logo

དགེ་བཤེས་འཇམ་དབྱངས་རྒྱ་མཚོ་ཚང་གིས་རྒན་གྱའི་བཀྲ་ཤིས་བདེ་འཛོམས་ཐང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་བསྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-01 ཀློག་གྲངས།:
བདུན་པ། རིགས་ལྡན་རིམ་པར་བརྒྱུད་ཚུལ།
     བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོར་གསུངས་ནས་ཟླ་བ་བཟང་པོས་ཀྱང་རྩ་བའི་རྒྱུད་བསྡུས་པ་དང༌། འགྲེལ་བཤད་སྡེབ་སྦྱོར་རྗེས་སུ་བསྔགས་པའི་སྟོང་ཕྲག་དྲུག་ཅུ་པ་མཛད་ཅིང་གླེགས་བམ་ལ་བྲིས་ནས་ཤམ་བྷ་ལ་སོགས་པའི་ཡུལ་གྱི་མི་རྣམས་ལ་བསྟན། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ལྔ་ལས་བཞེངས་ཏེ་རྫུ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དབང་གཟི་བརྗིད་ཅན་དང༌། ཟླ་བས་བྱིན་དང༌། ལྷའི་དབང་ཕྱུག་དང༌། སྣ་ཚོགས་གཟུགས་དང༌། ལྷའི་དབང་ལྡན་རྣམས་ཀྱིས་ལོ་བརྒྱ་བརྒྱར་ཆོས་བསྟན། དེ་ནས་འཇམ་དབྱངས་གྲགས་པས་ལོ་བརྒྱར་རྩ་བའི་རྒྱུད་བསྟན་ཏེ། དེ་ཡན་ཆད་རྩ་རྒྱུད་རྩ་འགྲེལ་ལ་འཆད་ཉན་བྱེད་པ་ཡིན།
     དེ་ནས་གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན་པའི་རྗེས་སུ། ཉི་མའི་ཤིང་རྟ་ལ་སོགས་པ་རྣམས་སད་པར་མཛད་པས། དྲང་སྲོང་རྣམས་ཀྱིས་དབང་བསྐུར་ཞིང་བསྡུས་རྒྱུད་སྡུད་པར་གསོལ་བ་བཏབ་པས། ཟླ་བ་བཟང་པོས་བཞེངས་པའི་དཀྱིལ་འཁོར་དུ་ནག་པའི་ཉ་ལ་དྲང་སྲོང་རྣམས་ལ་དབང་བསྐུར་ཞིང༌། བསྡུས་པའི་རྒྱུད་མེ་ཏོག་ཕྲེང་འཛིན་གྱི་ཚིགས་བཅད་རྩ་བའི་རྒྱུད་ལས་བཏུས་པ་སྟོང་ཕྲག་སུམ་ཅུ་པ་མཛད་དོ། །
     དེ་ནས་དྲང་སྲོང་རྣམས་ཀྱིས་ས་གའི་ཉ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། གྲགས་པས་ཀྱང་པད་དཀར་ལ་རྒྱུད་སྟོན་ཅིང་འགྲེལ་བཤད་རྩོམ་པར་བསྐོས་ཤིང་མྱ་ངན་ལས་འདས། དེ་ནས་པད་དཀར་གྱིས་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་མཛད་ཅིང་ཆོས་བསྟན། དེ་ནས་བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། ཕྱག་དམར་དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང༌། ཤིན་ཏུ་བཟང་དང་བརྒྱད་ཀྱིས་ལོ་བརྒྱ་རེ་ཆོས་བསྟན་པར་གསལ་ལ། དེ་ནས་རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའ་ཡིས་ཀྱང་ལོ་བརྒྱ་ཆོས་བསྟན་པར་གསལ། དེ་ནས་ཉི་མ་དང༌། སྣ་ཚོགས་གཟུགས་དང༌། ཟླ་བའི་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་དང༌། སེངྒེ་དང༌། རྣམ་གནོན་དང༌། སྟོབས་པོ་ཆེ་དང༌། མ་འགག་པ་དང༌། མི་ཡི་སེངྒེ་དང༌། དབང་ཕྱུག་ཆེན་པོ་དང༌། མཐའ་ཡས་དང༌། རྣམ་རྒྱལ་རྣམས་དང༌། དྲག་པོ་འཁོར་ལོ་ཅན་ནི་རིགས་ལྡན་ཉེར་ལྔའི་རྗེས་ཐོགས་སུ་འབྱུང་བར་གསུངས།
བརྒྱད་པ། དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་མཛད་པ་པོ།
     དབང་མདོར་བསྟན་ལྟར་ན་རྒྱུད་ལ་མདོར་བསྟན་རྣམ་གསུམ་དང༌། །རྒྱས་པར་བཤད་པ་གསུམ་དུ་འགྱུར། ། ཞེས་གསུངས་པ་ལྟར་བསྡུས་རྒྱུད་ནི་མདོར་བསྟན་ཡིན་ལ། དེའི་དཀའ་འགྲེལ་ནི་རབ་ཏུ་མདོར་བསྟན་དང༌། རྒྱ་ཆེར་འགྲེལ་ནི་མདོར་བསྟན་ཆེན་པ་ཡིན། རྩ་བའི་རྒྱུད་ནི་རྒྱས་བཤད་ཡིན་ལ། དེའི་དཀའ་འགྲེལ་ནི་རབ་ཏུ་རྒྱས་བཤད། རྒྱ་ཆེར་འགྲེལ་ནི་རྒྱས་བཤད་ཆེན་པོ་སྟེ། འགྲེལ་པ་དེ་དག་ཀྱང་ས་བཅུའི་དབང་ཕྱུག་གིས་མཛད་པ་ཡིན། དེ་ལྟར་རྒྱུད་ཐམས་ཅད་རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་གཉིས་སུ་འདུས་ཏེ། དང་པོ་ཉིད་དུ་གསལ་བར་གསུངས་པ་ནི་རྩ་བའི་རྒྱུད་ཡིན་ལ། ཕྱིས་དེ་ཉིད་གདུལ་བྱའི་དབང་གིས་བསྡུས་ཏེ་གསུངས་པ་ནི་བསྡུས་རྒྱུད་དང་ཉུང་ངུའི་རྒྱུད་ཡིན་པར་གསུངས་སོ།།
དགུ་པ། དུས་འཁོར་གྱི་རྒྱུད་རྒྱ་གར་འཕགས་ཡུལ་དུ་དར་ཚུལ།
     ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་རྒྱལ་དཀས་རྒྱལ་སྲིད་སྐྱོང་སྐབས། རྒྱ་གར་གྱི་མཁས་པ་དུས་ཞབས་ཆེན་པོ་འཇམ་པའི་རྡོ་རྗེ་ཞེས་མདོ་སྔགས་ཀུན་ལ་མཁས་པ་ཞིག་བྱོན་པ་དེ་རྒྱ་གར་ནས་བྱང་ཕྱོགས་སུ་ཕེབས་ཏེ། མཐར་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་བ་དེ་བླ་མར་བསྟེན་ནས། དུས་ཀྱི་འཁོར་ལོས་གཙོས་པའི་རྒྱུད་སྡེ་མང་པོ་གསན་པ་དང༌། དེ་ཡང་འགའ་ཞིག་ཐུགས་ངོར་བཞེས། ལ་ལ་གླེགས་བམ་དུ་བྲིས་ཏེ་རྒྱ་གར་འཕགས་ཡུལ་དུ་གདན་དྲངས་པ་ནི་རྒྱ་གར་དུ་དུས་འཁོར་གྱིས་གཙོས་པའི་རྒྱུད་སྡེའི་བསྟན་པ་རྒྱ་ཆེར་དར་བའི་འགོ་ཚུགས་པ་ཞིག་ཡིན།
