང་སོགས་སྐྱེས་ཡོད་པར་མ་ཟད། ད་དུང་མེ་ཏོག་སྣ་མ་སྣ་ཚོགས་བཞད་དེ་ཡུལ་གྲུ་འདི་མཛེས་པར་བརྒྱན་འདུག དེ་ནི་ངེད་སྡེ་བའི་མང་ཚོགས་རྣམ་པས་ངལ་བར་མ་འཛེམས་པར་བཙུགས་པ་དང་བཏབ་པ་ཡིན་པས། འདབ་ཆགས་སྣ་ཚོགས་ཀྱང་གནས་འདིའི་མཛེས་སྡུག་གི་ལོངས་སྤྱོད་ལ་ཆགས་ནས་སྐད་ཅིག་ཙམ་ལའང་འབྲལ་ཐབས་མེད་པར་གྱུར་འདུགཆུ་བོ་ཆུང་ཆུང་དེ་ནི་ཆུ་སྣ་ཆུང་ཆུང་བརྒྱ་ཕྲག་དུ་མ་འདུས་ནས་གྲུབ་པ་ཡིན་པས། བཞུར་རྒྱུན་རིང་ལ་འབབ་རྒྱུན་དྲག ཆུ་བོ་འདིའི་ཆུ་རྡུལ་རེ་རེའི་ནང་དུ་ཡུལ་ལྗོངས་ཀྱི་རྣམ་པ་དང་འགྱུར་ལྡོག་རེ་རེ་འཁོད་ཡོད་ལ། དྲི་མ་དང་བྲལ་བའི་ཟེགས་མ་རེ་རེས་གནས་འདིའི་ཆད་པ་མེད་པའི་ལོ་རྒྱུས་རིང་བོ་ཞིག་མཚོན་ཡོད།
ཆུ་བོ་འདི་ནི་དུས་ཚིགས་རེ་རེར་རྣམ་པ་མི་འདྲ་བར་འགྱུར་ལྡོག་འབྱུང་བཞིན་ཡོད། དཔྱིད་དུས་སུ་ནམ་ཟླ་དྭངས་ཤིང་ཇེ་དྲོར་སོང་བ་བསྟུན་ནས་རྫ་མགོའི་གངས་རི་ཞུ་བ་ན། ཆུ་དམའ་སར་བཞུར་ནས་ཆུ་དང་ཆུ་མིག་འདྲེས་ཚེ་ཆུ་བོ་ཇེ་ཆེར་རྒྱས་ཏེ། སྔར་གྱི་མཛེས་སྡུག་གི་ཁ་མདོག་ཀྱང་སྐྱ་བོར་གྱུར་པས། ཆུ་ནང་གི་ཉ་མོ་དག་གི་འཁྱུག་རྩལ་ཡང་གསལ་ལ་མི་གསལ་བར་སྣང་། ཡིན་ཡང་ཆུའི་འགྲམ་ངོགས་སུ་རྩྭ་དང་རྩི་ཤིང་། ལྗོན་ཤིང་རྣམས་རིམ་གྱིས་སྐྱེས་སྟོབས་རྒྱས་ཏེ་དཔྱིད་དཔལ་གྱི་ལང་ཚོ་ངོམས་པར་བྲེལ་འདུག
དབྱར་དུས་སུ་ཆུ་བོ་ཇེ་དྭངས་སུ་སོང་ནས་སྔོ་ལྡེམ་ལྡེམ་བྱེད་ལ། ནམ་ཟླ་ཞི་འཇམ་ནས་ཚ་གདུག་ཇེ་ཆེར་འགྲོ་བ་དང་བསྟུན་ནས། ཆུ་ནང་གི་ཉ་མོའི་ཚོགས་ཀྱིས་ཆུ་ནང་དུ་གར་གྱི་འཁྱུག་རྩལ་ངོམས་ཤིང་འདབ་ཆགས་སྣ་ཚོགས་ཀྱང་ཚ་བས་གདུང་ནས་ཆུ་འགྲམ་དུ་འཛོམས་ནས་བྱ་ཆུ་སྔོན་མོའི་བསིལ་བ་ལོངས་སུ་སྤྱོད་བཞིན་ཡོད།
