བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
རྩོམ་པ་པོ།:སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-03-22
ཀློག་གྲངས།:
བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །
སྒ་རབ་འབྱམས་པ་ཀུན་དགའ་ཡེ་ཤེས་ཀྱིས་མཛད།
དེས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པའི་མན་ངག་བཤད་པ་ལ་གཉིས། མཚུངས་མེད་བརྒྱུད་པའི་རིམ་པ་དང་། གདམས་ངག་ཉམས་སུ་ལེན་ཚུལ་ལོ། །
དང་པོ་ནི་སྤྱིར་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་འཛམ་གླིང་བསྟན་པའི་སྒྲོན་མ། གངས་ཅན་འགྲོ་བའི་དེད་དཔོན་སེམས་དཔའ་ཆེན་པོ་དཔལ་ལྡན་མར་མེ་མཛད་ལ། བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་ངག་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། གཙོ་བོར་གྱུར་པའི་བཀའ་སྲོལ་གསུམ་སྟེ།
དང་པོ་ནི་བླ་མ་བསོད་སྙོམས་པ་ངྷརྨ་རཀྵི་ཏ་ཞེས་བྱ་བ། ནད་པའི་དོན་དུ་སྐུ་ཤ་དངོས་སུ་བཏང་བའི་ཚེ། འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་དེ་ལ་ཞུས་པ་སྟེ། དང་པོར་བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ལུགས་སོ། །
གཉིས་པ་ནི་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་བྱ་བ། ཀུ་ས་ལི་ཆུང་བར་ཡང་གྲགས་པ། བྱམས་སྙིང་རྗེ་ཁོ་ན་བསྒོམས་པས་རྗེ་བཙུན་མི་ཕམ་མགོན་པོའི་ཞལ་མངོན་སུམ་དུ་གཟིགས་ཤིང་། མཚན་ཡང་བྱམས་པའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པ་དེ་ལ་ཞུས་པའོ། །བླ་མ་འདི་ལ་བཀའ་སྲོལ་ཕྱི་མའི་མན་ངག་འདི་ཡང་མངའ་ཞིང་བརྒྱུད་པའི་རིམ་པར་ཡང་འབྱུང་མོད། གཙོ་བོར་འཕགས་པ་འཇམ་དཔལ་གྱི་བཀའ་སྲོལ། སློབ་དཔོན་ཀླུ་སྒྲུབ་ཀྱི་མན་ངག རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པ། དང་པོར་བདག་གཞན་མཉམ་པ་ནས་བསྒོམ་པའི་ལུགས་སོ། །
གསུམ་པ་ནི་མཁས་པ་ཆེན་པོ་གསེར་གླིང་པའི་ཐུགས་དམ་གྱི་སྙིང་པོ། ཐུན་མོང་མ་ཡིན་པའི་མན་ངག ཐོག་མ་ཉིད་ནས་བདག་གཞན་བརྗེ་བ་བསྒོམ་པའི་ལུགས་ཏེ། འདི་ལ་རིང་བརྒྱུད་ཀྱི་དབང་དུ་བྱས་ན། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་ཉིད། བྲམ་ཟེ་ཆེན་པོ་རྒྱ་མཚོའི་རྡུལ་དུ་འཁྲུངས་པའི་ཚེ། ཐུགས་རྗེའི་རླབས་གཞན་ལས་ཆེ་བའི་དབང་གིས། སྙིགས་མ་ལྔ་བདོ་བའི་དུས་ཀྱི་སེམས་ཅན་བསོད་ནམས་ཆུང་ཞིང་གདུལ་དཀའ་བ་རྣམས་ཚེགས་ཆུང་ཞིང་འཇུག་པ་བདེ་བའི་ལམ་གྱིས་འདུལ་བ་སོགས། སྨོན་ལམ་ལྔ་བརྒྱ་བཏབ་པའི་མཐུས་རྩོད་པའི་དུས་སུ། མི་མཇེད་ཀྱི་ཞིང་འདིར་བྱང་ཆུབ་ཆེན་པོ་བརྙེས་པའི་ཚུལ་བསྟན་ཏེ། ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་ཞིང་། དེ་དག་གི་སྙིང་པོ་གདམས་པའི་བདུད་རྩི་འདི་ཉིད། རྒྱལ་ཚབ་དམ་པ་མི་ཕམ་མགོན་པོ་ལ་གནང་། འདི་ཡང་སྔོན་དགེ་སློང་བློ་གྲོས་བརྟན་པ། ཞེས་བྱ་བར་གྱུར་པའི་ཚེ། བྱམས་པའི་ཏིང་ངེ་འཛིན་ཁོ་ན་བསྒོམས་པས་མངོན་དུ་གྱུར་ཅིང་ཏིང་ངེ་འཛིན་དེའི་མཐུས། དགེ་སློང་དེའི་ཞབས་གྲོང་ཁྱེར་ཆེན་པོའི་སྒོ་ཐེམ་ལ་བཞག་པའི་ཚེ། ཡུལ་དེ་ན་གནས་པའི་འགྲོ་བ་ཐམས་ཅད་བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ། །དེའི་ཚེ་རབ་ཏུ་བྱུང་བའི་མིང་དེ་བོར་ནས་བྱམས་པ་བྱམས་པ་ཞེས་ཡོངས་སུ་གྲགས་ཤིང་། མངོན་པར་བྱང་ཆུབ་པའི་བར་དུ་ཡང་མཚན་དེ་ཉིད་ཀྱིས་གནས་པའོ། །དེས་འཕགས་པ་ཐོགས་མེད་ཅེས་བྱ་བ་དགའ་ལྡན་དུ་བྱོན་ཏེ། རྗེ་བཙུན་ཉིད་ལ་བྱམས་པའི་ཆོས་ལྔ་ལ་སོགས་པ་ཐེག་པ་ཆེན་པོའི་སྡེ་སྣོད་བསམ་གྱིས་མི་ཁྱབ་པའི་ལུང་དང་མན་ངག་ཐོབ་པ་ས་གསུམ་པའི་རྟོགས་པ་བརྙེས་པ། འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