     དེ་ནས་དུས་ཞབས་པ་རང་གི་སློབ་མ་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲས་དུས་ཀྱི་འཁོར་ལོའི་བསྟན་པ་ས་དར་རྡོ་དར་དུ་ཁྱབ་བརྡལ་བཏང༌། དེའི་སྲས་བྱང་ཆུབ་བཟང་པོ་དང་དེའི་སློབ་མ་ཁ་ཆེ་ཟླ་བ་མགོན་པོ་སོགས་ཀྱིས་དུས་ཀྱི་འཁོར་ལོའི་བསྟན་པ་ཕྱོགས་མཚམས་མུ་མེད་པར་སྤེལ། དེ་ལྟར་རྒྱ་གར་དུ་ཐོག་མར་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེས་དར་བར་བྱས་ཤིང༌། དེས་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲ་དང༌། དེས་སྲས་བྱང་ཆུབ་བཟང་པོ། དེས་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་ལ་བསྩལ་བས་མཚོན་རྒྱ་གར་འཕགས་ཡུལ་དུ་དུས་ཀྱི་འཁོར་ལོའི་བསྟན་པ་རྒྱ་ཆེར་དར་རོ། །
བཅུ་པ། དུས་འཁོར་རྩ་རྒྱུད་བོད་དུ་དར་ཚུལ།
     དེ་ཡང་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོས་དུས་འཁོར་བསྡུས་རྒྱུད་དང༌། འགྲེལ་ཆེན་གཉིས་བསྣམས་ནས་ཐོག་མར་གཙང་ཁ་རག་དང༌། དེ་ནས་འཕན་ཡུལ་དུ་བྱོན་པ་ན། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཤིང༌། བསྡུས་རྒྱུད་དང་འགྲེལ་པ་བསྒྱུར་བ་ནི་བོད་ཀྱི་མཁས་པས་དུས་འཁོར་གྱི་དབང་རྒྱུད་གདམས་ངག་ཞུས་པ་ཐོག་མ་དང༌། རྒྱུད་དང་འགྲེལ་པ་བོད་སྐད་དུ་བསྒྱུར་བའང་ཐོག་མ་ཡིན། ཁོང་གིས་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་ལ་དབང་གི་བཀའ་དང་བཤད་པའི་ལུང༌། མན་ངག་གི་བཀའ་བཅས་གནང་བ་རིམ་པར་བརྒྱུད་དེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞབས་ལས་བླ་མ་རྒྭ་ལོས་གསན་པ་དང༌། ཡང་དེ་དང་ཕྱོགས་མཚུངས་པར་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་དུས་ཞབས་པའི་སློབ་མ་མཛཉུ་ཀིརྟི་དང༌། དེའི་སློབ་མ་བལ་པོ་ཡེ་རང་པ་ས་མན་ཊ་ཤྲིའ་བྷ་དྲ་ཞུ་བ་བོད་དུ་གདན་དྲངས་ནས་དུས་འཁོར་རྒྱུད་འགྲེལ་བསྒྱུར་བ་དང་འབྲེལ། དབང་རྒྱུད་མན་ངག་དང་བཅས་པ་ཞུས་ཤིང༌། དེས་ཡེ་ཤེས་སེངྒེ་ལ་གནང༌། དེས་བླ་མ་རྒྭ་ལོ་ལ་གནང་བ་ནས་བཟུང་སྟེ། རྭ་འབྲོ་ལུགས་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར། བོད་གངས་ཅན་གྱི་ལྗོངས་སུ་དུས་འཁོར་གྱི་རྒྱུད་འགྲེལ་བཅུ་དྲུག་ཙམ་ཡོད་པ་ལས། རྭ་འབྲོའི་འགྱུར་གཉིས་ལ་དབང་གི་བཀའ་དང༌། བཤད་པའི་བཀའ། མན་ངག་གི་བཀའ་གསུམ་ཚང་བས་གཙོ་བོར་བྱེད་པ་ཡིན།
བཅུ་གཅིག རི་བོ་དགེ་ལྡན་པའི་ཕྱོགས་སུ་དར་ཁྱབ་བྱུང་ཚུལ།
     དུས་རབས་བརྒྱ་ཕྲག་བཅུ་གསུམ་པའི་ནང་བྱོན་པའི་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་རིང་ལའང་རྭ་འབྲོའི་ལུགས་དར་ཁྱབ་ཆེ་བ་སྟེ། དེ་ཡང་བུ་སྟོན་རིན་ཆེན་གྲུབ་ཀྱིས་འཆད་ཉན་ཕྱག་ལེན་དང་བཅས་པའི་རིམ་པས་གཙང་ཞ་ལུའི་ཕྱོགས་སུ་ཆེས་ཆེར་དར་བར་མཛད་པ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བུ་སྟོན་གྱི་དངོས་སློབ་མཁས་གྲུབ་ཁྱུང་པོ་ལྷས་པ་ནས་དབང་རྒྱུན་དང༌། བདེ་ཆེན་དཔལ་བ་ནས་རྒྱུད་འགྲེལ་གྱི་བཤད་པ་དང་ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་ཡོངས་སུ་རྫོགས་པར་ཞུས་པ་དང་འབྲེལ་སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ལ་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལྷག་མེད་དུ་གནང་སྟེ། རྩ་རྒྱུད་འགྲེལ་བཤད་དང་བཅས་པའི་ལྗགས་བཤད་ཁྱབ་བརྡལ་དུ་བཏང་གནང་བ་དེ་འདྲ་ནི་སྔར་གྱི་བསྟན་འབྱུང་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུ་ཡིན་སྟབས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་སོགས་ཀྱིས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནི་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་ལགས་པས་གཞན་གྱིས་བརྒྱ་ཚར་བཤད་པ་ལས་རྗེ་འདིས་དུས་འཁོར་ལན་གཅིག་གསུངས་པ་དེས་ས་སྟེང་དུ་ཁྱབ་པ་བྱུང་ཞེས་བསྔགས་བརྗོད་གནང་ཡོད།
བཅུ་གཉིས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་གསར་འཛུགས་ཇི་ལྟར་མཛད་ཚུལ།