སྟོན་གྱི་དུས་སུ་སྡོང་ལོ་སེར་པོར་གྱུར་ནས་ཐང་ལ་ལྷུང་བ་དང་། ཞིང་ནང་གི་ལོ་ཏོག་སྨིན་ནས་སེར་ཐང་ངེར་གསེར་མདོག་གི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས། སྐབས་འདིར་བྱ་ཆུ་སྔོན་མོའི་མཚུངས་མེད་ཀྱི་བཀའ་དྲིན་ལས་སྨིན་པའི་ལོ་ལེགས་ཀྱི་འབྲས་བུ་བསྡུ་བའི་དུས་ལ་སླེབས་ཡོད་པས་བུད་མེད་རྣམས་ཀྱང་གཅིག་ལས་གཅིག་མགྱོགས་ཀྱིས་ཞིང་བརྔ་བར་བྲེལ་བཞིན་འདུག
དགུན་ཟླ་རིང་མོར་ནམ་ཟླ་ཧ་ཅང་འཁྱག་པས་ས་གཞི་སྲ་ཞིང་མཁྲེགས་པར་གྱུར་ནས། ཆུ་བོའི་སྟེང་དུ་ཆབ་རོམ་ཆགས་ཏེ་དར་དཀར་གྱི་ཡོལ་བ་འཐེན་པ་དང་འདྲ་བས་ཧ་ཅང་མཛེས་ཤིང་ལྟ་ན་སྡུག བྱ་ཆུ་སྔོན་མོའི་གཏིང་འོག་ན་རྒྱུ་བའི་ཉ་རིགས་དང་ཆུ་འགྲམ་གྱི་མཛེས་སྡུག་ལ་ཆགས་པའི་འདབ་ཆགས་དང་སྲོག་ཆགས་གང་ཡིན་ཡང་འབྲལ་བ་མེད་པར་དུས་ཚིགས་བཞི་བོར་བབ་ཆགས་སུ་འཚོ་བར་གནས་ཡོད།
ཆུ་བོ་ནི་མི་དང་རི་དྭགས། འདབ་ཆགས། སྒོ་ཕྱུགས་སོགས་ལ་ཧ་ཅང་མཁོ་བའི་གཅེས་ནོར་ཡིན་པས། ང་ཚོས་ཆུ་བོར་བདག་སྐྱོང་བཟང་བོ་བྱེད་དགོས་པ་ནི་འོས་འགན་ཡིན་པས། གནས་འདིའི་མི་རྣམས་ཀྱིས་ཀྱང་སྲོག་ཆགས་ཀུན་གྱི་ཟུང་ཁྲག་ལྟ་བུའི་བྱ་ཆུ་སྔོན་མོར་བདག་སྐྱོང་བྱེད་བཞིན་ཡོད།
རྩོམ་པ་པོ་ཆུང་ཆུང་གངས་དཀར་ཆོས་མཚོ།
ང་དང་གྲོགས་པོའི་མཛའ་བརྩེ།
བདུན་བཅུ་གཅིག་འཛིན་གྲྭ། དོན་གྲུབ་རྒྱལ།
སྲོག་ཆགས་ཕན་ཚུན་གྱི་བར་དང་མི་དང་མིའི་བར་ལྷད་མེད་དག་གཙང་དུ་གནས་པའི་འབྲེལ་བ་དེ་ལ་མཛའ་བརྩེ་ཟེར་ཞིང་། མཛའ་བརྩེ་ནི་ནང་སེམས་ཀྱི་འགྱུར་བ་ངོ་མ་ཞིག་ཕ་རོལ་བའི་སྣང་ངོར་མཐུན་ཞིང་འཕྲོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། ངས་ང་དང་གྲོགས་པོའི་བར་གྱི་གསེར་གྱིས་ཀྱང་ཉོ་མི་ཐུབ་པའི་མཛའ་བརྩེ་རྣམ་དག་དེ་གླེང་བར་འདོད་བྱུང་།བདག་གི་མཛའ་བརྩེ་ཅན་གྱི་གྲོགས་པོ་དེའི་མིང་ལ་བློ་བཟང་སེང་གེ་ཟེར། ཁོ་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་ཞིག་ཡིན། ཁོ་དང་ང་ནི་སློབ་ཆུང་ལོ་རིམ་དང་པོ་ནས་ལོ་རིམ་གསུམ་པའི་བར་གྱི་སློབ་གྲོགས་བཟང་བོ་ཡིན། ཁོ་ནི་ཀུན་སྤྱོད་བཟང་བར་མ་ཟད། ད་དུང་སློབ་སྦྱོང་ལའང་ཧུར་བརྩོན་བྱེད་པའི་སློབ་མ་དགའ་ཞིག་ཡིན།
བློ་བཟང་སེང་གེ་དང་ང་ཡི་མཛའ་བརྩེ་དེ་ནི། ངོ་མ་ཨ་མ་གཅིག་གི་བྱང་ཁོག་བརྒྱུད་པའི་ཕུ་ནུ་ཞིག་དང་འདྲ། ང་ལོ་རིམ་དང་པོ་ཡིན་པའི་སྐབས་སུ། ང་རང་སློབ་སྦྱོང་ལ་ཧ་ཅང་ཞན། རྒྱུན་དུ་རྒྱུགས་བླངས་པའི་མཇུག་འབྲས་ནི་འཛིན་གྲྭའི་ཆེས་ཐ་མ་ཡིན། ཐེངས་ཤིག་ལ་ངས་རྒྱ་ཡིག་ལ་སྐར་མ་དྲུག་བཅུ་ཙམ་ལས་མ་བླངས་པས། དགེ་རྒན་གྱིས་ང་ལ་གཅར་རྡུང་དང་སྡིགས་མོ་བྱས་ནས་ང་ངུ་བའི་དུས་སུ། བློ་བཟང་སེང་གེ་ནི་རྟ་བདུན་དབང་བོ་དང་མཚུངས་པར་ནག་ནོག་གི་ཁང་བར་གནས་པའི་ངའི་སེམས་ཀྱི་མུན་མག་གསལ་བར་བྱས། ཁོས“ཁྱོད་མ་ངུ་། དགེ་རྒན་གྱིས་ཁྱོད་ལ་གཅར་རྡུང་བྱས་པ་དེ་ལ་དགེ་རྒན་གྱི་ནང་དོན་ཡོད་ལ། དགེ་རྒན་ནི་ང་ཚོའི་མུན་སེལ་གྱི་སྒྲོན་མེ་ཡིན་ལ། དགེ་རྒན་གྱིས་ང་ཚོ་ལ་ཤ་ཚ་བས་གཅར་རྡུང་བྱས་པ་རེད”ཅེས་བཤད། དེ་ནས་ཁོས་ང་ལ་ཀ་རྭ་གོ་རེ་ཞིག་བྱིན་ཏེ། ངའི་མིག་ཆུ་ཤོག་བུས་ཕྱིས་ཏེ་ངུ་མཚམས་བཅད་སོང་། དེ་ལྟར་ཉིན་དེའི་སྐྱོ་སྡུག་གི་དོན་དག་དེ་ཁོས་མེད་པར་བྱས་ཡོད་ནའང་། དེའི་ཕྱི་ཉིན་ཞོགས་པར་ང་ལ་ཚ་བརྒྱབ་ནས་ནད་ཕོག་པས། ཁོ་ཡིས་ང་རྒྱབ་ལ་ཁུར་ཏེ་སློབ་གྲྭའི་སྨན་ཁང་དུ་སྨན་པར་སྟོན་དུ་སོང་། ང་རང་ལ་སྒོར་མོ་གཅིག་ཀྱང་མེད་ནའང་ཁོས་ང་ལ་སྨན་རིན་སྟེར་རོགས་བྱས་པ་ཡིན། ཁོའི་རོགས་རམ་འོག་ནས་ངའི་ནད་ཀྱང་རིམ་བཞིན་དྲག་སོང་།
ཁོ་ནི་མི་གཞན་ལ་རོགས་བྱེད་པར་དགའ་བ་ཞིག་ཡིན་པར་མ་ཟད། བློ་རིག་ཀྱང་ཧ་ཅང་གསལ་ལ། སློབ་སྦྱོང་ལའང་ཧ་ཅང་བཟང་། ཁོས་རྒྱུན་དུ་ངའི་སློབ་སྦྱོང་ལ་རོགས་མང་བོ་བྱས་མྱོང་། ཁོས་ཉིན་རེར་ང་ལ་མིང་ཚིག་ཉན་འབྲི་དང་བློར་མང་པོ་འཛིན་དུ་བཅུག་པ་ཡིན། གྲངས་རིག་དང་དབྱིན་ཡིག