དང་། བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན།།ཡུན་རིང་བདེ་བ་རྗེས་མྱོང་ནས།།བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་འཐོབ་པར་འགྱུར་བ་ཡིན། །ཞེས་སོགས་མདོ་རྒྱུད་དུ་མ་ལས་ལུང་བསྟན་པ། ཤིང་རྟའི་སྲོལ་འབྱེད་ཆེན་པོར་གྱུར་པ་དེ་ལ་གནང་ངོ་། །དེས་གཅུང་ཐམས་ཅད་མཁྱེན་པ་དབྱིག་གཉེན་ཞེས་བྱ་བ། སྐྱེ་བ་ལྔ་བརྒྱར་བར་མ་ཆད་དུ་གནས་ལྔ་རིག་པའི་པཎྜི་ཏར་གྱུར་པས། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ། གཞུང་ལུགས་འབུམ་སྡེ་དགུ་བཅུ་གོ་དགུ་ཞལ་ཏོན་དུ་མཛད་པ། རྗེ་བཙུན་བྱམས་པས་བཀས་གནང་ནས་གཞུང་འགྲེལ་དུ་མ་མཛད་པ། འཛམ་བུའི་གླིང་དུ་ཀུན་མཁྱེན་གཉིས་པར་གྲགས་པ་དེ་ལ་གནང་། དེས་ཕྱོགས་རེ་ལ་རང་བས་མཁས་པའི་བུ་ཆེན་བཞིའི་ནང་ནས། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སངས་རྒྱས་འབངས་ཀྱི་དབོན་པོ། ས་རབ་ཏུ་དགའ་བ་ཐོབ་པ་སངས་རྒྱས་ལས་མངོན་སུམ་དུ་ཤེར་ཕྱིན་གྱི་གདམས་པ་གསན་ནས། དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་མཛད་པ་དེ་ལ་གནང་། དེས་བཙུན་པ་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བ། དད་པའི་ས་ཐེག་པ་ཆེན་པོའི་ཚོགས་ལམ་ལ་གནས་པ། ཉི་ཁྲི་རྣམ་འགྲེལ་ལ་སོགས་པའི་བསྟན་བཅོས་དུ་མ་མཛད་པའི་མཁས་པ་ཆེན་པོ་དེ་ལ་གནང་། དེས་སློབ་དཔོན་གུ་ཎ་མི་ཏྲ་ཞེས་བྱ་བ། སློབ་དཔོན་སེང་གེ་བཟང་པོའི་བླ་མ། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སློབ་མར་ཡང་གྱུར་ཅིང་སྡུད་འགྲེལ་རྩོམ་པའི་སྐུལ་བ་པོར་གྱུར་པ་དེ་ལ་གནང་། དེས་སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ། རྒྱལ་བ་བྱམས་པ་ལས་གནང་བ་ཐོབ་པས། བརྒྱད་སྟོང་འགྲེལ་པ་ལ་སྭོགས་པ་བསྟན་བཅོས་མང་དུ་མཛད་ཅིང་། ཤེར་ཕྱིན་གྱི་བསྟན་པ་ལ་བྱ་བ་བྱས་པ་དེ་ལ་གནང་། དེས་སློབ་དཔོན་གང་བ་སྤེལ་ཞེས་བྱ་བ་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ལ་སོགས་པ་བསྟན་བཅོས་མང་དུ་མཛད་ཅིང་པཎྜི་ཏ་ཆེན་པོར་གྱུར་པ་དེ་ལ་གནང་། དེས་ཀུ་ས་ལི་ཆེ་བ་ཞེས་བྱ་བ། རྟག་ཏུ་དབེན་པ་ལ་གཞོལ་ཞིང་སྒྲུབ་པའི་བརྟུལ་ཞུགས་ལ་གནས་པ། བྱང་ཆུབ་ཀྱི་སེམས་གཉིས་འབྱོངས་པའི་རྣལ་འབྱོར་པ་ཆེན་པོར་གྲགས་པ་དེ་ལ་གནང་། དེས་ཀུ་ས་ལི་ཆུང་བ་ཞེས་བྱ་བ་གཞན་གྱི་སྡུག་བསྔལ་དངོས་སུ་ལེན་ནུས་པ་དེ་ལ་གནང་། དེས་གསེར་གླིང་པ་ཆེན་པོ་ལ་གནང་ངོ་། །
ཉེ་བརྒྱུད་ནི་རྒྱལ་བ་བྱམས་པ་ཉིད་ལས། གསེར་གླིང་པ་ཆེན་པོས་དངོས་སུ་གསན་པར་གྲགས་ཏེ། འདི་ནི་གསེར་གླིང་རྒྱལ་པོའི་སྲས། སྐུ་འཁྲུངས་མ་ཐག་ཏུ་དཀོན་མཆོག་ལ་སྐྱབས་འགྲོ་མཛད་པ་སོགས། ཆེ་བའི་ཡོན་ཏན་དུ་མ་དང་ལྡན་ཞིང་མཁས་པའི་གྲགས་པས། འཛམ་བུའི་གླིང་ཐམས་ཅད་ཁྱབ་པ། རང་ཡུལ་གྱི་ཕྱི་རོལ་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཀོད་པ་སོགས། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་པ། བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཆེན་པོར་གྱུར་པའོ། །དེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་འཇིག་རྟེན་གསུམ་ན་ཡོངས་སུ་གྲགས་པ་དེ་ལ་གནང་སྟེ། འདིའི་རྣམ་པར་ཐར་པ་ཞིབ་པར་ནི་རྣམ་ཐར་གྱི་ཡི་གེ་ཆེན་མོ་དག་ལས་ཤེས་པར་བྱ་ཞིང་། མདོར་བསྡུ་ན་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་གྱི་སྲས་སུ་སྐུ་འཁྲུངས། འཁྲུངས་མ་ཐག་ན་རྗེ་བཙུན་མ་སྒྲོལ་མའི་ཞལ་གཟིགས། གཞོན་ནུའི་དུས་ནས་སྤྱིར་རིག་པའི་གནས་ལྔ། ཁྱད་པར་དུ་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་མཆོག་ཏུ་གྱུར། ཤན་ཏི་པ། གསེར་གླིང་པ། རིགས་པའི་ཁུ་བྱུག་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་བཤེས་གཉེན་དམ་པ་རྣམས་ཚུལ་བཞིན་བསྟེན། བླ་མ་ར་ཧཱུ་ལ་གུཔ་ཏ་ལ་དགྱེས་པ་རྡོ་རྗེའི་དབང་ཞུས་པའི་དུས་ནས་བཟུང་སྟེ། ཡི་དམ་མང་པོའི་ཞལ་གཟིགས། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས། བླ་མ་དང་ཡི་དམ་མང་པོས་དངོས་དང་མནལ་ལམ་དུ་ལུང་བསྟན་པ་ལ་བརྟེན་ནས། ཕལ་ཆེན་སྡེར་རབ་ཏུ་བྱུང་སྟེ་གཅིག་རྫོགས་མཛད། མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་དབང་བསྒྱུར། བདུད་དང་མུ་སྟེགས་མང་པོ་ཚར་བཅད། སྔར་སྨོས་པའི་བླ་མ་རྣམས་དང་ཡི་དམ་གྱི་ལྷ་ལས་བློ་སྦྱོང་གི་གདམས་པ་གསན་པས། བྱང་ཆུབ་ཀྱི་སེམས་གཉིས་དབྱར་ཁའི་ཆུ་བོ་བཞིན་དུ་འཕེལ། ཁྱད་པར་དུ་གསེར་གླིང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་མངའ་བདག་ཏུ་འདུག་པ་ལ་དགོངས་ནས། གདམས་པ་ཞུ་བའི་ཆེད་དུ་གསེར་གླིང་དུ་བྱོན། མཇལ་མ་ཐག་ཏུ་སྐྱེ་བ་སྔ་མའི་བླ་མར་ཤེས་ནས། མོས་གུས་ཚད་མེད་པ་སྐྱེས། བླ་མས་ཀྱང་ཁོང་རང་བྱིས་པའི་དུས་སུ། ནགས་གསེབ་ནས་རྙེད་པའི་གསེར་སྐུ་གནང་སྟེ། བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་མཛད། ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་གདམས་ངག་ཞུས་པས། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས།དེ་ནས་རྒྱ་གར་དུ་བྱོན་ཏེ། བྲི་ཀ་མ་ལ་ཤཱི་ལའི་གནས་བརྟན་མཛད། ཤར་ནུབ་གུང་གསུམ་ཐམས་ཅད་དུ་ཕྲིན་ལས་ཀྱིས་ཁྱབ། སྡེ་པ་ཐམས་ཅད་ཀྱིས་ཕྱོགས་རིས་མེད་པར་གཙུག་རྒྱན་དུ་བཀུར། བཤད་པ་དང་སྒྲུབ་པའི་སྒོ་ནས་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་སུ་མཛད། སྒྲོལ་མ་དང་ཁ་སར་པ་ནི་ལ་སོགས་པའི་ཡི་དམ་དང་། ར་ཧཱུ་ལ་ལ་སོགས་པ་བླ་མ་མང་པོས་བོད་དུ་སོང་ན་སྤྱིར་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས། ཁྱད་པར་དུ་ཨུ་པ་སི་ཀ་ཞིག་ལ་ཕན་ཐོགས་ཤིང་། དེའི་བཀའ་བརྒྱུད་ཀྱིས་བསྟན་པ་དར་བར་བྱེད་དོ་ཞེས་ལུང་བསྟན་པ་དང་། རྒྱལ་བས་ལུང་བསྟན་པའི་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱིས་གདན་འདྲེན་ལན་མང་དུ་བཏང་བ་ལ་བརྟེན་ནས། བོད་དུ་བྱོན། བོད་ཡུལ་རྨོངས་པའི་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། ལྟ་སྤྱོད་ཕྱིན་ཅི་ལོག་པ་རྣམས་ལུང་རིགས་ཀྱི་སྒོ་ནས་ཚར་བཅད། ཡང་དག་པའི་ལམ་ལ་བཀོད། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར། ལོག་པར་རྟོག་པའི་ཚང་ཚིང་བསྲེགས། གནས་ལུགས་ལྟ་བའི་བློ་མིག་བསྐྱེད། ཆོས་དང་ཆོས་མིན་གྱི་རྣམ་དབྱེ་བསྟན། སྐལ་ལྡན་གདུལ་བྱའི་ཞིང་ས་ལ། བྱང་ཆུབ་སེམས་ཀྱི་ས་བོན་བཏབ་སྟེ། ལེགས་བཤད་བདུད་རྩིའི་ཆར་རྒྱུན་ཕབ་ནས། རྣམ་གྲོལ་དགེ་བའི་ལོ་ཏོག་སྨིན་པར་མཛད་དོ། །ཁྱད་པར་དུ་སྲས་ཀྱི་ཐུ་བོ་འབྲོམ་སྟོན་པ་ཆེན་པོའི་བློ་གྲོས་ཀྱི་ཁང་བཟང་། ལུང་རྟོགས་ཀྱི་ནོར་བུས་གཏམས་པར་མཛད་པས། བཀའ་བརྒྱུད་རིན་པོ་ཆེའི་གཏེར་སྒྲོམ་ཁ་ཕྱེ་བ་ལྟ་བུས། གངས་རིའི་ཁྲོད་ཀྱི་རྒུད་པ་ཐམས་ཅད་བསལ་ཅིང་དགེ་ལེགས་ཀྱི་དཔལ་འབྱོར་རྒྱ་ཆེར་སྤེལ་བས། ཕྱོགས་འདིའི་འགྲོ་བ་ཐམས་ཅད་མགོན་དང་བཅས་པར་གྱུར་ཏོ། །དེའི་ཕྱིར་དཔལ་ལྡན་མར་མེ་མཛད་ཀྱི་བཀའ་བརྒྱུད་གསེར་རིའི་ཕྲེང་བ་ལྟ་བུ་འདི་ནི། ཁ་བ་ཅན་པ་རྣམས་ལ་རྒྱལ་བ་བས་ཀྱང་ཐུགས་རྗེ་ཆེ་བར་ཤེས་པར་བྱའོ། །དེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས་བྱ་བ། བསྟན་པའི་སྲོག་ཤིང་ཆེན་པོ། འཕགས་མ་སྒྲོལ་མ་ལ་སོགས་པ་ཡི་དམ་མང་པོའི་ཞལ་གཟིགས་པ། ཕྱི་མར་དགའ་ལྡན་དུ་ཇོ་བོ་ཉིད་ཀྱི་དྲུང་དུ་གཤེགས