     རྗེ་བདག་ཉིད་ཆེན་པོ་ནས་མཁས་གྲུབ་རྗེ་དང༌། ྋརྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་སོགས་རིམ་པར་དར་འཕེལ་ཉམས་བཞེས་མཛད་པ་མ་ཟད། ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་ཕྱི་ལོ 1752ལོའི་བོད་ཟླ3པའི་ཚེས15སྟེ་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་དང་སྟབས་བསྟུན་གྱིས་ཐུན་མོང་མ་ཡིན་པའི་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་སོགས་ཆ་ལག་ཡོངས་སུ་ཚང་བའི་ཆོག་གཞུང་འདི་ཉིད་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་དགོངས་རྒྱ་ཆེ་བཞེས་ཀྱིས་གྲྭ་ཚང་རིན་པོ་ཆེ་འདི་ཉིད་དུ་ཆུ་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ1752ལོར་འཕྱོངས་རྒྱས་རི་བོ་བདེ་ཆེན་ནས་དུས་འཁོར་ཆོག་གྲྭ་དང༌། གྲྭ་ཚང་ལ་སློབ་ཁྲིད་ཀྱིས་དུས་འཁོར་སྒྲུབ་མཆོད་གསར་འཛུགས་བཀའ་དྲིན་ཆེ་ཞིང༌། སྐབས་དེར་ཆེད་དུ་བྱ་བའི་གདུལ་བྱ་སེར་སྐྱ1300ཙམ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་བཀའ་དྲིན་སྩལ།
བཅུ་གསུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་ད་བར་ཉམས་བཞེས་རྒྱུན་འཛིན་ཇི་ལྟར་གནང་ལུགས།
     དེ་ཡང་ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་ལྟར་ན། རི་བོ་བདེ་ཆེན་གྱི་ཆོག་གྲྭ་དང༌། རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་ཆོག་གྲྭ་བ་སོགས་ཁྱོན་འདུས་པ་ཆིག་སྟོང་སུམ་བརྒྱ་སྐོར་ལ་རྒྱུད་ནས་གསུངས་པ་བཞིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ནོད་བཀའ་དྲིན་ཆེ་ཞིང༌། དབང་ཆེན་གྱི་མཇུག་ཏུ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་དང༌། སྒྲུབ་ཐབས་ཆོག་བསྒྲིགས་མ་གསར་རྩོམ་བཅས་ཀྱི་ལྗགས་ལུང་ཡང་གནང༌། དེ་ནས་བཟུང་ཆོས་འདིའི་རྒྱུན་མི་ཉམས་པར་བྱ་བའི་སླད་དུ་དགོངས། རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་སུམ་ཅུ་སོ་ལྔ་སྐོར་ཆོ་ག་ལེགས་པར་འཛིན་འཇུག་པ་གནང་སྟེ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་དཔལ་དུས་ཀྱི་འཁོར་ལོའི་བདག་མདུན་བུམ་སྒྲུབ་སོགས་སྔོན་དུ་འགྲོ་བའི་བདག་འཇུག་གི་ཆོ་ག་ཡོངས་རྫོགས་དང༌། ལོ་ལྟར་ནག་པ་ཟླ་བའི་ཚེས་བདུན་ནས་བཟུང་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཞེངས་ཏེ་དུས་ཆེན་ནས་བརྩམས་ཏེ་ཉིན་བདུན་གྱི་རིང་སྒྲུབ་མཆོད་རྒྱས་པར་བྱེད་པའི་སྲོལ་བཟང་གསར་འཛུགས་གནང་སྐོར་རྣམ་ཐར་དུ་གསལ་བ་ལྟར། དེ་ནས་བཟུང་སྟེ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཆོག་གཞུང་ཉམས་བཞེས་ཀྱི་རྒྱུན་གསར་འཛུགས་མཛད་པས་དུས་འཁོར་འདི་ཉིད་གྲྭ་ཚང་འདིའི་ཐུན་མོང་མ་ཡིན་པའི་རྒྱུན་གྱི་ཕྱག་ལེན་ཞིག་ཏུ་གྱུར་པས་ན་གྲྭ་ཚང་འདི་ཉིད་ལ་དུས་འཁོར་གྲྭ་ཚང་ཞེས་ཀྱང་བརྗོད་སྲོལ་བྱུང༌།
     དུས་འཁོར་སྒྲུབ་མཆོད་ཚུགས་རྒྱུའི་དཀྱིལ་འཁོར་བྲི་སྒྲུབ་ཀྱི་ས་ཆོག་དང་ཉེ་བར་སྔོན་ནས་རྒྱལ་སྲས་རིན་པོ་ཆེ་གོང་མའི་ཕྱག་སྲོལ་དང༌། ལོ་སྔོན་མ་ཞྭ་ལུ་ནས་བུ་སྟོན་ཐམས་ཅད་མཁྱེན་པའི་ཕྱག་བཞེས་ཀྱི་རྒྱུན་ནས་ལེགས་ཆ་བླངས་པ་དང་གུང་བསྒྲིགས་ཏེ་གཞུང་ཆེན་མོ་དང་བསྟུན་པའི་བཟོ་བཅོས་ལེགས་པར་མཛད་པའི་གར་ལའང་གཟིགས་རྟོག་གནང་ཞེས་མཛད་རྣམ་དཔག་བསམ་སྙེ་མར་གསལ་བ་ལྟར་ད་ལྟའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཕྱག་རྒྱུན་འདི་ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་གིས་གར་ཐིག་དབྱངས་གསུམ་དང་པ་ཆ་ལག་ཡོངས་སུ་ཚང་མའི་ཆོག་གཞུང་གྲྭ་ཚང་དུ་གསར་འཛུགས་བསྐྱངས་པའི་བསྟན་རྒྱུན་གྱི་ཕྱག་ལེན་ཉམས་མེད་རྒྱུན་འཛིན་གནང་བ་དེ་ཉིད་ཡིན།
བཅུ་བཞི། དུས་འཁོར་གྱི་གསན་རྒྱུན་ལ་མཚོན་ན། དེ་ལྟར་རྗེ་བདག་ཉིད་ཆེན་པོ་ལས་མཁས་གྲུབ་ཐམས་ཅད་མཁྱེན་པས་གསན་ཏེ། མཁས་གྲུབ་རྗེས་དུས་འཁོར་ཊིའཀ་ཆེན་དེ་ཉིད་སྣང་བ་མཛད་པས་ཐོག་དྲངས་དུས་འཁོར་དང་འབྲེལ་བའི་བསྟན་བཅོས་མང་དུ་མཛད་པ་ལ་བརྟེན་ནས་དགེ་ལུགས་པའི་གྲུབ་མཐའི་ནང་དར་ཁྱབ་ཆེན་པོ་བྱུང་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན། ྋརྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་དགེ་ལུགས་པའི་སྐྱེས་ཆེན་དམ་པ་དུ་མ་རིམ་བརྒྱུད་ཀྱིས་དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་ྋསྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས.....
བཅོ་ལྔ་པ། དཔལ་དུས་ཀྱི་འཁོར་ལོ་ནི་བླ་མེད་ཀྱི་རྒྱུད་སྡེ་ཞིག་སྟེ། དུས་ཞེས་པ་དུས་གསུམ་གང་དུ་ཡང་འགྱུར་བ་མེད་པ་ཡུལ་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཐུགས་དང༌། འཁོར་ཞེས་པ་དེ་ཉིད་ལྷ་སྐུ་བཞིན་ལག་གི་རྣམ་པར་ཤར་བའི་རྟེན་བརྟེན་པའི་དཀྱིལ་འཁོར་ཏེ་སྐུ་ཐུགས་ཟུང་དུ་འཇུག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ལ། བདེ་སྟོང་གཉིས་སུ་མེད་པའི་དོན་གྱིས་དཔལ་ཞེས་དང༌། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་ཕྱི་ནང་གཞན་གསུམ་གྱི་སྦྱོར་བས་དུས་ཀྱི་འཁོར་ལོ་ཞེས་བྱའོ། །
བཅུ་དྲུག བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ནང་དོན།
     ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་ཡི། ། ཞེས་གསུངས་པ་ལྟར་དུས་འཁོར་ལ་ཕྱི་དུས་ཀྱི་འཁོར་ལོ་དང༌། ནང་དུས་ཀྱི་འཁོར་ལོ། གཞན་དུས་ཀྱི་འཁོར་ལོ་བཅས་གསུམ་ཡོད་པ་ལ། དེ་ཡང་ཕྱི་དུས་ཀྱི་འཁོར་ལོ་ནི། ཟླ་བ་བཅུ་གཉིས་དང་ཞག་མ་སུམ་བརྒྱ་དྲུག་ཅུ་སོགས་ནི་དུས་དང༌། ལོ་འཁོར་གཅིག་ལ་དེ་དག་འཁོར་བས་དུས་འཁོར་ཞེས་བརྗོད་པ་དང༌། དེས་མཚོན་ནས་ཉི་ཟླ་རྒྱུ་སྐར་གྱི་འཁོར་ཚུལ་ཡང་དེའི་ནང་དུ་འདུས་ཡོད།
     ནང་དུས་ཀྱི་འཁོར་ལོ་ནི། ལྟེ་བའི་རྩ་ཆེན་བཅུ་གཉིས་ལས་རླུང་གི་འཕོ་བ་བཅུ་གཉིས་དང༌། དེ་དང་ཆབས་ཅིག་སྣ་བུག་རླུང་གི་རྒྱུ་བ་འཕོ་ཆེན་བཅུ་གཉིས་འབྱུང་ལ། འཕོ་ཆེན་རེ་རེ་ལའང་འཕོ་ཆུང་ལྔ་ལྔ་ཡོད་ཅིང༌། འཕོ་ཆེན་བཅུ་གཉིས་ཀྱི་ཚུལ་ནི། ལྟེ་བའི་ཁྱིམ་གྱི་རྩ་གཅིག་གི་ནང་རླུང་སྟོང་དང་བདུན་བརྒྱ་ཞེ་གསུམ་དང་བཞི་ཆ་གསུམ་བཅས་རྒྱུ་བའི་མཇུག་ཏུ། དབུ་མའི་ནང་ང་དྲུག་དང་བཞི་ཆ་གཅིག་བཅས་རྒྱུ་བ་ལ་འཕོ་བ་གཅིག་དང༌། དེ་རྗེས་རྩ་གཞན་ནང་ལ་འཕོས་ནས་སྔར་ལྟར་རྒྱུ་བའི་ཞག་གཅིག་ལ་ཁྱིམ་གྱི་རྩ་བཅུ་གཉིས་ཀྱི་འཕོ་བ་རྫོགས་ཚེ་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུར་ཞིང༌། དེ་བཞིན་སྣ་བུག་གི་འཕོ་བ་རེ་རེར་རླུང་གི་རྒྱུ་བ་སྟོང་དང་བརྒྱད་བརྒྱ་ཡོད། ཞག་གཅིག་གི་འཕོ་བ་བཅུ་གཉིས་ལ་རླུང་གི་རྒྱུ་བ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། མདོར་ན། དེ་ལྟར་རླུང་གི་འཕོ་ཆེན་བཅུ་གཉིས་དང༌། རླུང་གི་རྒྱུ་བ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ནི་དུས་དང༌། ཉིན་ཞག་གཅིག་ལ་དེ་དག་འཁོར་བས་ནང་དུས་ཀྱི་འཁོར་ལོ་ཞེས་བརྗོད་པ་ཡིན།
     གཞན་དུས་ཀྱི་འཁོར་ལོ་ནི། དུས་འཁོར་གྱི་དབང་དང༌། བསྐྱེད་རིམ། རྫོགས་རིམ་སོགས་ཡིན་ཞིང༌། དེ་ཡང་སྨིན་བྱེད་རྒྱུ་ཡི་དབང་གིས་ལམ་བསྐྱེད་རྫོགས་སྒོམ་པས་རྒྱུད་སྨིན་པར་བྱེད་ཅིང༌། སྦྱང་གཞི་མ་དག་པའི་ཕྱི་ནང་གི་དུས་འཁོར་རྣམས་སྦྱོང་བྱེད་དཔལ་དང་པོའི་སངས་རྒྱས་དཀྱིལ་འཁོར་གྱི་འཁོར་ལོ་སྦྱང་གཞི་དང་རྣམ་པ་མཐུན་པའི་ལམ་སྒོམ་པའི་བསྐྱེད་རིམ་དང༌། རྫོགས་རིམ་གྱིས་མ་དག་པའི་སྦྱང་གཞི་རྣམས་རིམ་གྱིས་སྦྱངས་ནས་ལམ་བགྲོད་དགོས་པས། སྦྱང་གཞི་དང་རྣམ་པ་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་སྐུ་ཡིས་མཚོན་དོན་ནི། སྦྱང་གཞི་ཕྱི་ཡི་ཟླ་བ་བཅུ་གཉིས་ཉི་ཟླ་གཟའ་སྐར་རྣམས་ལྷོ་བགྲོད་དང་བྱང་བགྲོད་གཉིས་སུ་ངེས་པ་ལྟར་ཞག་གཅིག་གི་རླུང་གི་འཕོ་བ་བཅུ་གཉིས་པོ་ཐམས་ཅད་ཀྱང་རོ་རྐྱང་གི་རྩ་གཡས་འཕོ་དང་གཡོན་འཕོ་གཉིས་སུ་ངེས་པས་དེ་དང་རྣམ་པ་མཐུན་པའི་ཞབས་གཉིས་པ། ཕྱི་ཡི་ཟླ་བ་བཅུ་གཉིས་བཞི་ཚན་གསུམ་དུ་ངེས་པ་ལྟར་རླུང་གི་འཕོ་བ་ཡང་དེ་ལྟར་དུ་ངེས་པས་དེ་དང་རྣམ་པ་མཐུན་པའི་མགྲིན་པ་གསུམ་པ། ཕྱི་ནང་གི་དུས་སྦྱོར་ཐམས་ཅད་གསུམ་ཚན་བཞིར་ངེས་པ་ལྟར་དེ་དང་རྣམ་པ་མཐུན་པའི་ཞལ་བཞི་པ། ཕྱི་ཡི་ཉི་ཟླ་ལྷོ་བགྲོད་དང་བྱང་བགྲོད་ཀྱི་ཟླ་བ་བཅུ་གཉིས་དེ་ཟུང་དྲུག་ཏུ་འདུས་པ་ལྟར། གཡས་གཡོན་གྱི་འཕོ་ཆེན་བཅུ་གཉིས་དེ་ཟུང་དྲུག་ཏུ་ངེས་པ་དང་མཐུན་པའི་ཕྲག་པ་དྲུག་པ། ལྷོ་བགྲོད་དང་བྱང་བགྲོད་ཀྱིས་འཁོར་སྐྱོད་བྱེད་པའི་ཟླ་བ་བཅུ་གཉིས་དང༌། ནང་གི་ལྟེ་བའི་རྩ་འཁོར་གྱི་འཕོ་ཆེན་བཅུ་གཉིས། སྣ་བུག་གི་འཕོ་ཆེན་བཅུ་གཉིས་སོགས་དང་རྣམ་པ་མཐུན་པའི་དཔུང་པ་བཅུ་གཉིས། ཕྱི་ཡི་ཟླ་བ་བཅུ་གཉིས་ལ་ཉིན་མཚན་གཉིས་སུ་ཕྱེ་བས་ཉེར་བཞི་དང༌། ནང་རླུང་གི་འཕོ་བའི་ཁུག་པ་གཅིག་ལ་ལྡང་འཇུག་གཉིས་སུ་ཕྱེ་བས་ཉེར་བཞི་དང་རྣམ་པ་མཐུན་པའི་ཕྱག་ཉེར་བཞི། ཕྱི་ན་ལོ་གཅིག་ལ་དུས་སྦྱོར་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་པ་ལྟར་ཞག་གཅིག་གི་རླུང་གི་འཕོ་བ་ལ་ཡང་དབུགས་དྲུག་ཅུ་པ་སུམ་བརྒྱ་དྲུག་ཅུ་ཡོད་པས་དེ་དང་རྣམ་པ་མཐུན་པའི་ཕྱག་གི་སོར་མོ་རེ་རེ་ལ་ཡང་ཚིགས་གསུམ་གསུམ་སྟེ་སོར་ཚིགས་སུམ་བརྒྱ་དྲུག་ཅུ་སོགས་བསྒོམ་དགོས་ལ། དེ་ལྟར་བསྐྱེད་རིམ་གྱི་སྐབས་སུ་སྦྱང་གཞི་དང་རྣམ་པ་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་ཞལ་ཕྱག་ཡོངས་སུ་རྫོགས་པར་བསྒོམས་པས་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དང༌། རྫོགས་རིམ་གྱི་སྐབས་སུ་ཡང་དེ་དང་མཐུན་པར་སྒོམ་པའི་ཐོག་སྦྱོར་བ་ཡན་ལག་དྲུག་གིས་སྟོང་གཟུགས་ཀྱི་སྐུ་སྒྲུབ་ནས་བདེན་དོན་རྣམ་པ་བཅུ་གཉིས་དང༌། དེ་ཉིད་རྣམ་པ་བཅུ་དྲུག་གི་བདག་ཉིད་འབྲས་དུས་ཀྱི་དཔལ་དང་པོའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །

དགེ་བའི་བཤེས་གཉེན་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་གི་རྣམ་ཐར་མདོར་བསྡུས།

འཇམ་དབྱངས་དགྱེས་མཛད་བཞད་པའི་རྡོ་རྗེ་ཡི། །
རིང་ལུགས་གཡས་འཁྱིལ་དུང་གི་སྒྲ་སྙན་པོས། །
ཇི་སྙེད་འཇིག་རྟེན་ཤིས་པར་སྒྲུབ་མཁས་པའི། །
རྣམ་མང་གདུལ་བྱ་རྒྱ་མཚོའི་མགོན་དེས་སྐྱོངས། །
     དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་མཁས་པའི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་ རྫོང་ཁོངས་ཀྱི་ཁོ་ཚེ་ལྷ་སྡེ་ཞེས་གྲགས་པའི་རུ་མང་ཚོ་བར། ས་ལ་དགེ་བཅུའི་དཔལ་ཡོན་རྫོགས་པ་ཁུ་འདུས་གསེར་གཞུང་ཞེས་གྲགས་པའི་སའི་ཆར་རིགས་རུས་ཆོ་འབྲང་ཕུན་གསུམ་ཚོགས་པའི་ཡབ་ཚེ་རིང་དོན་འགྲུབ་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ཕྱི་ལོ1933ལོའི་ཧོར་ཟླ8པའི་ཚེས8ཉིན་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དགུ་ཡོད་པ་ལས་ཁོང་ནི་ཆེ་བ་ཡིན།