རྒྱ་ཡིག་བཅས་གང་ཡིན་ཡང་ངས་མི་ཤེས་པའི་གནད་དེ་དག་བསྐྱར་དུ་ཁྲིད་ནས་ང་ལ་ཤེས་སུ་བཅུག་པ་ཡིན། སྐབས་དེ་དག་ཏུ་ངས་ཁོ་རང་དགེ་རྒན་ལྟར་བརྩིས་ནས་སློབ་སྦྱོང་ལ་འབད་པ་བྱས་པ་ཡིན། དེ་ནས་ལོ་རིམ་གསུམ་པའི་དཀྱིལ་རྒྱུགས་ཀྱི་སྐབས་སུ། ངའི་རྒྱུགས་འབྲས་ཀྱང་ཁོའི་རྗེས་སུ་ཆོད་སོང་བས་ཁོས་ང་ལ་དཔེ་ཆ་དང་འབྲི་དེབ་ཉོས་ནས་བསྟོད་བསྔགས་གང་མང་བྱས་མཐར། ངེད་གཉིས་ཀྱི་མཛའ་བརྩེ་ཡང་རིམ་བཞིན་ཇེ་ཟབ་ཏུ་གྱུར་པ་ཡིན།
ད་ལྟ་ངེད་གཉིས་དམའ་འབྲིང་དུ་སླེབས་ནས་འཛིན་གྲྭ་ཁ་ཁར་གྱུར་ཡང་། ཁོ་ནི་ནང་ཡང་བརྗེད་དུ་མེད་པའི་ངའི་གྲོགས་པོ་བཟང་བོ་དེ་ཡིན།
རྩོམ་པ་པོ་ཆུང་ཆུང་དོན་གྲུབ་རྒྱལ།
ཕ་ཡུལ་གྱི་རྩྭ་ཐང་།
བདུན་བཅུ་གཅིག་འཛིན་གྲྭ། བདེ་སྐྱིད་གཡང་འཛོམས།
ང་ནི་ཆུང་དུས་ནས་རང་རེའི་སྡེ་བའི་རྩྭ་ཐང་དུ་འཚར་ལོངས་བྱུང་བ་ཡིན་པས་ང་དང་རྩྭ་ཐང་གི་བར་དུ་བརྩེ་འདང་ཟབ་མོ་ཞིག་ཆགས་ཡོད། ཕ་ཡུལ་གྱི་རྩྭ་ཐང་གི་མཛེས་ལྗོངས་ནི་ལྟ་ན་སྡུག་པ་ཞིག་ཡིན་པས་ང་རང་ཕ་ཡུལ་གྱི་རྩྭ་ཐང་ལ་ཧ་ཅང་དགའ། ང་རང་དབྱར་ཁའི་རྩྭ་ཐང་གི་རྣམ་པ་ལ་དེ་བས་དགའ།དཔྱིད་ཀྱི་དཔལ་མོ་སླེབས་བྱུང་། དཔྱིད་རླུང་བསིལ་མོ་དང་དྲོད་འཇམ་གྱི་ཉི་འོད་དེ་ས་གཞིའི་ཁུད་དུ་ལྷོད་ཀྱི་རྒྱུ་བ་དང་བསྟུན་ནས། བསིལ་དྲོད་སྙོམས་པའི་དྭངས་གཙང་གི་ཁོར་ཡུག་ན་རྩྭ་རྩི་ཏོག་རྣམས་རིམ་གྱིས་ཁ་རོག་གེར་མྱུ་གུ་འབུས་ཤིང་། གངས་རི་དང་ཆབ་རོམ་ཞུས་ནས་ཆུ་ཕྲན་ཆུང་ཆུང་དག་གིས་ཤག་ཤག་གི་གླུ་ཆུང་ལེན་བཞིན་རྒྱུ། དེ་ནི་ངོ་མ་རྩྭ་ཐང་དེ་ལ་བུ་མོ་མཛེས་མས་སྐེ་རྒྱན་བཏགས་པ་དང་འདྲ་བས། ཁུག་རྟ་དག་ཀྱང་ལྷོ་ཕྱོགས་ཚ་བའི་ཁུལ་ནས་གནས་འདིར་སླེབས་ནས་བསྟོད་བསྔགས་ཀྱི་ཀུ་ཅོ་སྒྲོག་པ་དང་མཚུངས།