་པའི་མཚན་མ་རྙེད་པ། བྱང་ཕྱོགས་ཀྱི་འགྲོ་བ་རྣམས་ཀྱི་མིག་གཅིག་པུར་གྱུར་པ་དེ་ལ། སྤྱིར་བཀའ་མདོ་རྒྱུད་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང་། ཁྱད་པར་དུ་གདམས་པ་འདི་ཉིད་གཅེས་པའི་སྙིང་ནོར་བུ་ལ་སྦྱིན་པའི་ཚུལ་གྱིས་ལྐོག་ཁྲིད་དུ་གདམས་པར་གྲགས་སོ། །དེས་སྲས་ཀྱི་ཐུ་བོ་སྐུ་མཆེད་རིན་པོ་ཆེ་གསུམ་ལ་སྭོགས་པ། སྣོད་ལྡན་གྱི་སློབ་མ་འགའ་ཞིག་ལ་གསུངས་ཤིང་། ཁྱད་པར་དུ་པོ་ཏོ་བ་ཆེན་པོ་རིན་ཆེན་གསལ་བ་ཞེས་བྱ་བ། གནས་བརྟན་ཆེན་པོ་ཡན་ལག་འབྱུང་གི་སྤྲུལ་པར་གྲགས་པ། ཚེ་བློས་བཏང་བའི་གྲྭ་པ་ཉིས་སྟོང་ལྷག་རེ་ཙམ་དང་། ཐབས་ཅིག་ཏུ་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་ཁོ་ན་ལྷུར་ལེན་པ། འཇིག་རྟེན་ཆོས་བརྒྱད་ཀྱི་ཕྱོགས་ལ་བསམ་པ་དང་། སྦྱོར་བས་སྐད་ཅིག་ཀྱང་མི་འཇུག་པ། གཤེགས་བཞུད་སོགས་ཀྱི་བྱ་བ་ཡང་འཕྲལ་སྣང་ཐུག་ཕྲད་ཙམ་མ་གཏོགས་པ། གྲབ་ཤོམས་གྱི་རྩིས་གདབ་མེད་པ་བསྟན་པའི་རྒྱལ་མཚན་ཆེན་པོར་གྱུར་པ་དེ་ལ་གནང་ངོ་། །དེས་བཀའ་བབས་ཀྱི་བུ་ཆེན་ཆེན་པོ་བརྒྱད་ཀྱི་ནང་ནས། དབུས་ཀྱི་ཉི་ཟླ་ཟུང་གཅིག་ཏུ་གྲགས་པ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཤ་ར་བ་ཡོན་ཏན་གྲགས་དང་། བྱང་ཆུབ་སེམས་ཀྱི་མངའ་བདག་གླང་ཐང་པ་ཆེན་པོ་རྡོ་རྗེ་སེང་གེ་གཉིས་ལ་ཐུགས་དམ་གྱི་མཐིལ་ཕྱུང་། མན་ངག་གི་བཅུད་བསྡུས་ཏེ་སྦས་པའི་ཚུལ་དུ་གནང་ངོ་། །ཤ་ར་པ་ཆེན་པོ་འདི་ཉིད་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་པ། ལུང་གི་ཆོས་བསམ་གྱིས་མི་ཁྱབ་པ་ལ་མཁྱེན་པའི་སྣང་བ་རྒྱས་པ། སྐྱེ་བས་ཐོབ་པའི་ཤེས་རབ་ལ་ཕྱོགས་འདི་ན་འགྲན་ཟླ་མེད་པར་གྲགས་པ་ཡིན་ནོ། །དེ་ལ་རིན་པོ་ཆེ་འཆད་ཀ་བ་ཡེ་ཤེས་རྡོ་རྗེས་ཞུས་ཏེ། འདི་ནི་རིགས་རྙིང་མ་པ་ཡོན་ཏན་མདོ་སྔགས་མང་པོ་ལ་ཐུགས་སྦྱངས་པ། གཞོན་ནུ་ཉིད་ནས་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པ་ལ་རང་ངང་གིས་སྤྲོ་བ། ཐེག་པ་ཆེན་པོའི་རིགས་ནུས་རྒྱས་པ་ཡིན་ཞིང་། དགུང་ལོ་ཉེར་དྲུག་པའི་དུས་ཡར་ལུང་དུ། དགེ་བའི་བཤེས་གཉེན་ཉང་ལྕགས་ཞིང་པ་ལ་གླང་ཐང་པའི་ཚིག་རྐང་བརྒྱད་མ་གསན་པས། བཀའ་གདམས་པའི་ཆོས་ལ་དད་པའི་རྒྱུ་བྱས། ཐེག་ཆེན་གྱི་ཆོས་ཀྱི་རྩ་བ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་ངེས་པ་རྙེད། དེ་ནས་པོ་ཏོ་བའི་སློབ་མ་དགེ་བའི་བཤེས་གཉེན་དོལ་པ་དང་། ལུག་སྨད་པ་གཉིས་ལོ་བཞིར་བསྟེན་ཏེ་བཀའ་གདམས་ཀྱི་གཞུང་གདམས་ངག་མང་དུ་གསན། བྱང་ཆུབ་ཀྱི་སེམས་ལ་ངེས་ཤེས་སྐྱེས་པས། བློ་སྦྱོང་གི་གདམས་པ་ཚོལ་བའི་ཆེད་དུ་དགུང་ལོ་སུམ་ཅུ་པ་ལ་དབུ་རིར་བྱོན། ཤ་ར་བ་ཆེན་པོ་ལ་ལོ་གཉིས་སུ་ཆོས་གསན་ཀྱང་། གདམས་པ་འདིའི་ཚིག་ཟུར་ཙམ་ཡང་མ་བྱུང་བས། ཐེ་ཚོམ་སྐྱེས་ཏེ་ཆེད་དུ་གཏད་ནས། བདག་གཞན་བརྗེ་བ་ཆོས་ཀྱི་རྩ་བ་ཡིན་མིན་གྱི་དྲི་བ་བྱས། སངས་རྒྱས་སྒྲུབ་པའི་ཐབས་སུ་མེད་ཁ་མེད་པའི་རྒྱུ་མཚན། རིན་ཆེན་ཕྲེང་བའི་ལུང་གི་ཤེས་བྱེད་དང་བཅས་པ་གསུངས་ཏེ། ཡིད་ཆེས་རྙེད་ནས་གདམས་ངག་གནང་བར་ཞུ་བ་ཕུལ། གནང་བར་ཞལ་གྱིས་བཞེས་ཏེ་དང་པོར་ལོ་དྲུག ཕྱིས་ལོ་གསུམ་སྟེ་སྔ་ཕྱིར་ལོ་དགུར་གདམས་པ་འདི་ཉིད་ལ་གཅིག་དྲིལ་དུ་བྱས་ཏེ། ཞུས་ཤིང་བསྒོམས་པས། བདག་གཅེས་འཛིན་གྱི་འཁྲི་བ་ཆོད་པའི་བྱང་ཆུབ་ཀྱི་སེམས་སྐྱེས། བློ་སྦྱོང་ཆོས་ཀྱི་སྙིང་པོ་ཡིན་ཡང་སྣོད་ལྡན་ཉུང་བར་དགོངས་ནས། དང་པོར་བཤད་བཀའ་ཤིན་ཏུ་དོག་པར་མཛད། དེ་ནས་མཛེ་པོ་སྨན་པས་བོར་ཞིང་ཚེ་འདིར་བདེ་བའི་རེ་ཐག་ཆད་པ་འགའ་ཞིག་ལ་ཐུགས་རྗེའི་དབང་གིས་གནང་། མཛེ་ནད་སོས་ཤིང་རྟོགས་པ་ཕུན་སུམ་ཚོགས་པ་སྐྱེས། དེ་འདྲའི་རིགས་ཅན་མང་དུ་འདུས། འཆད་ཀ་བའི་མཛེ་ཆོས་སུ་གྲགས། ཕྱི་ནས་གཞན་ཕན་རྒྱ་ཆེན་འབྱུང་བར་གཟིགས་ཏེ། བཤད་བཀའ་ཡངས་པར་མཛད། ཚོགས་པ་ཆེན་པོ་རྣམས་ལ་གསུངས། གདམས་པ་འདིའི་མངའ་བདག་ཆེན་པོར་གྱུར་ཏེ།འགྲན་ཟླ་མེད་པའི་སེམས་དཔའ་ཆེན་པོའོ། །དེ་ལ་སེ་སྤྱིལ་ཕུ་པ་ཆེན་པོ་འོད་ཟེར་གཞོན་ནུ་ཞེས་བྱ་བས་ཞུས་ཏེ། བྱེན་གྱི་ལྷ་སྡིང་སོགས་སུ་ལོ་ཉི་ཤུ་རྩ་བཞིར་གདམས་པ་འདི་ཁོ་ན་ལ་གཅིག་དྲིལ་དུ་མཛད་ནས། ཞུས་ཤིང་བསྒོམས་པས། ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ་ལྟར། འགལ་རྐྱེན་སྟོབས་དང་ལྡན་པ་དང་ཕྲད་པའི་ཚེ་ཡང་། གཉེན་པོ་ཆེད་དུ་མ་བསྟེན་པར་རྐྱེན་ངན་ལམ་དུ་སློངས་པ་སོགས། ལམ་རྟགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐྱེས། ཚོགས་དང་ལྐོག་ཁྲིད་ཅི་རིགས་པར་གདམས་པ་དར་རྒྱས་སུ་མཛད། ཐུགས་དམ་གྱི་སྙིང་པོ་ཡང་འདི་ཉིད་ལ་མཛད་པས་རྒྱལ་སྲས་ཆེན་པོར་གྱུར་ཏོ། །དེས་ལྷ་ལུང་གི་དབང་ཕྱུག་འོད་ཟེར་བླ་མ་ལ་གནང་། དེས་ལྷ་སྡིངས་པ་བྱང་ཆུབ་འབུམ་ལ། དེས་ལྷ་སྡིངས་དབོན་ལ། དེས་ཚོགས་ཀྱི་མཁན་པོ་སྒྲུབ་བརྩོན་དམ་པ་ཡོན་ཏན་དཔལ་ལ། དེས་མཁན་ཆེན་བདེ་བ་དཔལ་ལ། དེས་མཁས་བཙུན་བཀའ་བཞི་པ་གྲགས་པ་གཞོན་ནུ་ལ། དེས་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། བསྟན་འཛིན་ཐམས་ཅད་ཀྱི་གཙུག་རྒྱན་དམ་པར་གྱུར་པ་རིན་པོ་ཆེ་བསོད་ནམས་གྲགས་པ་ལ་གནང་། དེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ། སྣང་བ་དག་པའི་སྐལ་ལྡན་རྣམས་ཀྱིས་འཇིག་རྟེན་དབང་ཕྱུག་ཏུ་མངོན་སུམ་དུ་མཐོང་བ་ལ་སོགས་པ། ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་ལ་གནང་སྟེ། སེམས་དཔའ་ཆེན་པོ་འདི་ནི་གདམས་པ་འདི་ཉིད་ཀྱི་སྒོ་ནས་སྟོན་པ་གཉིས་པ་ལྟ་བུར་གྱུར་ཏོ། །དེས་བྱང་སེམས་ཆེན་པོ་ཛྙ་ན་ཤྲི་ཞེས་ཡོངས་སུ་གྲགས་པ་ལ། དེས་རྟེན་འབྱུང་མཐའ་བྲལ་གྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་པས། མཚན་མར་འཛིན་པའི་དམིགས་གཏད་ཞིག་ཅིང་། དམིགས་མེད་ཐུགས་རྗེའི་སྤྲིན་ལས་འོངས་པའི་རྣམ་དཀར་ཕྲིན་ལས་ཀྱི་ཆར་རྒྱུན་ཆེན་པོས། གདུལ་བྱའི་དགེ་བའི་ལོ་ཏོག་སྨིན་པར་མཛད་པ་ལ། འཇིག་རྟེན་ན་འགྲན་པའི་ཟླ་ཐམས་ཅད་དང་ཡོངས་སུ་བྲལ་བ། མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་ལ་གནང་ངོ་། །དེ་ཉིད་ཀྱི་དྲུང་དུ་བདག་གིས་སྤྱིར་ལུང་རིགས་མན་ངག་གི་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་དང་། ཁྱད་པར་དུ་ཡང་གདམས་པ་འདི་ཉིད་ཉམས་ཁྲིད་ཀྱི་ཚུལ་དུ་ལན་མང་དུ་མནོས་སོ། །ཡང་ཀུན་མཁྱེན་དབྱིག་གཉེན་ནས་སློབ་དཔོན་བློ་གྲོས་བརྟན་པ་སོགས་ལ་བརྒྱུད་པ་དང་། སྤྱན་སྔ་བ་ཆེན་པོ་ནས་ཤ་བོ་སྒང་པ་སོགས་ལ་བརྒྱུད་པ་དང་། ལྷ་ལུང་གི་དབང་ཕྱུག་ནས་ལྷ་འགྲོ་བའི་མགོན་པོ་སོགས་ལ་བརྒྱུད་པ་དང་། རྒྱལ་སྲས་ཐོགས་མེད་ནས་རྒྱ་མ་བ་ཡོན་ཏན་འོད་ལ་སོགས་པ་ལ་བརྒྱུད་པའི་ཚུལ་མང་དུ་ཡོད་ཅིང་། བདག་གིས་ཀྱང་དང་པོར་བྱང་སེམས་བསམ་གཏན་རིན་ཆེན་པ་དང་། བར་དུ་ཆོས་ཀྱི་རྗེ་བྱང་སེམས་ཆེན་པོ་ར་སྒྲེང་པ་ཤཱཀྱ་བསོད་ནམས་ཀྱི་ཞལ་སྔ་ནས་དང་། གྲོ་ས་ཀུན་སྤངས་པ་ཆེན་པོ་འོད་ཟེར་ཀུན་དགའ་དཔལ་གྱི་ཞལ་སྔ་ནས་དང་། མཐར་སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་ལ་སོགས་པ་རྣམས་ལ། ཆེད་དུ་གཉེར་སྟེ་རབ་ཏུ་དད་ཅིང་འདུན་པའི་སྒོ་ནས་གསུང་རབ་ཀྱི་སྙིང་པོ་འདི་ཉིད། ལན་མང་དུ་ཞུས་པའི་བརྒྱུད་པའི་ཚུལ་རྣམས་ནི། ཡི་གེ་མང་དུ་དོགས་ནས་མ་བྲིས་སོ། །རྒྱ་ཆེན་གསུང་རབ་རྒྱ་མཚོའི་དབུས་གནས་ཤིང་། །ལུང་རྟོགས་ནོར་བུའི་གླིང་ལ་དབང་བསྒྱུར་ཏེ། །དྲི་མེད་གདམས་པའི་བདུད་རྩིའི་ཆར་འབེབས་པ། །བཀའ་བརྒྱུད་ཀླུ་དབང་ཚོགས་ལ་བདག་དད་དོ། །