     དགུང་ལོ་བརྒྱད་པ་སྟེ་ལྕགས་འབྲུག་ཕྱི་ལོ1940ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཁོང་གི་ཁུ་བོ་ཆེ་བ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་སྐྱེས་སྦྱངས་ཡོན་ཏན་གྱི་རྟོགས་པ་ཀློག་དུ་བརྡོལ་བའི་རྗེ་བཙུན་འཇིགས་མེད་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་ཞིང་མཚན་ལ་འཇམ་དབྱངས་རྒྱ་མཚོ་ཞེས་གསོལ། ལོ་དེའི་དཔྱིད་ཆོས་ཆེན་མོར་ཚོགས་ཞུགས་གནང་སྟེ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་བརྩོན་འགྲུས་མཆོག་དགེ་རྒན་དུ་བསྟེན། སྔ་གཞུག་ཏུ་ཁོང་གི་ཁུ་བོ་རྗེ་བཙུན་འཇིགས་མེད་རྒྱ་མཚོ་དང་། རྗེ་སྐལ་བཟང་རྒྱ་མཚོ་རྣམ་གཉིས་གཙོས་རྗེ་བཙུན་བསྟན་འཛིན་རྒྱ་མཚོ་དང་། རྗེ་སྦྱིན་པ་རྒྱ་མཚོ་ལ་སོགས་པའི་བཤེས་གཉེན་དམ་པ་མང་བོ་བསྟེན་ནས་མདོ་ཕྱོགས་བཀའ་པོཏི་ཆེན་པོ་ལྔ་དང་། སྔགས་ཕྱོགས་རྒྱུད་སྡེ་བཞི་དང་བཅས་པའི་རྒྱ་བོད་ཀྱི་གཞུང་ཆེན་མང་བོར་དཔེ་གཟིགས་དོགས་གཅོད་རྒྱ་ཆེར་མཛད་ཅིང་དགོངས་དོན་བྱང་ཆུབ་པར་གནང་བས་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོའི་གོ་འཕང་བརྙེད། ཐུན་མོང་བའི་རིག་གནས་སུམ་རྟགས་དག་གསུམ་དང་། སྒྲ། སྙན་ངག། སྡེབ་སྦྱོར། སྨན། སྐར་རྩིས་དང་ནག་རྩིས། ས་དཔྱད་སོགས་ཀྱང་དཔྱིས་ཕྱིན་པར་སྦྱངས། དེ་ལྟར་མདོ་སྔགས་རིག་གནས་མཐའ་དག་ལ་སློབ་གཉེར་གནང་སྐབས་སྔ་གཞུག་ཏུ་སྐྱབས་འགྲོ་ཆོས་སྤྱོད་ལ་སོགས་པའི་སྐོར་གང་མང་དང་། བསྟོད་ཆེན་བཞི། བསྡུས་གྲྭའི་རྩ་ཚིག། བསྡུས་གྲྭའི་མཐའ་དཔྱོད། གྲུབ་མཐའ་རྩ་བ། གྲུབ་མཐའ་རིན་ཆེན་ཕྲེང་བ། ས་ལམ་རྣམ་བཞག་ཐེག་གསུམ་མཛེས་རྒྱན། དོན་བདུན་ཅུའི་མཐའ་དཔྱོད་མི་ཕམ་བླ་མའི་ཞལ་ལུང་། རྣམ་འགྲེལ་རྩ་བ། འགྲེལ་བ་དོན་གསལ། རྒྱན་འཇུག་གཉིས། རྒྱུད་བླ་མ། སྤྱོད་འཇུག་ཆེན་མོ། ཀུན་གཞིའི་རྩ་བ། ཕར་ཕྱིན་མཐའ་དཔྱོད་ཀྱི་སྟོད་ཆ་ཡོངས་རྗོགས། སྐབས་བཞི་བའི་མཐའ་དཔྱོད་སྡོམ་དང་བཅས་པ། དྲང་ངེས་ལེགས་བཤད་སྙིང་བོ། གསེར་ཕྲེང་སྐབས་གསུམ་པ། རྟེན་འབྲེལ་ལུང་རིགས་བང་མཛོད། བསམ་གཟུགས་ལེགས་བཤད་བུམ་བཟང་། དབུ་མ་ལུང་རིགས་སྒྲོན་མེའི་སེམས་བསྐྱེད་ལྔ་བ་ཡན། འཇུག་ཊཱིཀ་གསལ་བའི་མེ་ལོང་། མཛོད་རྩ་སྡོམ་གཉིས། འདུལ་སྡོམ། དབྱངས་ཅན་སྒྲ་མདོ། སྨན་གྱི་རྒྱུད་ཆུང་གསུམ་ལས་ཉེར་མཁོའི་སྐོར་ཤོག་ལྡེབས་བཞི་བཅུ་ལྷག་སོགས་གཞུང་ལུགས་མང་བོ་ཐུགས་འཛིན་བྱང་ཆུབ་པ་གནང་།
     དགུང་ལོ་ཉེར་གསུམ་པ་སྟེ་ཤིང་ལུག་ཕྱི་ལོ1955ལོར་མཁས་མང་འདུས་པ་འབུམ་སྡེའི་དབུས་སུ་ཕར་ཕྱིན་སྟོན་མོའི་དམ་བཅའ་ཕུལ་བས་མཁས་གྲགས་ཀྱིས་ས་སྟེང་ཁྱབ།
དགུང་ལོ་ཉེར་དྲུག་པ་སྟེ་ས་ཁྱི་ཕྱི་ལོ1958ལོར་དུས་ཟིང་གི་དབང་གིས་དགོན་པར་བཞུགས་མ་ཐུབ་པར་ཕྱི་ལོགས་སུ་བཞུགས་དགོས་བྱུང་།
     དགུང་ལོ་སུམ་ཅུ་བ་སྟེ་ཆུ་སྟག་ཕྱི་ལོ1962ལོར་ཕྱིར་དགོན་པར་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བསྟན་འཛིན་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།
     དགུང་ལོ་སོ་གཅིག་པ་སྟེ་ཆུ་ཡོས1963ལོར་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། དེ་ནས་རིམ་གྱིས་ལོ་བཅུའི་གོད་ཆག་གི་འགོ་བརྩམས་པས་དགོན་པའི་ནང་རྒྱུན་བཞུགས་གནང་མ་ཐུབ་པར་ལྷ་སྡེ་ཕྱོགས་ཡས་མས་སུ་བཞུགས་དགོས་བྱུང་ནའང་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་དམ་སྡོམ་སྤྱན་འབྲས་ལྟར་བསྲུང་ངོས་ནས་ཐོས་བསམ་གྱི་རྒྱུན་སྐྱོང་མུས་སུ་བཞུགས།