དབྱར་ཁ་སླེབས་བྱུང་། མཐའ་ཡས་པའི་ས་གཞི་ཀུན་ལྗང་མདོག་ལྡན་པར་གྱུར་ཡོད་ལ་རྒྱང་ནས་བལྟས་ན་གནམ་སྔོན་པོ་འདི་ས་ལ་ལྷུང་བ་དང་འདྲ། ལུག་རྫི་ཚང་མས་གནམ་སྔོན་པོ་འདིའི་འོག་ནས་སྙན་ཞིང་འཇེབས་པའི་གླུ་དབྱངས་བླངས་ནས་ལུག་འཚོ་བཞིན་འདུག ཟླ་དྲུག་པ་ནི་མེ་ཏོག་བཞད་པའི་དུས་ཚིགས་ཤིག་ཡིན་པས་མེ་ཏོག་སྣ་ཚོགས་ལྷུག་པོར་བཞད་ཅིང་། ན་གཞོན་ཕོ་མོ་རྣམས་ཀྱིས་དབྱར་གྱི་མཛེས་སྡུག་གི་དཔལ་ལ་རོལ་བཞིན་གླུ་ལེན་གར་རྩེ་བྱེད་བཞིན་ཡོད། དུས་དེར། རྩྭ་ཐང་ནི་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། འདི་ནི་ང་རང་དབྱར་ཁའི་རྩྭ་ཐང་གི་རྣམ་པ་ལ་དགའ་དོན་ཡིན།
སྟོན་ཁ་སླེབས་བྱུང་། ས་གཞི་ཐམས་ཅད་སེར་པོར་གྱུར་ནས་རྟ་ནོར་ལུག་གསུམ་རྣམས་ལ་ཤ་ཤེད་རྒྱས་ཡོད་པས་ཕྱུགས་རྫི་ཡོངས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་འདུག མེ་ཏོག་དང་རྩི་ཤིང་ཡོད་ཚད་ནི་སྐྱེས་སྟོབས་ཇེ་ཞན་དུ་གྱུར་ཏེ་རིམ་གྱིས་མགོ་བོ་མར་བཀུག་ན་ཡང་ཁོ་ཚོས་གསེར་མདོག་གི་ལྭ་བ་གྱོན་ནས་དགུན་གྱི་འཁྱགས་རོམ་ལ་གཞོལ་བར་སྟ་གོན་བྱེད་པ་དང་ཀུན་ནས་མཚུངས།
དགུན་ཁ་སླེབས་བྱུང་། དབྱར་གྱི་མཛེས་སྡུག་རྒྱང་དུ་བཞུད་ཀྱང་ཁ་བ་བབས་ནས་ས་གཞིས་དངུལ་དཀར་གྱི་ལྭ་བ་གྱོན་ནས་འཇིག་རྟེན་གཞན་ཞིག་གི་མཛེས་སྡུག་བསྐྱལ་ཡོང་བ་དང་གཉིས་སུ་མེད། འོན་ཀྱང་ང་ཚོའི་ས་ཆ་ནི་ས་བབ་མཐོ་བའི་དབང་གིས་མི་དང་སྲོག་ཆགས་ཀུན་གྲང་ངར་མ་བཟོད་པའི་དབང་གིས་ནང་དུ་འཛུལ་ནས་དགུན་ཁའི་དུས་ཚིགས་འདི་ཅི་ལྟར་བསྐྱལ་བར་གྲོས་མོལ་བྱེད་པའི་ངང་ཚུལ་ཇི་ལྟ་བུར་གནས་ཡོད། གོང་དུ་བྲིས་ཡོད་པ་འདི་ནི། བདག་གི་ཕ་ཡུལ་གྱི་རྩྭ་ཐང་ཡིན། དུས་ཚིགས་རེ་རེའི་རྣམ་པ་མི་འདྲ་ན་ཡང་ང་རང་ཆེས་དགའ་བ་ནི་དབྱར་ཁའི་རྩྭ་ཐང་གི་རྣམ་པ་ཡིན། ང་རང་ཕ་ཡུལ་གྱི་རྩྭ་ཐང་ལ་བརྩེ་འདང་ཟབ་མོ་ཡོད།
རྩོམ་པ་པོ་ཆུང་ཆུང་བདེ་སྐྱིད་གཡང་འཛོམས།