དེ་ལྟར་བརྒྱུད་པ་དེ་དག་ལས་འོངས་པའི་གདམས་ངག་ཉམས་སུ་ལེན་པའི་ཚུལ་ལ། སྙན་བརྒྱུད་ཆེན་མོ་བ་ལྟར་ན་སྦྱོར་དངོས་རྗེས་གསུམ་དུ་གསུངས་ལ། དོན་བདུན་མ་ལྟར་ན། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་གི་བསླབ་བྱ་སྟེ་བདུན་ནོ། །དང་པོ་ནི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་འབྱུང་བའི་དོན་ཉམས་སུ་ལེན་པ་ན། དམིགས་ཐུན་རྣམ་པ་ལྔ་སྟེ། བྱིན་རླབས་མྱུར་དུ་འཇུག་པའི་ཐབས་སུ། བླ་མའི་རྣལ་འབྱོར། ལུས་ལ་སྙིང་པོ་ལེན་འདོད་ཀྱི་བློ་བསྐྱེད་པའི་ཐབས་སུ། དལ་འབྱོར་རྙེད་དཀའ། བརྩོན་འགྲུས་ལ་མྱུར་དུ་བསྐུལ་བའི་ཐབས་སུ། འཆི་བ་མི་རྟག་པ། བླང་དོར་ལ་མི་འཁྲུལ་བར་འཇུག་པའི་ཐབས་སུ། ལས་རྒྱུ་འབྲས། ངེས་འབྱུང་གི་བློ་ཁྱད་པར་ཅན་སྐྱེ་བའི་ཐབས་སུ། འཁོར་བའི་ཉེས་དམིགས་བསྒོམ་པའོ། །
དང་པོ་ནི་མཚན་ཉིད་ཐེག་པ་ནས་བླ་མའི་རྣལ་འབྱོར་གྱི་རྣམ་བཞག་མི་འབྱུང་ཡང་། བཤེས་གཉེན་བསྟེན་པ་ལམ་གྱི་རྩ་བར་ཐེག་པ་གོང་འོག་ཐམས་ཅད་ནས་གསུངས་ཏེ། བཤེས་སྤྲིངས་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུང་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་ཚངས་སྤྱོད་ཡོངས་རྫོགས་སུ་བསྟན་པ་དང་། དེའི་ཕན་ཡོན་སྔོན་བྱུང་དང་སྦྱར་ཏེ་གསུངས་པ་ལྟར་རོ། །འོ་ན་བཤེས་གཉེན་ཇི་ལྟ་བུ་ཞིག་བསྟེན་པར་བྱ་སྙམ་ན། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པས་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་མཚན་ཉིད་བཅུ་ལྡན་དུ་གསུངས་ཏེ། དེའི་དོན་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་དབང་པོ་དུལ་བ། སེམས་ཀྱི་བསླབ་པས་སེམས་ཞི་བར་གནས་པ། ཤེས་རབ་ཀྱི་བསླབ་པས་ཉོན་མོངས་ཉེ་བར་ཞི་བ།སློབ་མ་ལས་ཡོན་ཏན་ཆེས་ལྷག་པ། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་དང་བཅས་པ། སྡེ་སྣོད་གསུམ་གྱི་ལུང་གིས་ཕྱུག་པ། གནས་ལུགས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་ལྡན་པ། གཞན་ལ་ཆོས་སྟོན་པའི་སྨྲ་བ་ལ་མཁས་པ། རྙེད་བཀུར་སོགས་ལ་མི་ལྟ་བར་སྙིང་བརྩེ་བས་ན་ཀུན་སློང་དག་པ། ཆོས་བཤད་པའི་དཀའ་སྤྱད་ཀྱིས་མི་ངལ་བས་ན་སྐྱོ་བ་སྤང་བའོ། །དེ་བཞིན་དུ་སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །ཞེས་ཐེག་ཆེན་གྱི་དོན་ལ་མཁས་པ་དང་། བྱང་སེམས་ཀྱི་བརྟུལ་ཞུགས་ལ་གནས་པའི་བཤེས་གཉེན་དམ་པ་ནི། རང་གི་སྲོག་ལས་ཀྱང་གཅེས་པར་བསྟེན་དགོས་པར་གསུངས་སོ། །ཇི་ལྟར་བསྟེན་པའི་ཚུལ་ནི་དེ་ཉིད་ལས། དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཅེས་གསུངས་ཏེ། དེ་ཡང་གྲོང་ཁྱེར་ཡིད་བཟང་པོའི་སྒོ་ན་འདུག་པའི་ཁྱེའུ་དཔལ་འབྱུང་བ་དང་། བུ་མོ་དཔལ་གྱི་བློ་གྲོས་མ་གཉིས་ཀྱིས། བྱང་ཆུབ་སེམས་དཔའ་ནོར་བཟང་ལ་བྱང་སེམས་གྱི་བསླབ་པ་སྟོན་པའི་སྐབས་སུ། བཤེས་གཉེན་བསྟེན་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་གསུངས་པའི་སྐབས་ནས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་བསྐྱེད་པས་མ་ལྟ་བུའོ། །ཚིག་གི་ཐོག་མཐའ་དེ་བཞིན་དུ་སྦྱར་ཏེ། ཕན་པ་རྒྱ་ཆེན་པོ་སྒྲུབ་པས་ཕ། སྡིག་པ་ཐམས་ཅད་ལས་སྲུང་བས་མ་མ། བྱང་ཆུབ་སེམས་དཔའི་བསླབ་པ་ཁོང་དུ་ཆུད་པར་བྱེད་པས་སློབ་དཔོན། ཕ་རོལ་ཏུ་ཕྱིན་པའི་ལམ་ལ་འཛུད་པའི་ལམ་མཁན། ཉོན་མོངས་པའི་ནད་ལས་ཐར་བར་བྱེད་པས་སྨན་པ། ཡེ་ཤེས་ཀྱི་སྨན་རྣམ་པར་འཕེལ་བར་བྱེད་པས་གངས་ཀྱི་རི། འཇིགས་པ་ཐམས་ཅད་ལས་བསྲུང་བས་དཔའ་བོ། འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བས་མཉན་པ།དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་སྐྱ་བ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པར། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་བསྙེན་བཀུར་བར་གྱིས་ཤིག ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་། ཚིག་གི་མཐའ་མ་དེ་བཞིན་དུ་སྦྱར་ཏེ། མི་ཕྱེད་པའི་ཕྱིར་རྡོ་རྗེ། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག ཅི་དགའ་བར་བཀའ་ཉན་པས་བྲན། ངག་ཐམས་ཅད་མི་གཅོག་པས་སློབ་མ། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨོད་པས་འཇིག་རྟེན་གྱི་འབངས། ཉོན་མོངས་པ་ཐམས་ཅད་ཀྱིས་མི་སྐྱོ་བའི་ཕྱིར་མ་མ། ང་རྒྱལ་དང་མཐོ་བའི་ང་རྒྱལ་སྤངས་པས་ཕྱགས་དར་པ། ཁུར་ལྕི་བ་བཀུར་བས་ཐེག་པ། མི་བསྐྱོད་པས་རི། མི་ཁྲོ་བས་ཁྱི། དྲེགས་པ་ཐམས་ཅད་མེད་པས་ཁྱུ་མཆོག་རྭ་བཅད་པ། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འགལ་བར་བྱ་བས་རྒྱལ་པོ་གཞོན་ནུ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི། གདམས་ངག་ལ་ནི་སྨན་གྱི། ནན་ཏན་ཉམས་སུ་བླངས་པ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཚིག་གི་ཐོག་མཐའ་དེ་བཞིན་དུ་སྦྱར་ཏེ། བདག་ལ་འགྲོན་པོ། བཤེས་གཉེན་ལ་ལམ་མཚོན་པ། གདམས་ངག་ལ་ལམ། ནན་ཏན་ལ་ཕྱོགས་བདེ་བ། བདག་ལ་ཕ་རོལ་ཏུ་འགྲོ་བའི། བཤེས་གཉེན་ལ་མཉན་པའི། རྗེས་སུ་བསྟན་པ་ལ་འགྲམ་སྟེགས་ཀྱི། ནན་ཏན་ལ་གྲུའི། བདག་ལ་ཞིང་པའི། བཤེས་གཉེན་ལ་ཀླུའི་དབང་པོའི། གདམས་ངག་ལ་ཆར་པའི། ནན་ཏན་ལ་ལོ་ཏོག་འགྲུབ་པའི། བདག་ལ་དབུལ་པོའི། བཤེས་གཉེན་ལ་ངལ་སོས་པོའི། གདམས་ངག་ལ་ནོར་གྱི། ནན་ཏན་ལ་དབུལ་བ་སེལ་བའི། བདག་ལ་སློབ་མའི། བཤེས་གཉེན་ལ་སློབ་དཔོན་གྱི། གདམས་ངག་ལ་བཟོའི། ནན་ཏན་ལ་བཟོ་ཁོང་དུ་ཆུད་པའི། བདག་ལ་འཇིགས་པ་དང་བཅས་པའི། བཤེས་གཉེན་ལ་དཔའ་བོའི། གདམས་ངག་ལ་མཚོན་ཆའི། ནན་ཏན་ལ་དགྲ་སེལ་བའི། བདག་ལ་ཚོང་པའི། བཤེས་གཉེན་ལ་སྐྱ་བ་འཛིན་པའི། གདམས་ངག་ལ་རིན་པོ་ཆེའི། ནན་ཏན་ལ་རིན་པོ་ཆེ་སྡུད་པའི། བདག་ལ་བུ་དམ་པའི། བཤེས་གཉེན་ལ་ཕ་མའི། རྗེས་སུ་བསྟན་པ་ལ་རིགས་ཀྱི་བུའི་ལས་ཚུལ་གྱི། ནན་ཏན་ལ་ཚུལ་མ་ཉམས་པའི། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་རྒྱལ་པོ་གཞོན་ནུའི། དགེ་བའི་བཤེས་གཉེན་ལ་ནི་ཆོས་ཀྱི་རྒྱལ་པོ་དང་བློན་པོ་དམ་པའི། གདམས་ངག་ལ་ནི་རྒྱལ་པོའི་ཁྲིམས་ཀྱི། ནན་ཏན་ལ་ནི་ཡེ་ཤེས་ཀྱི་རྒྱལ་པོའི་ཅོད་པན་དང་། རྒྱན་དང་ཆོས་ཀྱི་ཐབས་མགོ་ལ་བཅིང་བ་དང་། ཆོས་ཀྱི་རྒྱལ་པོའི་གྲོང་ཁྱེར་ལ་རྣམ་པར་ལྟ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གདམས་པའི་མཐར་དེ་ལྟར་བཤེས་གཉེན་བསྟེན་པའི་ཕན་ཡོན་རྒྱས་པར་གསུངས་ཤིང་། དོན་བསྡུ་བ་ན། རིགས་ཀྱི་བུ་དེ་ལྟར་མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། དེ་བཞིན་དུ་སྦྱར་ཏེ། དེའི་ཕ་རོལ་ཏུ་ཕྱིན་པ། དེའི་ས། དེའི་ཏིང་ངེ་འཛིན་གྱི་སྒོ། མངོན་པར་ཤེས་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ། གཟུངས་དང་སྤོབས་པའི་རྣམ་པ། བསྔོ་བའི་ཡེ་ཤེས། ཚད་མེད་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་སྒྲུབ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་ཅིང་། ཡོངས་སུ་འགྲུབ་པ་རྣམས་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་དག་གོ། །དེ་བཞིན་དུ་སྦྱར་ཏེ་དེ་རྩ་བར་གྱུར་པ། དེ་ལས་བྱུང་བ། དགེ་བའི་བཤེས་གཉེན་རྒྱུར་གྱུར་པ་དག་གོ། །ཞེས་སོགས་ཤིན་ཏུ་གསལ་བར་གསུངས་པ་ལྟར་ཤེས་ནས་བསྒྲུབ་པར་བྱའོ། །མདོར་བསྡུ་ན། རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང་། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་པ་ལྟར་ཕྱག་འཚལ་བ་ལ་སོགས་པ་བཀུར་སྟི་དང་། ཆོས་གོས་ལ་སོགས་པ་རྙེད་པ་དང་། ཞབས་བཀྲུ་བ་ལ་སོགས་པ་རིམ་གྲོ་དང་། གདམས་དོན་ཉམས་སུ་ལེན་པ་སྒྲུབ་པའི་སྒོ་ནས་བསྟེན་པ་སྟེ། གཙོ་བོ་ནི་ཕྱི་མ་ཉིད་ཡིན་ནོ། །རྡོ་རྗེ་ཐེག་པའི་གཞུང་ལུགས་ལས་འབྱུང་བའི་བླ་མ་བསྟེན་ཚུལ། བླ་མ་ལྔ་བཅུ་པ་ལྟར་བྱ་བ་ནི། ལམ་ཐམས་ཅད་ཀྱི་རྩ་བ།དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། བྱིན་རླབས་ཐམས་ཅད་ཀྱི་འཇུག་སྒོ། ཉམས་ལེན་ཐམས་ཅད་ཀྱི་གཙོ་བོ་དམ་པའོ། །དེའི་ཕྱིར་བསྟེན་ཚུལ་དེ་ཉིད་ཐབས་ལ་མཁས་པའི་དམིགས་རྣམ་གྱི་སྒོ་ནས་གོམས་པ་ལྷུར་ལེན་དུ་བྱེད་པ་ནི་བླ་མའི་རྣལ་འབྱོར་ཞེས་བྱ་སྟེ། སྔགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའོ། །དེ་ལྟར་ནའང་མན་ངག་འདིའི་བླ་མ་གོང་མ་འགའ་ཞིག སྔགས་ཀྱི་ཐེག་པས་རྒྱས་བཀབ་སྟེ། ཐུན་གྱི་སྔོན་འགྲོར་བསྒོམ་པར་མཛད་དོ། །དེའི་ཚུལ་ཡང་། འདུ་འཛིས་དབེན་ཞིང་ཡིད་སྤྲོ་བའི་གནས་སུ། བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་ངམ་ཙོག་པུས་འདུག དགྲ་འདུལ་བ། གཉེན་སྐྱོང་བ། ནོར་སོགས་པ་ལ་སོགས་པ། འཇིག་རྟེན་གྱི་རྣམ་རྟོག་གི་བུན་ལོང་སྤང་། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བསྒོམ་པ་ལ་སོགས་སྔོན་དུ་སོང་བའི་མཐར། མདུན་ནམ་སྤྱི་བོར་རྩ་བའི་བླ་མ་སྤྱན་རས་གཟིགས་སུ་བསྒོམ། དེ་ཉིད་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས།སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས། དགེ་འདུན་ཀུན་འདུས་སུ་བློ་ཐག་བཅད། རང་དང་གཞན་གྱི་ལུས་ཞིང་རྡུལ་དང་མཉམ་པར་སྤྲུལ། བསགས་སྦྱོང་རྒྱུད་དང་འདྲེས་ངེས་སུ་བྱ། ཁྱད་པར་དུ་ལུས་ལོངས་སྤྱོད་དགེ་རྩ་སོགས་དངོས་བཤམས། ཡིད་སྦྲུལ་གྱི་མཆོད་པས་མཆོད།དམིགས་པ་རྒྱ་བསྐྱེད་ནས་མཎྜལ་ཚོམ་བུ་བདུན་པ་བརྒྱ་རྩ་སོགས་ཀྱི་གྲངས་བཟུང་ཞིང་དབུལ། དད་གུས་ཆེན་པོས་གསོལ་བ་གདབ། བྱིན་རླབས་འབྱུང་བའི་ངེས་ཤེས་བསྐྱེད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཞུག སྒྲིབ་པ་དག་པའི་འདུན་པ་སྦྱང་། དེ་ནས་བླ་མ་རང་ལ་བསྟིམ་པ་སོགས་སྤྱི་དང་མཐུན་པར་བྱ་ཞིང་། བྱེ་བྲག་ཏུ་གསོལ་གདབ་ཀྱི་སྐབས་སུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་སློངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་འདོད་པའི་དོན་ལ་གསོལ་བ་ནན་ཆེར་གདབ། རྗེས་སྤྱོད་ཀྱི་གནས་སྐབས་ཐམས་ཅད་དུ་ཡང་བླ་མའི་བཀའ་དྲིན་དྲན་པ། སྐྱོན་རྟོག་གི་བློ་སྤངས་པ། ཡོན་ཏན་གྱི་ཕྱོགས་སེམས་པ། མི་ཕྱེད་པའི་དད་པ་བསྒོམ་པ། ཟོལ་མེད་ཀྱི་དགྱེས་པ་བསྒྲུབ་པ། མི་འབྲལ་བའི་སྨོན་ལམ་གདབ་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་རྣམས་ལ་འབད་པར་བྱའོ། །
མདོར་ན་བླ་མ་ལ་གསོལ་བ་འདེབས་པའི་འདོད་དོན་གྱི་གཙོ་བོ་ཡང་། བྱང་ཆུབ་ཀྱི་སེམས་གཉིས་ཅི་སྐྱེ། ཅི་གནས། ཅི་འཕེལ་ཁོ་ནའི་ཆེད་དུ་ཤེས་པར་བྱ་ལ། དུས་དང་རྣམ་པ་ཐམས་ཅད་དུ་བསམ་རྒྱུ་བླ་མ་ལས་མེད་པ་ལྟ་བུར་དད་གུས་ཀྱི་གདུང་སེམས་སྐད་ཅིག་ཀྱང་མི་འབྲལ་བར་བྱ་ཞིང་། དྲན་པ་བསྐྱེད་པའི་ཆེད་དུ། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་འགྱུར། །ཞེས་སོགས་ངེས་པ་བསྐྱེད་པའི་ཚིག་ཁ་ཏོན་དུ་གདོན་ཞིང་། དོན་ཡིད་ལ་དྲན་པར་བྱའོ། ། ༈ སྲིད་ཞིའི་རྒུད་སེལ་དགོས་འདོད་ཀུན་འབྱུང་བའི། །མཚན་ལྡན་བླ་མ་དབང་གི་རྒྱལ་པོ་མཆོག །རྟག་ཏུ་ངུ་དང་གཞོན་ནུ་ནོར་བཟང་ལྟར། །གུས་པས་བསྟེན་པ་དེ་དག་སྐལ་བ་བཟང་། །
འབྲེལ་ཡོད་འོས་སྦྱོར།