     དགུང་ལོ་ཞེ་གཉིས་པ་སྟེ་ཤིང་སྟག་ཕྱི་ལོ1964ལོར་ཕྱག་ཡུལ་ཁོ་ཚེ་རུ་ཕེབས་ནས་ལྷ་རྗེའི་བརྟུལ་ཞུགས་བཞེས་ཏེ་ཕྱོགས་ཀྱི་ནད་པ་མང་པོ་ན་བའི་སྡུག་བསྔལ་ལས་བསྒྲལ།
     དགུང་ལོ་ཞེ་དྲུག་པ་སྟེ་ས་རྟ་ཕྱི་ལོ1968ལོར་སྲིད་ཇུས་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཕྱིར་བླ་བྲང་དུ་ཕེབས་ནས་ལྷ་སྡེ་གོང་འགབ་སོགས་སུ་སྔར་འཕྲོའི་དཔེ་ཁྲིད་ཀྱི་རྒྱུན་བསྐྱངས། སྔ་གཞུག་ཏུ་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་། པཎ་ཆེན་ཡོངས་འཛིན་རྗེ་བསང་ཁོག་འཇིགས་མེད་ཚང་དང་། རྗེ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ། འཇམ་དབྱངས་བླ་མ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག། རྗེ་ལཱ་མོ་ཡོངས་འཛིན་རིན་པོ་ཆེ། རྗེ་དམེ་ཤུལ་འཇིགས་མེད་རྒྱ་མཚོ། རྗེ་བཙུན་བསམ་གཏན་རྒྱ་མཚོ། རྡོ་རྗེ་འཆང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་སོགས་རྡོ་རྗེ་འཆང་དངོས་དུ་མའི་ཞབས་ དྲུང་དུ། དུས་འཁོར་དབང་ཆེན། མི་ཏྲ་བརྒྱ་རྩ་དང་རྡོ་རྗེ་འཕྲེང་བ། བདེ་མཆོག་རབ་འབྱམས། རྔོག་དཀྱིལ་བདུན། བདེ་གསང་འཇིགས་གསུམ། སྒྲུབ་ཐབས་རིན་འབྱུང་། སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། ཞལ་རྣམ་འགྱུར་བཅུ་བདུན། གསེར་ཆོས་བཅུ་གསུམ། འཇམ་དབྱངས་ཆོས་སྐོར། མགོན་བཀའ་བཅུ་གསུམ། སྟག་ཕུའི་དག་སྣང་། རྣམ་སྲས་བཀའ་བཅོ་ལྔ། གྲུབ་ཆེན་བརྒྱད་ཅུའི་རྗེ་གནང་སོགས་སྤྱི་ཟུར་གྱི་དབང་དང་རྗེས་གནང་སྟོང་ཕྲག་ལྷག་གསན་པ་དང་། གཞན་ཡང་བསྟན་འགྱུར་ལས་ལུང་གང་ཡོད་དང་། རྗེ་ཡབ་སྲས་གསུམ་དང་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་བཀའ་འབུམ་གྱི་བཀླགས་ལུང་དང་ཁྲིད་བཤད་ལུང་སོགས་ཆོས་རྒྱུན་དཀོན་པ་མཐའ་དག་ཆེད་གཉེར་གྱིས་གསན་བཞེས་མཛད་པ་སོགས་དམ་པ་གང་གིས་སྐུ་ཚེ་གང་བོར་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་ཅིང་། དབང་ལུང་མན་ངག་སོགས་ཟབ་རྒྱས་གདམས་པ་བྱེ་བའི་གཏེར་མཛོད་དུ་གྱུར།
     དགུང་ལོ་ལྔ་བཅུ་བ་སྟེ་ཆུ་ཁྱི་ཕྱི་ལོ1982ལོར་བླ་བྲང་དགོན་པའི་དོ་དམ་ཁང་དུ་ཕེབས་ནས་བླ་མ་དང་གྲྭ་ཚང་ལ་ཞབས་ཞུ་གང་ལེགས་བསྒྲུབས་ལ། ཁྱད་པར་དུ་འདི་ནས་བཟུང་གཞུང་བཀའ་པོ་ཏི་ལྔའི་དཔེ་ཁྲིད་ཆུ་བོའི་རྒྱུན་བཞིན་གནང་སྟེ་གོད་ཆག་གི་སྐབས་སུ་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་ཉམས་རྒུད་དུ་གྱུར་པ་མཐའ་དག་སླར་གསོ་མཛད་པ་སོགས་ཆེས་གཞལ་དུ་མེད་པའི་བཀའ་དྲིན་བསྐྱངས།
     དགུང་ལོ་ང་གསུམ་པ་སྟེ་མེ་སྟག་ཕྱི་ལོ1986ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གསར་ཚུགས་སྐབས་ནས་བཟུང་ད་ལྟའི་བར་དགེ་རྒན་གྱི་འགན་བཞེས་ཏེ་མཛོད་དང་དབུ་ཕར། ལམ་རིམ་སོགས་ཀྱི་དཔེ་ཁྲིད་ཟབ་རྒྱས་གནང་།
     དགུང་ལོ་རེ་གཅིག་པ་སྟེ་ཆུ་བྱ་ཕྱི་ལོ1993ལོར་སློབ་གླིང་གིས་ཁོང་ལ་སློབ་དཔོན་ཆེན་མོའི་མཚན་གནས་ཕུལ།
     དགུང་ལོ་ང་བདུན་པ་སྟེ་ས་སྦྲུལ་ལོ་ནས་ཁོང་ལོ་ངོ་གསུམ་གྱི་རིང་ལ་གསོ་རིག་གཞན་ཕན་གླིང་གི་ཁྲི་ཁུར་བསྐྱངས་ཤིང་དཔལ་ལྡན་རྒྱུད་བཞི་དང་ལམ་རིམ་སོགས་ཀྱི་ཁྲིད་གནང་བར་མ་ཟད་བསྙེན་བཀུར་གཟབ་རྒྱས་ཕུལ། དགུང་ལོ་རེ་གསུམ་པ་སྟེ་ཤིང་ཕག་ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཆོས་ཁྲིར་བཞུགས་ཤིང་འགྲེལ་བ་བཞི་སྦྲགས་སོགས་ཀྱི་ཟབ་ཁྲིད་རྒྱས་པར་བསྩལ། གྲྭ་ཚང་རིན་པོ་ཆེ་ལ་མཆོད་འབུལ་བསྙེན་བཀུར་ཡང་རྒྱ་ཆེར་ཕུལ།
     དགུང་ལོ་དྲུག་ཅུ་བ་དང་རེ་གཉིས་པ་ལ་སྔ་གཞུག་ཏུ་ཐུའུ་བཀྭན་མཆོག་སྤྲུལ་སྐུ་ཕྲེང་བརྒྱད་པ་འཇམ་དབྱངས་བློ་བཟང་བསྟན་པའི་ཉི་མ་དང་། ཟམ་ཚ་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་བློ་བཟང་དཀོན་མཆོག་ནམ་མཁའ་རྒྱལ་མཚན་རྣམ་གཉིས་ཀྱི་ཡོངས་འཛིན་དུ་བཞུགས།
     དགུང་ལོ་རེ་དྲུག་པ་སྟེ་ས་སྟག་ཕྱི་ལོ1998ལོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་བོ་མཆོག་གི་ཡོངས་འཛིན་དུ་ཕེབས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་དབང་ལུང་མན་ངག་རྗེས་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཕུལ།
     དགུང་ལོ་དོན་གཉིས་པ་སྟེ་ཤིང་སྤྲེལ་ཕྱི་ལོ2004ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གདན་ཞུས་ལྟར་སྐབས་དང་བོའི་མཐོ་རིམ་རབ་འབྱམས་པའི་དགེ་རྒན་དུ་ཕེབས།
     དགུང་ལོ་དོན་དྲུག་པ་སྟེ་ས་བྱི་ཕྱི་ལོ2008ལོར་ཁྲི་ཆེན་འཇམ་པའི་དབྱངས་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཕུལ།
     སྔ་གཞུག་ཏུ་རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་བ་དང་བཅུ་བའི་ཨུ་ཡོན་དང་། སྲིད་གྲོས་ཀན་སུའུ་ཞིང་ཆེན་སྐབས་བདུན་པ་དང་བརྒྱད་པའི་ཨུ་ཡོན། སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློབ་དཔོན་ཆེན་མོ་བཅས་ཀྱི་འགན་བཞེས།
     གསུང་འབུམ་སྐོར་ལ་ཐོར་བུའི་ཚོགས་མང་ཡང་གཙོ་བོར་གྱུར་པ་ནི། ཕར་ཕྱིན་སྐབས་ཀྱི་དོགས་སློང་དང་བརྗོད་བྱ་རགས་ཙམ་བཀོད་པ་བླ་མའི་གསུང་རྒྱུན་བདུད་རྩིའི་ཐིགས་པ་ཞེས་བྱ་བ་དང་། དབུ་མའི་ལེགས་བཤད་ཀུན་ལས་བཏུས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་སྐལ་བཟང་ལེགས་ལམ་བགྲོད་པའི་ཐེམ་སྐས་དཔྱད་ལྡན་སྤྱི་ནོར་ཞེས་བྱ་བ། ལ་སོགས་པའི་གསུང་རྩོམ་མང་།
     མདོར་ན་དམ་པ་གང་གིས་བསྟན་འགྲོའི་དོན་མཛད་རྗེས་རླབས་ཆེན་བསྐྲུན་པའི་ཚུལ་ནི། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་། མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་ལ་སོགས་པའི་དགོན་སྡེ་ཡུལ་གྲུ་མང་པོར་མི་ཏྲ་རྡོར་འཕྲེང་དང་། སྒྲུབ་ཐབས་རིན་འབྱུང་སོགས་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་། ཁྲིད་དང་བཤད་ལུང་། གཞུང་ཆེན་བཀའ་པོ་ཏི་ལྔ་སྔགས་དང་བཅས་པའི་དཔེ་ཁྲིད་སོགས་དམ་པའི་ཆོས་ཀྱི་བདུན་ རྩིས་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་ཚིམས་པར་མཛད་ཅིང་། ཁྱད་པར་དུ་ཁོང་གིས་མཐུན་རྐྱེན་སྦྱར་ཏེ་ཁོ་ཚེ་དགོན་པའི་རིག་གནས་སློབ་གཉེར་ཁང་བཙུགས་པ་དང་། ཇུན་དཀར་ཚང་གི་ཇོའི་ཁང་ནང་དུ་སངས་རྒྱས་སྟོང་སྐུ་བཞེངས་པའི་མཐུན་རྐྱེན་སྦྱར་བ་སོགས་སྤང་བ་བསམ་གཏན་དང་། ཀློག་པ་ཐོས་བསམ། བྱ་བ་ལས་ཀྱི་འཁོར་ལོ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག་དང་འཇོག་མུས་སུ་བཞུགས་པ་ལགས་སོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།