logo

ཀུན་བཟང་བླ་མའི་ཞལ་ལུང་ལས་འཁོར་བའི་ཉེས་དམིགས།

རྩོམ་པ་པོ།:རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-24 ཀློག་གྲངས།:
    འཁོར་བའི་བྱ་བཞག་སྙིང་པོ་མེད་པར་དགོངས། །སྙིང་རྗེ་ཆེན་པོས་གཞན་དོན་འབའ་ཞིག་གཉེར། །སྲིད་ཞིར་མ་ཞེན་ཐེག་ཆེན་གཞུང་བཞིན་མཛད། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལོངས་མི་འགྱུར། །ཞེས་གསུངས། དེ་བཞིན་དུ་འཁོར་བ་ཐོག་མ་མེད་པ་ནས། ད་ལྟའི་བར་དུ་སྐྱེ་བ་འདི་མ་བླངས་བྱ་བ་མེད་པས་འདོད་པའི་ཕྱིར་མགོ་དང་ཡན་ལག་བཅད་པའང་གྲངས་ཀྱིས་མི་ཆོད། གྲོག་སྤུར་ལ་སོགས་སྲོག་ཆགས་ཕྲ་མོར་སྐྱེས་པའི་ཡན་ལག་རྣམས་ད་ལྟ་གཅིག་ཏུ་བསྡམ་རྒྱུ་ཡོད་ན་རི་ཡི་རྒྱལ་པོ་རི་རབ་ལས་ཀྱང་མཐོ། ཁ་ལ་ཟས་མེད་རྒྱབ་ལ་གོས་མེད། འཁྱག་ལྟོག་སྐོམ་གསུམ་ལ་སོགས་པའི་སྡུག་བསྔལ་མྱོང་ནས་ངུས་པའི་མཆི་མ་ཐམས་ཅད་མ་སྐམ་པར་བསགས་ན་མཐའི་རྒྱལ་མཚོ་ཆེན་པོ་ལས་ཀྱང་མང། དམྱལ་བའི་གནས་སུ་སྐྱེས་ཏེ་ཟངས་ཞུན་ཁོལ་མ་ཁོ་ན་རང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞི་ལས་མང་བ་ཞིག་བཏུང་བ་ཡིན་ཀྱང། ད་དུང་འཁོར་བའི་གནས་རིས་འདི་ལ་སྐྱོ་བའི་བློ་སྐད་ཅིག་ཀྱང་མི་སྐྱེ་བར་ཞེན་ཅིང་ཆགས་པས་བཅིངས་པ་རྣམས། འཁོར་བ་མཐའ་མེད་དུ་སྔར་གྱི་སྡུག་བསྔལ་དེ་ལས་ཀྱང་མང་བར་མྱོང་དགོས་པ་ཡིན། གལ་སྲིད་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ཕྲན་བུ་རེས་ཚངས་པ་དང་ལྷའི་དབང་པོ་ལྟ་བུ་ཚེ་རིང་ཞིང་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་ལུས་རྟེན་ཐོབ་ཀྱང་མཐར་འཆི་བའི་གནས་ལས་མ་འདས། ཤི་ནས་ཀྱང་ངན་སོང་གི་སྡུག་བསྔལ་ཉམ་ཐག་པ་ལ་སྤྱོད་པ་ཡིན་ན། ལུས་རྟེན་འདིར་དབང་ཕྱུག་དང་ནད་མེད་པ་ལ་སོགས་པའི་བདེ་བ་ཅུང་ཟད་ཙམ་པ་ནི་ལོ་ཤས་དང་ཟླ་བ་ཞག་འགའ་ཙམ་པས་མགོ་བསྐོར་ཏེ་མཐོ་རིས་ཀྱི་བདེ་འབྲས་ཟད་ནས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་འམ་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་ལ་མི་འདོད་བཞིན་དུ་སྤྱོད་དགོས་པས་ད་ལྟའི་བདེ་སྐྱིད་རྨི་ལམ་བདོ་འཕྲོ་ལ་སད་པ་ལྟ་བུ་འདི་ལ་སྙིང་པོ་ཅི་ཞིག་ཡོད། འཕྲལ་དུ་དགེ་འབྲས་ཕྲན་བུ་རེས་བདེ་ཞིང་སྐྱིད་པ་ལྟར་སྣང་བ་རྣམས་ཀྱང་འཕེན་བྱེད་ཀྱི་ལས་ཟད་ནས་སྐད་ཅིག་མ་གཅིག་ཀྱང་སྡོད་དབང་མེད་པ་ཡིན་ཏེ། རིན་པོ་ཆེའི་ཁྲི་ལ་ལྷའི་གོས་བཏིངས་པའི་སྟེང་ན་གནས་ཤིང་འདོད་བའི་ཡོན་ཏན་ལྔས་དགའ་མགུར་རྩེ་བའི་ལྷའི་དབང་པོ་རྣམས་ཀྱང་ཚེ་ཚད་རྫོགས་ནས་མིག་འབྱེད་འཛུམ་ཙམ་གྱི་ཡུན་ལ་དམྱལ་གནས་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་མགོ་ཐུར་དུ་བསྟན་ནས་ལྷུང་སྟེ་སྡུག་བསྔལ་ལ་སྤྱོད་པའང་ཡོད། གླིང་བཞི་འོད་ཀྱིས་སྣང་བར་བྱེད་པའི་ཉི་མ་དང་ཟླ་བ་གཉིས་ཀྱང་མཐར་གླིང་བར་མུན་པ་མུན་ནག་གི་ནང་དུ་སྐྱེས་ཏེ་རང་གི་ཡན་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་གནས་སྐབས་དེ་ལྟ་བུ་ཡོད་པ་ཡིན་པས། ལྟར་སྣང་འཁོར་བའི་བདེ་བ་ལ་བློ་གཏད་མི་འདུག་ །དེས་ན་ད་རེས་ཀྱི་སྐྱེ།བ་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ཏེ་གཏན་དུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ༌། གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག །དང་པོ་དམྱལ་བ་ལ་སྡེ་ཚན་བཅོ་བརྒྱད་ཡོད་པ་ལས། ཚ་དམྱལ་བརྒྱད་ནི། ཡང་སོས་ནས་རིམ་པ་བཞིན་འོག་ནས་འོག་ཏུ་མནར་མེད་པ་ལ་མ་ཐུག་གི་བར་དུ་ཁང་པའི་ཐོག་སོ་བཞིན་བརྩེགས་ནས་ཡོད་པ་ཡིན་ལ། དེ་དག་ཐམས་ཅད་ཀྱང་གཞི་དང་ཁོར་ཡུག་ཐམས་ཅད་མགར་གྱི་ལྕགས་བསྲེགས་ལྟ་བུ་རྡོག་པ་བཞག་པ་ཙམ་གྱི་བདེ་བར་མངོན་པ་ཡང་མེད་པར་མེ་ལྕེ་འབར་བའི་ཀློང་ཤིན་ཏུ་དབལ་ཚ་བ་ཁོ་ན་ཡིན། དེ་ལས་དང་པོ་ཡང་སོས་ནི། ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་མདག་མེ་འབར་བའི་ཀློང་དུ་དམྱལ་བའི་སེམས་ཅན་ཁ་བ་དང་བུ་ཡུག་འཚུབས་པ་ལྟ་བུ་གྲངས་མེད་པ་ལས་ཀྱི་དབང་གིས་ལྷན་ཅིག་ཏུ་བསྡུས་ཏེ། དེ་དག་ཀྱང་འཕེན་བྱེད་ཞེ་སྡང་གི་ལས་ཀྱིས་འཕངས་པས། དེའི་བྱེད་པ་རྒྱུ་མཐུན་ལས། ཐམས་ཅད་ཀྱང་དགྲ་མི་ཤ་བོ་མཐོང་བ་ལྟ་བུར་ཕན་ཚུན་ཁོང་ཁྲོའི་སེམས་སྐྱེས་ཏེ་འཐབ་པ་ན། ལས་ཀྱིས་སྤྲུལ་པའི་མཚོན་ཆ་བསམ་གྱིས་མི་ཁྱབ་པ་ལག་ཏུ་ལོན་པས་གཅིག་གིས་གཅིག་ལ་བརྡེགས་ནས་ཐམས་ཅད་ཀྱང་ཤི་ཞིང༌། ནམ་མཁའ་ལས་ཡང་སོས་བར་གྱུར་ཅིག་ཅེས་པའི་སྒྲ་གྲགས་མ་ཐག་ཐམས་ཅད་ཡང་སོས་ཏེ་སྔར་བཞིན་འཐབ་པ་སོགས་ཤི་སོས་རེས་མོས་བྱེད་པས་སྡུག་བསྔལ་བའོ། །ཚེ་ཚད་ནི་མི་ལོ་ལྔ་བཅུ་རེ་ལ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་ །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བརྩིས་པའི། ལྷའི་ལོ་ལྔ་བརྒྱ་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་དེ་ལྟར་བརྩིས་པའི་ཞག་སུམ་ཅུ་ལ་ཟླ་བ་དང༌། ཟླ་བ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་བའོ། །གཉིས་པ་ཐིག་ནག་ནི། ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེའི་ལུས་མགལ་དུམ་ལྟར་བསྒྱེལ། ཐིག་ནག་པོ་བཞི་བརྒྱད་བཅུ་དྲུག་སུམ་ཅུ་སོ་གཉིས་ལ་སོགས་པ་བཏབ་པའི་སྟེང་དུ་ལྕགས་ཀྱི་སོག་ལེ་མེ་འབར་བས་དྲ་བར་བྱེད་ཅིང༌། བཅད་ཟིན་པ་རྣམས་དེ་མ་ཐག་འབྱར་བ་ཡང་དུ་གཤོག་ཅིང་གཅོད་པས་སྡུག་བསྔལ་ལོ། །ཚེ་ཚད་ནི་མི་ལོ་བརྒྱ་ལྷ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ཏུ་བརྩིས་པའི་ལྷའི་ལོ་སྟོང་ཕྲག་གཅིག་ །དམྱལ་བ་ཐིག་ནག་གི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཐུབ་པའོ། །གསུམ་པ་བསྡུས་འཇོམས་ནི། ལྕགས་ཀྱི་གཏུན་ཆེན་པོ་ཡུལ་ལྗོངས་ཙམ་པ་རེའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བླུགས་ནས། ལྕགས་བསྲེགས་ཀྱི་ཐོ་བ་རི་རབ་ཙམ་པ་རེ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་གླད་ལ་བསྐོར་ནས་བརྡུངས་པས་ཐམས་ཅད་ཀྱང་དུ་ཅོ་དིར་རེ་གནད་གཅོད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པའི་དང་དུ་ཤི། ཐོ་བ་བཏེག་བ་ན་སླར་སོས་ཏེ་སྔར་བཞིན་སྡུག་བསྔལ་མྱོང་བ་དང༌། གཞན་ཡང་ལུང་པ་ཕན་ཚུན་གྱི་རི་ཐམས་ཅད་སྔར་རང་གིས་གང་བསད་པའི་སྲོག་ཆགས་ཤྭ་བ་དང༌། དགོ་བ་དང༌། ར་ལུག་ལ་སོགས་པའི་མགོ་བརྙན་དུ་གྱུར་པའི་རྭ་རྩེན་མེ་འབར་བས་རྡུང་ཁ་བ་ཀྱེ་བའི་བར་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་ལས་དབང་གིས་དེད་དེ་བརྒྱབ་པས་ཕན་ཚུན་བརྡུངས་པའི་ཚེ་ཐམས་ཅད་ཤི། སླར་ཕྱེ་བའི་ཚེ་སོས་པ་ཡང་སྔར་ལྟར་འཇོམས་པ་སོགས་ཀྱི་སྡུག་བསྔལ་མི་ལོ་ཉིས་བརྒྱ་ལྷ་འཐབ་བྲལ་གྱི་ཞག་གཅིག་ཏུ་བརྩི་ཞིང༌། ལྷའི་ལོ་གཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་བྱས་པའི་རང་ལོ་སྟོང་ཕྲག་གཉིས་ཀྱི་བར་དུ་མྱོང་བའོ།  །བཞི་པ་ངུ་འབོད་ནི། ལྕགས་བསྲེགས་ཀྱི་ཁང་པ་སྒོ་མེད་པའི་ནང་དུ་འཚེད་ཅིང་སྡུག་བསྔལ་བ་འདི་ནས་ཐར་པའི་དུས་མི་འོང་སྙམ་དུ་འོ་དོད་དྲག་པོ་འབོད་པ་སྟེ། མི་ལོ་བཞི་བརྒྱ་ལྷ་དགའ་ལྡན་གྱི་ཞག་གཅིག །དགའ་ལྡན་གྱི་ལོ་བཞི་སྟོང་དུ་འབོད་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཕྲག་བཞི་ཐུབ་པའོ། །ལྔ་པ་ངུ་འབོད་ཆེན་པོ་ནི། གཤིན་རྗེའི་ལས་མཁན་མཚོན་ཆ་ཐོགས་པ་འཇིགས་སུ་རུང་བ་མང་པོས་དམྱལ་བའི་སེམས་ཅན་གྲངས་མེད་པ་དེད་དེ་ལྕགས་ཀྱི་ཁྱིམ་འབར་བ་གཉིས་རིམ་དུ་བཅུག་ནས་ཐོ་བ་ལ་སོགས་པས་རྡེག་ཅིང༌། སྒོ་ཕྱི་ནང་གཉིས་ཀ་ལྕགས་ཞུན་གྱི་ཞལ་བ་བྱས་པས་ནང་མ་ལས་ཐར་ཀྱང་ཕྱི་མ་ལས་མི་ཐར་སྙམ་དུ་འོ་དོད་ཆེན་པོ་འབོད་པའོ། །ཚེ་ཚད་ནི་མི་ལོ་བརྒྱད་བརྒྱ་ལྷ་འཕྲུལ་དགའི་ཞག་གཅིག་བྱས་པའི་ལྷའི་ལོ་བརྒྱད་སྟོང་དུ་འབོད་ཆེན་པོའི་ཞག་གཅིག་སྟེ། དེ་ལྟ་བུའི་ལོ་སྟོང་ཕྲག་བརྒྱད་ཐུབ་པའོ།  །དྲུག་པ་ཚ་བ་ནི། ལྕགས་ཀྱི་སྣོད་ཆེན་པོ་སྟོང་གསུམ་ཙམ་པར་ཁྲོ་ཆུ་ཁོལ་མའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་འཚོད་བས་སྡུག་བསྔལ་ཞིང༌། སྟེང་དུ་ཐོན་པའི་རེས་ལ་ལས་མཁན་རྣམས་ཀྱིས་ལྕགས་ཀྱུས་བཟུང་སྟེ། མགོ་ལ་ཐོ་ལུམ་གྱིས་བསྣུན་པས་དྲན་པ་ཉམས་པའི་ཚེ་སྡུག་བསྔལ་གྱི་ཚོར་བ་མ་མྱོང་བ་ཙམ་བདེ་བར་བསྒོམ་ཞིང་ཤིན་ཏུ་སྡུག་བསྔལ་བ། མི་ལོ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་ཞག་གཅིག །ལྷའི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་ཕྲག་གཅིག་དང་སྟོང་ཚོ་དྲུག་ཐུབ་པའོ། །བདུན་པ་རབ་ཏུ་ཚ་པ་ནི། ལྕགས་ཀྱི་ཁྱིམ་མེ་འབར་བའི་ནང་དུ་ལས་མཁན་རྣམས་ཀྱིས་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་མེ་འབར་བས་རྐང་མཐིལ་གཉིས་དང་འོག་སྔོ་ནས་འཛུགས་ཤིང་ཕྲག་པ་གཉིས་དང་སྤྱི་བོ་ནས་ཐལ་མར་འབྱིན། ལྕགས་བསྲེགས་ཀྱི་སྣམ་བུས་ལུས་ཀྱི་ཕྱིན་ནས་དཀྲིས་པས་ཤིན་ཏུ་སྡུག་བསྔལ་བའོ། །ཚེ་ཚད་ནི་པར་གྱི་བསྐལ་པ་ཕྱེད་ཐུབ་པ་སྟེ། མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས་པའོ། །མནར་མེད་པ་ནི། ལྕགས་ཁྱིམ་མེ་འབར་བ་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་དུམ་བུ་སོལ་བ་ལྟ་བུ་རི་ཙམ་དུ་སྤུངས་པའི་དབུས་སུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། སྟག་གཟིག་གི་སྦུད་པ་བུས་པས་མེ་དང་ལུས་གཉིས་མེད་དུ་སྲེག །སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་རགས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས་ལུས་དངོས་ལྟར་མི་མངོན། ཐར་བར་འདོད་པའི་བློ་རྒྱུན་ཆད་མེད་པར་སྐྱེ་ཡང་ཐར་པའི་དུས་ནི་མེད། སྐབས་རེར་མེ་སྒོ་ཅུང་ཟད་རེ་ཕྱེ་བས་བྲོས་པར་རློམ་པ་ན། ལས་མཁན་རྣམས་ཀྱིས་མདའ་བོ་ཆེ་དང༌། དབྱུག་པ་དང༌། ཐོ་བ་ལ་སོགས་པས་བསྣུན་ཅིང༌། ཁྲོ་ཆུ་ཁོལ་མཁར་ལྡུགས་པ་སོགས་དམྱལ་བསྡམ་བདུན་པོའི་སྡུག་བསྔལ་ཀྱང་ཚང་བར་མྱོང་དགོས། ཚེ་ཚད་བར་གྱི་བསྐལ་པ་གཅིག་ཐུབ་པ་སྟེ། དེ་ལས་ལྷག་པ་མནར་རྒྱུ་མེད་པས་མནར་མེད་ཅེས་བྱ། འདི་ནི་མཚམས་མེད་པའི་ལས་བྱས་པའི་སེམས་ཅན་དང༌། སྔགས་སུ་ཞུགས་ནས་རྡོ་རྗེ་སློབ་དཔོན་ལ་ལོག་ལྟ་སྐྱེས་པ་སོགས་སྐྱེ་བའི་གནས་ཡིན་ཏེ། ལས་གཞན་གྱིས་འདིར་སྐྱེ་མི་ནུས། དེའི་འཁོར་ཉེ་འཁོར་བ་ནི། མནར་མེད་ཀྱི་ཕྱོགས་བཞི་སོ་སོན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང༌། རལ་གྲི་ལོ་མའི་ནགས་ཚལ་བཞི་པོ། ཤར་ན་བཞི། ལྷོ་ན་བཞི། ནུབ་ན་བཞི། བྱང་ན་བཞི་དང་བཅུ་དྲུག། ཤར་ལྷོ་མཚམས་ན་ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་གཅིག །དེ་བཞིན་ལྷོ་ནུབ། ནུབ་བྱང༌། བྱང་ཤར་རྣམས་ནའང་རེ་རེ་དང་བཅས་པ་ཡོད་པ་ལས། དང་པོ་མེ་མ་མུར་གྱི་འོབས་ནི། དམྱལ་བ་མནར་མེད་ཀྱི་ལས་སྲབ་པ་དག་ཕྱིར་ཐོན་པའི་ཚེ་རྒྱང་རིང་པོ་ནས་གྲིབ་མ་ནག་དམ་མེ་བའི་འོབས་མཐོང་ནས་དགའ་སྟེ་ཕྱིན་པས། ཐལ་ཚན་གྱི་མདག་མེ་རབ་ཏུ་འབར་བའི་འོབས་སུ་ཚུད་དེ་ཤ་རུས་ཚིག་ཅིང་སྡུག་བསྔལ་བའོ། །གཉིས་པ་རོ་མྱགས་ཀྱི་འདམ་ནི། དེ་བཞིན་དུ་རྒྱང་རིང་པོ་ན་ཆུ་ཀླུང་མཐོང་སྟེ། སྔར་བསྐལ་པ་ཆེན་པོ་ཞིག་འཇིག་གི་བར་དུ་མེ་དཔུང་དུ་བཙོས་པས་སྐོམ་ཚད་ཀྱིས་ཆུ་མཐོང་བ་ལ་དགའ་སྟེ་འཐུང་དུ་ཕྱིན་པས་དེ་ན་ཆུ་ཞིག་ཅི་ལ་ཡོད། མི་རོ་རྟ་རོ་ཁྱི་རོལ་སོགས་རོ་རུལ་པ་ཤིན་ཏུ་དྲི་ང་བ་འབུས་གཡེང་བ་འབའ་ཞིག་གི་འདམ་དུ་ཚུད་དེ་སྤྱི་བོའི་བར་དུ་ནུབ། སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་རྣམས་ཀྱིས་ཟ་བས་སྡུག་བསྔལ་བའོ། །གསུམ་པ་སྤུ་གྲིའི་ཐང་ནི། ཡང་དེ་ནས་ཐར་ཏེ་ཕྱིན་པས་ཐང་སྡོན་པོ་ཉམས་དགའ་བ་ཞིག་མཐོང་བ་ལ་ཕྱིན་པས་མཚོན་ཆའི་ཐང་དང་ཐུག །ས་གཞི་ཐམས་ཅད་ལྕགས་བསྲེགས་ཀྱི་ཐུར་མ་རྣོན་པོ་རྩྭ་ལྟར་སྐྱེས་པའི་སྟེང་དུ་རྐང་པ་གཡས་བཞག་ན་གཡས་ཕུག་གཡོན་བཞག་ན་གཡོན་ཕུག་པ་བཏེག་བའི་ཚེ་སོས་ཤིང༌། བཞག་ན་སྔར་ལྟར་གཅོད་པས་སྡུག་བསྔལ་བའོ།  །བཞི་པ་རལ་གྲིའི་ཚལ་ནི། ཡང་དེ་ལས་ཐར་ཏེ་ནགས་ཚལ་ཉམས་དགའ་བ་མཐོང་བ་ལ་དགའ་ནས་རྒྱུག་པས་དེར་ནགས་ཚལ་ཉམས་དགའ་བ་ཅི་ལ་ཡོད། རལ་གྲི་ལོ་མའི་ནགས་ཚལ་དང་འཕྲད་དེ། ལྕགས་ཀྱི་སྡོང་པོ་ལ་རལ་གྲི་མང་པོ་ལོ་མ་ལྟར་སྐྱེས་པ་རླུང་གིས་བསྐྱོད་པས་ལུས་དུམ་བུ་དུམ་བུར་གཅོད་ཅིང་ཡང་སྔར་ལྟར་འབྱར་ནས་གཅོད་པའི་སྡུག་བསྔལ་མྱོང་བའོ། །ལྕགས་ཀྱི་ཤལ་མ་རི་ནི། བཙུན་འཆལ་སྡོམ་ཉམས་ཚངས་སྤྱོད་ཉམས་པ་རྣམས་དང་འདོད་ལོག་སྤྱོད་པ་རྣམས་སྐྱེ་བའི་གནས་ཡིན་ཏེ། ལས་ཀྱི་དབང་གིས་ལྕགས་ཀྱི་ཤལ་མ་རི་འཇིགས་སུ་རུང་བའི་དྲུང་དུ་སླེབ་པ་ན། རི་རྩེན་སྔར་རང་ལ་དགའ་གདུང་ཡོད་པའི་གྲོགས་དེས་འབོད་པར་མཐོང་ནས་ཕྱིན་པས་ལྕགས་ཀྱི་སྡོང་པོ་སྐྱེས་པའི་ལོ་མ་ཐམས་ཅད་ཐུར་དུ་བསྟན་པས་འབིགས་ཤིང༌། རི་རྩེར་སླེབ་ཚེ་ཁྭ་དང་བྱ་རྒོད་ལ་སོགས་པས་མིག་ཚིལ་འབྲུ། ཡང་རིའི་རྩ་བ་ན་འབོད་པར་མཐོང་ནས་སྔར་བཞིན་ཕྱིན་པ་དང༌། ལོ་མ་ཐམས་ཅད་གྱེན་དུ་བསྟན་པས་བྲང་གཞུང་ནས་རྒྱབ་གཞུང་དུ་ཐལ་མར་འབིགས་ཤིང༌། རིའི་རྩ་བར་ཕྱིན་པས་ལྕགས་ཀྱི་སྐྱེས་པ་དང༌། བུད་མེད་འཇིགས་སུ་རུང་བས་འཁྱུད་ནས་མགོ་བོ་ཁར་བཅུག་སྟེ་བལྡད་པས་འགྲམ་ཁུག་གཉིས་ནས་ཀླད་པ་སྐྱ་ཙིར་གྱིས་འོང་བ་སོགས་ཀྱིས་སྡུག་བསྔལ་བའོ། །དེ་ལྟར་ཚ་བའི་དམྱལ་བ་བརྒྱད། འཁོར་ལྷག་པ་བཅུ་དྲུག །ལྕགས་ཀྱི་ཤལ་མ་ལི་ལ་སོགས་པ་དེ་དག་གི་སྡུག་བསྔལ་རང་གིས་ལེགས་པར་དཔྱད་ནས། དབེན་པར་སོང་སྟེ་མིག་བཙུམ་ཞིང་རང་ཉིད་དམྱལ་བའི་གནས་དེར་མངོན་སུམ་དུ་སྐྱེས་པར་བསྒོམ། འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣང་བ་མངོན་སུམ་ལྟ་བུར་སྐྱེས་པ་ན། ག་རེ་རང་རེས་དེར་སྐྱེས་པ་མིན་ཀྱང་དེའི་སྡུག་བསྔལ་སེམས་ཐོག་ཏུ་བླངས་པ་ཙམ་ལ་ཡང་འཇིགས་སྐྲག་དང་སྡུག་བསྔལ་དེ་ཙམ་འདུག །ད་ལྟ་དེར་སྐྱེས་པའི་སེམས་ཅན་གྲངས་ཀྱིས་མི་ཆོད་པ་ཡོད། དེ་ཐམས་ཅད་ཀྱང་རང་གི་སྐྱེ་བ་སྔོན་མའི་ཕ་མ་ཤ་སྟག་ཡིན། སྐྱེ་བ་འདིའི་ཕ་མ་དང་ཉེ་དུ་མཛའ་བཤེས་སོགས་དུ་མ་ཤི་བ་དེ་དག་ཀྱང་དེར་སྐྱེས་མེད་པའི་ངེས་པ་མེད། གནས་རིས་དེ་དག་ཏུ་སྐྱེ་བའི་རྒྱུའི་གཙོ་བོ་ནི་ཞེ་སྡང་གི་ལས་ཡིན། རང་རེས་ཀྱང་ཚེ་རབས་འདི་དང་གཞན་དུ་ཉོན་མོངས་པ་ཞེ་སྡང་གི་ལས་བསགས་པ་ལ་གྲངས་ཀྱིས་མི་ཆོད་པ་ཡོད་པས་སྐྱེ་བ་གཞན་དུ་དམྱལ་བའི་གནས་དེ་དག་ཏུ་སྐྱེ་ངེས། དེས་ན་ད་རེས་རང་གིས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཉན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཏུ་ཡོད་བའི་དུས་འདིར། ཕྱིན་ཆད་ངན་སོང་གི་གནས་དེ་དག་ཏུ་གཏན་ནས་མི་སྐྱེ་བའི་ཐབས་ལ་འབད་དགོས་སྙམ་དུ་ཡང་ཡང་བསམ། སྔར་བྱས་ཀྱི་ལས་ངན་པ་རྣམས་ལ་འགྱོད་པ་དྲག་པོས་བཤགས་པ་དང༌། ཕྱིན་ཆད་དམྱལ་བ་དེ་དག་ཏུ་སྐྱེ་བའི་ལས་སྲོག་ལ་བབས་ཀྱང་བསགས་རེ་ཤི་སྙམ་པའི་དམ་བཅའ་དྲག་པོ་བྱ། ད་ལྟ་དེར་སྐྱེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་བསྒོམ། དེ་དག་ཐམས་ཅད་ད་ལྟ་ཉིད་དུ་ངན་སོང་གི་གནས་རིས་ལས་ཐར་བར་གྱུར་ཅིག་སྙམ་དུ་སྨོན་ལམ་གདབ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ༌། །གཉིས་པ་གྲང་དམྱལ་བརྒྱད་ནི། སྤྱི་མཐུན་དུ་གཞི་དང་འཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད། བུ་ཡུག་འབའ་ཞིག་གིས་སྦྲེབས་པའི་གནས་སུ་གཅེར་བུ་གྲང་བའི་སྡུག་བསྔལ་གྱིས་ཉམས་པས་ལུས་ལ་ཆུ་བུར་ཐོལ་ཐོལ་རྡོལ་བ་ནི་ཆུ་བུར་ཅན། ཆུ་བུར་དེ་དག་རྡོལ་ནས་རྨར་སོང་བ་ཆུ་བུར་རྡོལ་བ། གྲང་བའི་ཟུག་རྔུ་བསྲན་མི་བཟོད་པར་སོ་འཚིར་བས་སོ་ཐམ་ཐམ་པ། སྨྲེ་སྔགས་རྒྱུན་མི་འཆད་པ་འདོན་པས་ཨ་ཆུ་ཆུ། སྐད་ཀྱི་གདངས་ཆག་པས་ཤུགས་རིང་ཀྱི་ཧུད་དུ་འདོན་པ་ཀྱི་ཧུད་འདོན་པ། ཕྱིའི་ལྤགས་མདོག་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་པ་ཨུཏྤལ་ལྟར་གས་པ། ནང་གི་ཤ་དམར་པོར་མངོན་པ་ཡང་གྲང་བས་འཁྱགས་ནས་བརྒྱད་ཚལ་དུ་གས་པ་པདྨ་ལྟར་གས་པ། དེ་ལས་ཀྱང་དམར་ནག་དུ་གྱུར་ཏེ་བཅུ་དྲུག་དང༌། སོ་གཉིས་གྲངས་མེད་པར་གས་པ་པདྨ་ཆེན་པོ་ལྟར་གས་པ། དེ་ལྟར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མྱོང་བ་ལས། སྡུག་བསྔལ་མི་འདྲ་བ་བརྒྱད་ལ་མིང་བརྒྱད་དུ་ཆགས་པ་གྲང་བའི་དམྱལ་བ་བརྒྱད་ཅེས་བྱ། དེ་དག་གི་ཚེ་ཚད་ནི། གྲོང་ཁྱེར་ཀོས་ལའི་བྲེས་གཞལ་བའི་བཅུ་ཚད་ཉི་ཤུ་ཤོང་བའི་གཞོང་པ་ཏིལ་གྱིས་གང་བ་ལས་ཆུ་བུར་ཅན་གྱི་ལོ་བརྒྱ་རེ་ན་ཏིལ་རེ་རེ་ཕྱུངས་པས་ཏིལ་ཐམས་ཅད་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་པ་ཡིན་ལ། ལྷག་མ་རྣམས་དེ་ལས་རིམ་པར་ཉི་ཤུ་རེའི་འགྱུར་གྱིས་ཚེ་ཇི་རིང་སྡུག་བསྔལ་ཇེ་ཆེ་ཡིན་ཏེ། ཆུ་བུར་ཅན་གྱི་ཚེ་ཚད་ཙམ་པ་ཉི་ཤུ་ཆུ་བུར་བརྡོལ་བས་ཐུབ། དེའི་ཚེ་ཚད་ཙམ་པ་ཉི་ཤུ་སོ་ཐམ་པས་ཐུབ་པ་སོགས་འགྲེ་བར་བྱའོ། །དེ་དག་གི་སྡུག་བསྔལ་ཡང་སྔར་ལྟར་རང་རྒྱུད་ལ་བླངས་ནས་བསྒོམ་ཞིང༌། ད་ལྟ་མི་ཡུལ་འདིར་དགུན་གྱི་དུས་སུ་གཅེར་བུར་སྐད་ཅིག་ཙམ་སྡོད་པའི་གྲང་ལྷགས་ཀྱི་སྡུག་བསྔལ་ཡང་བཟོད་མི་ནུས་ན། དེར་སྐྱེས་ན་ཇི་ལྟར་བཟོད་སྙམ་དུ་རང་རྒྱུད་ཀྱི་ཉེས་པ་ལ་བཤགས་སྡོམ་དང༌། གནས་དེར་སྐྱེས་པའི་སེམས་ཅན་ལ་སྙིང་རྗེ་སྒོམ་པ་སོགས་སྡར་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ༌། །ཉི་ཚེ་བ་ནི། གནས་ཀྱང་ངེས་མེད་སྡུག་བསྔལ་ཡང་ངེས་མེད་ཡིན་ཏེ། བྲག་གི་བར་དུ་བཅར་བ་དང༌། རྡོ་ཡི་ནང་དུ་འཐུམ་པ་དང༌། ཆབ་རོམ་གྱི་ནང་དུ་རེངས་པ་དང༌། ཆུ་ཚན་གྱི་ནང་དུ་འཚོད་པ་དང༌། མེ་ནང་དུ་སྲེག་པ་དང༌། ཤིང་སྡོང་ལ་བཅད་གཏུབ་བྱས་པས། རང་ཉིད་ཀྱི་ཡན་ལག་དང་ཉིང་ལག་བཅད་པར་ཉེར་ལེན་བྱས་ཏེ་སྡུག་བསྔལ་བ་དང༌། གཏུན་དང༌། ཕྱགས་མ་དང༌། ཕྲུ་བ་དང༌། སྒོ་དང༌། ཀ་བ་དང༌། སྒྱེད་བུ་དང༌། ཐག་པ་ལ་སོགས་པ་རྟག་ཏུ་བཀོལ་ཞིང་སྤྱོད་པའི་གཟུགས་སུ་འདུ་ཤེས་པས་སྡུག་བསྔལ་དེ་དག་མྱོང་བ་སྟེ། དཔེར་ན་འགྲོ་མགོན་གླིང་རྗེ་རས་པས་ཡར་འབྲོག་མཚོ་ནང་ན་ཉ་གཟིགས་པ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རྡོ་ནང་ན་སྦལ་པ་གཟིགས་པ་སོགས་ཡིན། དེ་ཡང་ཡར་འབྲོག་གཡུ་མཚོ་སྔོན་མོ་དེར། སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྒྲུབ་པ་ལ་བཞུགས་སྐབས་བོན་པོས་གསེར་བཙོ་ཞོ་གང་འཕངས་པ་མཚོར་བསྒྱུར་བ་ཡིན་ཏེ། གྲགས་པའི་མཚོ་ཆེན་བཞིའི་གཅིག་ཡིན། མཚོ་མགོ་དེར་ལུང་གངས་ཆེན་དང༌། མཚོ་གཞུག་ཟས་མ་རྒུ་རུ་ལ་ཟུག་ནས་ཉིན་ལམ་མང་པོའི་བར་དུ་ཡོད་པ་ལ། གྲུབ་ཆེན་གླིང་རྗེ་རས་པས་མཚོ་ནང་དེར་གཟིགས་ནས་བཤུམ། ཨ་ཁ་ཁ་དཀོར་མ་ཟ་དཀོར་མ་ཟ་ཞེས་གསུངས། དེ་ཅི་ལགས་ཞུས་པས། མཚོ་ནང་འདིར་བླ་མ་དཀོར་ཟན་ཞིག་གི་རྣམ་ཤེས། ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ་སྡུག་བསྔལ་མང་པོ་མྱོང་གིན་འདུག་གསུངས། དེ་སྟོན་པར་ཞུས་པས་རྫུ་འཕྲུལ་གྱིས་མཚོ་དེ་སྐད་ཅིག་ལ་བསྐམ་ཙ་ན། ཉ་ཆེན་པོ་ཞིག་གི་ལུས་ཀྱིས་མཚོ་དེས་གར་སླེབ་ཏུ་སླེབ་པ་ལ་སྲོག་ཆགས་གྲངས་མེད་པས་གོ་མཚམས་མེད་པར་གཏམས་ཏེ་ཟོས་བའི་སྡུག་བསྔལ་མི་བཟོད་པས་འགྲེ་ལྡོག་ལྡོག་བྱེད་ཀྱིན་འདུག །འདི་ལྟ་བུའི་ལས་ངན་པ་སུ་ཞིག་གི་སྐྱེ་བ་ལགས་ཞུས་པས། འདི་གཙང་བླ་རྟ་ནག་ཅན་གྱི་སྐྱེ་བ་ཡིན་གསུངས། གཙང་བླ་རྟ་ནག་ཅན་བྱ་བ་དེ། ངག་ནུས་དང་བྱིན་རླབས་ཤིན་ཏུ་ཆེ་ཞིང༌། འདྲེ་གདོན་གྱིས་ཉེན་པ་རྣམས་ལ་ལྟ་སྟངས་བྱས་པ་ཙམ་གྱིས་ཕན་པ་སོགས་བྱུང་བས་དབུས་གཙང་རུ་བཞིའི་མཆོད་གནས་སུ་གྱུར་ཏེ། གཤིན་པོའི་འབུལ་བ་བྱས་པ་སོགས་ལ་ཕཊ་ཤར་རེ་སྒྲགས་ནས་རྟ་ཟོག་མང་པོ་བླང་འགྲོ་བ་ཞིག་ཡོད་པ་དེ་ཡིན། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་རྩ་རླུང་གི་འཁྲུལ་འཁོར་མཛད་པས། རྡོ་དེ་ཕྱེད་ཚལ་དུ་གས་པའི་ནང་ན་སྦལ་པ་ཆེན་པོ་ཞིག་གི་ལུས་ལ་སྲོག་ཆགས་ཆུང་དུ་གྲངས་མེད་པ་འབྱར་ནས་ཟོས་པས་སྡུག་བསྔལ་མི་བཟོད་པར་ཁ་ནག་དེང་དེང་འདུག་པ་འདི་ཅི་ལགས་ཞུས་པས། འདི་དམར་ཆོག་བྱེད་པའི་བླ་མ་གཅིག་གི་སྐྱེ་བ་ཡིན་གསུངས། ད་ལྟ་བླ་མ་རྣམ་པ་ཚོ་ཡང༌། ཡོན་བདག་གི་བཤའ་ལུག་ཚོ་བ་དང་རྒྱགས་པ་རེ་བཤས་ནས་མིད་པ་དང་མཚེར་པ་སོགས་ཤ་ཁྲག་གིས་གཡོས། ཚང་འབྲོང་གི་རྩིབས་ཤ་འདར་ཅུམ་མེ་བའི་སྟེང་དུ་བཞག་ནས་དྲངས་ཙ་ན། མན་བས་གཟན་དེ་དབུ་ལ་འཐེན་ནས། ནང་ཆ་རྣམས་བྱིས་པས་ནུ་མ་ནུ་ནུ་མཛད། ཕྱག་ཤན་དེ་ཁ་ཞིག་བླངས་ནས་ཕྱི་ཤ་རྣམས་དལ་བུས་གསོལ། བཞེས་པ་ཟིན་ཙ་ན་ཞལ་སྣུམ་ཆིལ་ལེ། དབུ་རླངས་པ་ཕལ་ལེ། སྔར་གྱི་དེ་མ་ཡིན་པའི་རྒྱ་དམར་ཙིག་གེ་བ་ཞིག་བྱས་ནས་དབུ་བཏེག་འོང་བར་འདུག་སྟེ། ཚེ་འདིར་གསོལ་གསོལ་བའི་བུ་ལོན་ཕྱི་མ་སྐུ་ལུས་ཀྱི་སྟེང་ནས་འཇལ་དགོས་བྱུང་ཙ་ན། ཉི་ཚེ་བའི་དམྱལ་གནས་སུ་འོ་བ་རྒྱལ་ཆེན་པོ་ཡོད་པར་འདུག །དེ་བཞིན་དུ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སྡེ་དགེ་ན་བཞུགས་སྐབས། ཉིན་གཅིག་དེ་རིང་རྔུལ་མདའི་ཆུ་ནང་འདིར་གང་བྱུང་ཡང་གཏོང་མི་ཉན་ཞེས་གྲྭ་པ་མང་པོ་སྒུག་ཏུ་བཅུག །ཕྱི་དྲོ་ཙམ་ན་ཤིང་སྡོང་དུམ་ཆེན་པོ་ཞིག་ཆུས་ཁྱེར་བྱུང་བ་དེ་བླངས་ནས་དེ་ལས་གཞན་གང་ཡང་མ་བྱུང་ཞུས་པས་དེ་ཡིན། སྡོང་དུམ་དེ་གཤོགས་དང་གསུངས། སྡོང་དུམ་གཤགས་པའི་ནང་ན་སྦལ་པ་ཆེན་པོ་ཞིག་ལ་སྲོག་ཆགས་མང་པོས་ཟ་གིན་འདུག་པ་དེ་ལ་ཁྲུས་ཆོག་སོགས་མཛད། སྡེ་དགེའི་གཉེར་པ་བོ་རྒྱས་བྱ་བ་ཞིག་གི་སྐྱེ་བ་ཡིན་གསུངས། དེས་ན་མི་དཔོན་ཁེ་དྲག་སྡེ་ཟ་བ་རྣམས་ཀྱང་ད་ལྟ་དབང་ཆེ་ཡང་དམྱལ་གནས་འདི་དག་ལ་བསམས་ནས་སྟབས་གཟབ་བྱེད་དགོས་པར་འདུག །དེ་བཞིན་དུ་སྔོན་བཅོམ་ལྡན་འདས་བཞུགས་སྐབས་གནས་པའི་གྲོང་གི་ཤན་པ་ཞིག་གིས་མཚན་མོ་སྲོག་མི་གཅོད་པའི་ཁྲིམས་བླངས་པ་ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ། མཚན་མོ་ཁང་བཟང་ཉམས་དགའ་བའི་ནང་དུ་བུད་མེད་མཛེས་མ་བཞིས་བཟའ་བཏུང་དང་ལོངས་སྤྱོད་ཀྱིས་མཆོད་ཅིང་ཤིན་ཏུ་སྐྱིད་པ་ལ། ཉིན་མོ་ཁང་པ་ཡང་ལྕགས་བསྲེགས་ཀྱི་ཁང་པར་གནས་འགྱུར། བུད་མེད་བཞི་ཁྱི་སྲེ་པོ་འཇིགས་སུ་རུང་བར་གྱུར་ནས་ཟ་བར་བྱེད་པ་དང༌། ཡང་བྱི་ཕོ་བྱེད་པས་ཉིན་མོ་བྱི་བོ་མི་བྱེད་པའི་སྡོམ་པ་བླངས་པས་ཉིན་མཚན་གྱི་སྐྱིད་སྡུག་སྔར་གྱི་དེ་ལས་ལྡོག་པར་མྱོང་བ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་གཟིགས་པ་དང༌། གཙུག་ལག་ཁང་ཡིད་དུ་འོང་བར་དགེ་སློང་ལྔ་བརྒྱ་ཙམ་གནས་པ་ཉིན་གུང་ཙམ་ལ་གཎྜི་བརྡུངས་ནས་གདུགས་ཚོད་ལ་འདུས་ཚེ་གཙུག་ལག་ཁང་ལྕགས་བསྲེགས་ཀྱི་ཁང་པ་དང༌། ལྷུང་བཟེད་དང་ཕོར་པ་སོགས་མཚོན་ཆར་གནས་གྱུར་ནས་རྡེག་རེས་འབའ་ཞིག་བྱེད་གདུགས་ཚོད་ཡོལ་བའི་ཚོད་ལ་སྔར་བཞིན་གྱེས་ཏེ་གནས་པ། སྔོན་འོད་སྲུང་གི་དུས་སུ་དགེ་སློང་མང་པོ་གུང་ཚིགས་ཀྱི་སྐབས་ཚིག་གི་རྩོད་པ་བྱས་པའི་རྣམ་སྨིན་ཡིན་པར་བཤད་པ་ལ་སོགས་པ་རྣམས་ཡིན་ནོ།  །དེ་ལྟར་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད་དང་བཅུ་དྲུག །ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་པོ་ལ། དམྱལ་ཁམས་བཅོ་བརྒྱད་ཅེས་བྱ་སྟེ། དེ་དག་གི་གྲངས་དང་ཚེ་ཚད་སྡུག་བསྔལ། དེར་སྐྱེ་བའི་རྒྱུ་ལ་སོགས་པ་ཞིབ་ཏུ་ཤེས་པར་བྱས་ནས། དེར་སྐྱེ་བའི་སེམས་ཅན་ལ་སྙིང་རྗེ་བསྒོམ། རང་གཞན་ཐམས་ཅད་ཕྱིན་ཆད་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་པ་ཡིན། དེ་ལྟར་མ་ཡིན་པ་གོ་ལོ་དང་ཐོས་ལོར་བཞག་ནས་ཉམས་སུ་མ་བླངས་ན། སླར་ཆོས་དྲེད་ང་རྒྱལ་གྱི་རྒྱུར་འགྲོ། དམ་པས་སྨོད་ཅིང་མཁས་པས་ཁྲེལ་བའི་གནས་སུ་འགྱུར་ཏེ། སྔོན་བླ་མ་ཞང་རིན་པོ་ཆེའི་དྲུང་དུ། དགེ་སློད་སྤྱོད་ལམ་མཛེས་པ་ང་རྒྱལ་ཆེ་བ་ཞིག་མཇལ་དུ་བྱུང་བ་ལ། དགེ་སློང་ཁྱོད་ཀྱིས་ཆོས་ཅི་ཤེས་གསུངས་པས། ཆོས་མང་པོ་ཐོས་པ་ཡིན་ཟེར། འོ་ན་དམྱལ་ཁམས་བཅོ་བརྒྱད་བྱ་བ་དེ་གང་ཡིན་གསུངས་པས། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད་དང་བཅུ་དྲུག །ཀརྨ་པ་ཞྭ་དམར་ནག་གཉིས་དང་བཅོ་བརྒྱད་ཡིན་ཟེར་སྐད། ཁོང་ཀརྨ་པ་ལ་མི་གུས་པས་དམྱལ་བའི་གྲངས་སུ་བརྩིས་པ་མ་ཡིན་ཀྱང༌། ཉི་ཚེ་དང་ཉིན་འཁོར་གཉིས་ཀའི་མིང་ནི་བརྗེད། ཀརྨ་པ་ཞྭ་དམར་ནག་གཉིས་ནི་དེ་དུས་གྲགས་ཆེན་པོ་ཡོད་པས་བབ་ཅོལ་དུ་བགྲང་བར་འདུག །དེ་ལྟ་བུར་གྱུར་ན་ཆོས་ཞུས་ནས་ཉམས་སུ་ལེན་པ་ལྟ་ཅི། ཚིག་ཙམ་ཡང་མི་ཤེས་པ་ནི་ངོ་ཚ་བའི་གནས་ཡིན་ནོ། །ངན་སོང་གི་གནས་གཉིས་པ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སྤྱིར་ཡི་དྭགས་ལ་བྱིང་ན་གནས་པ་དང༌། མཁའ་ལ་རྒྱུ་བའི་ཡི་དྭགས་གཉིས་ཡོད། དང་པོ་ལའང་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུར་གྱི་སྒྲིབ་པ་ཅན་ལ་སོགས་པ་ཡོད་པ་ལས། ཕྱིའི་སྒྲིབ་པ་ཅན་ནི། ལོ་གྲངས་བརྒྱ་ཕྲག་མང་པོའི་བར་དུ་ཆུའི་མིང་ཙམ་ཡང་ཐོས་མ་མྱོང་བས་ཤིན་ཏུ་བཀྲེས་ཤིང་སྐོམ་པས་གདུངས། དུས་རྟག་ཏུ་བཟའ་བཏུང་ཞིག་དོན་དུ་གཉེར་ནས་འགྲོ་ཡང་ཅུང་ཟད་ཀྱང་མི་རྙེད། རེས་འགའ་རྒྱང་རིང་པོན་ཆུ་ཀླུང་སྔོན་པོ་རེ་འབབས་པ་མཐོང་ནས། ཡན་ལག་གི་ལྷུ་ཚིགས་འཁྲོལ་ཞིང་ལྟོ་བ་མི་ཐེག་པར་སྡུག་བསྔལ་བཞིན་ཐང་ཆད་ཆད་དུ་ཕྱིན་པས་དྲུང་དུ་སླེབ་ཚེ་ཆུ་ཐམས་ཅད་སྐམ་ནས། གྲམ་པ་ཙམ་ལུས་ནས་ཤིན་ཏུ་སྡུག་བསྔལ་བ་དང༌། ཡང་རྒྱང་རིང་པོ་ནས་ལྗོན་ཤིང་ཐོག་གུ་ཅན་མཐོང་བས་སྔར་བཞིན་སོང་སྟེ་དྲུང་དུ་སླེབ་པ་ན་སྐམ་ནས་ཁྲ་མའི་སྡོང་པོ་ཆེན་པོར་འགྱུར་བ་དང༌། ཡང་བཟའ་བཏུང་ལོངས་སྤྱོད་བཟང་པོ་མང་པོ་མཐོང་ཡང༌། དྲུང་དུ་ཕྱིན་པའི་ཚེ་སྐྱེས་བུ་གོ་མཚོན་དང་ལྡན་པ་མང་པོས་སྲུང་བས་དེད་ནས་མཚོན་ཆས་རྡེག་ཅིང་སྡུག་བསྔལ་བ་དང༌། དབྱར་གྱི་དུས་སུ་ནི་ཟླ་བ་ཡང་ཚ་ཞིང་སྲེག་པ་དང༌། དགུན་ནི་ཉི་མ་ཡང་ཤིན་ཏུ་གྲང་ཞིང་བསིལ་བས་ལྷག་པར་གདུང་བ་སོགས་ཏེ། སྔོན་གྲོ་བཞིན་སྐྱེས་ཡི་དྭགས་ཀྱི་ཡུལ་དུ་བྱོན་པས། ཡི་དྭགས་ཀྱི་སེར་སྣའི་དུག་གི་ཚད་པས་ཕོག་སྟེ་ཁོང་ཞལ་ཤིན་ཏུ་སྐོམ་ནས་ལྕགས་ཀྱི་མཁར་ཆེན་པོ་ཞིག་གི་སྒོན་སྐྱེས་བུ་མདོག་ནག་ལ་མིག་དམར་བ་འཇིགས་སུ་རུང་བ་ཞིག་འདུག་པ་ལ། ཆུ་གར་ཡོད་ཅེས་དྲིས་པས། ཡི་དྭགས་སྡོང་དུམ་མེས་ཚིག་པ་འདྲ་བ་མང་པོ་འདུས་ནས་སྐྱེས་བུ་ཆེན་པོ་ཕུན་སུམ་ཚོགས་པ་ཆུ་སྩོལ་ཟེར། ཁོང་གིས་ངས་ཀྱང་ཆུ་མ་རྙེད་པ་ཡིན་ཆུ་སྩོལ་བྱས་པས། ཁྱེད་ཅི་ཟེར་ངེད་རྣམས་ལུང་པ་འདིར་སྐྱེས་ནས་ལོ་གྲངས་བཅུ་གཉིས་ཡིན་ཀྱང༌། ཆུའི་མིང་ཙམ་ཡང་ད་རེས་ལས་ཐོས་མ་མྱོང་ཟེར་བ་ལྟ་བུའི། །ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་ཀྱི་མིག་ཙམ་པས་རྒྱ་མཚོ་ཆེན་པོའི་ཆུ་བཏུང་ཡང་མགྲིན་པ་རྟ་རྔ་ཙམ་པའི་ནང་དུ་མ་ཚུད་པའི་བར་ལ་ཁའི་དུག་གིས་སྐམ་པ་དང༌། ཅུང་ཟད་རེ་མགྲིན་པར་ཚུད་ཀྱང་ལྟོ་བ་ཡུལ་ལྗོངས་ཙམ་ཡོད་པ་མི་ཁེངས་པ་དང༌། ལྟོ་བ་དེ་ཙམ་རེ་ལྟོ་བར་སོང་ན་མཚན་མོའི་རིང་དེ་ལ་མེ་འབར་ནས་གློ་སྙིང་ནང་ཁྲོལ་ཐམས་ཅད་བསྲེགས་པས་སྡུག་བསྔལ་བ་དང༌། འགྲོ་བར་འདོད་པའི་ཚེ་ལྟོ་བ་ཡུལ་ལྗོངས་ཙམ་པ་ཡན་ལག་འཇག་སྐྱ་ཙམ་གྱིས་མི་ཐེག་པར་ཤིན་ཏུ་སྡུག་བསྔལ་བའོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། ཡི་དྭགས་རེ་རེའི་ལུས་ལ་མང་པོའི་ཚང་བཅས་ནས་ཟ་བར་བྱེད་པ་ལ་སོགས་པ་ཡིན་ལ། དེ་ལས་གཞན་ཡང་སྐྱིད་སྡུག་གི་རྣམ་གྲངས་མ་ངེས་པའང་དུ་མ་ཡོད་དེ། སྔོན་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཡི་དྭགས་ཀྱི་ཡུལ་དུ་བྱོན་སྐབས་གཞལ་མེད་ཁང་ཞིག་ན་བུད་མེད་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་གི་ཁྲིའི་རྐང་པ་བཞི་ལ་ཡི་དྭགས་བཞི་བཏགས་ཤིང་འདུག །དེས་གྲོ་བཞིན་སྐྱེས་ལ་ཟན་བྱིན་ནས་ཡི་དྭགས་འདི་རྣམས་ཁྱེད་ལ་ཟན་སློང་ན་ཅུང་ཟད་ཀྱང་མ་སྦྱིན་ཅིག་ཟེར། གྲོ་བཞིན་སྐྱེས་ཀྱིས་ཟན་ཟ་བའི་ཚེ་ཡི་དྭགས་སློང་བ་ལས། གཅིག་ལ་བྱིན་པས་ཕུབ་མར་གྱུར། ཡང་གཅིག་ལ་བྱིན་པས་ལྕགས་ཀྱི་ཐོ་ལུམ་ཟ་བར་གྱུར། དེ་བཞིན་དུ་གཅིག་ལ་རང་གི་ཤ་དང༌། གཅིག་ལ་རྣག་ཁྲག་ཏུ་གྱུར་པས། བུད་མེད་དེ་འོངས་ནས་ཁྱོད་ལ་ཁོ་མོས་མ་སྦྱིན་མ་སྨྲས་སམ། ཁོ་མོའི་སྙིང་རྗེ་ལས་ཁྱོད་ཀྱི་སྙིང་རྗེ་ལྷག་གམ་ཟེར་བ་ལ། འདི་དག་ཁྱོད་དང་ཅི་ཉེ་བྱས་པས། འདི་ནི་ཁོ་མོའི་ཁྱིམ་ཐབས་ཡིན། འདི་ནི་བུ་ཡིན། འདི་ནི་མན་འམ་ཡིན། འདི་ནི་བྲན་མོ་ཡིན་ཟེར། ཁྱེད་ཅག་ལས་གང་གིས་འདིར་སྐྱེས་བྱས་པས། འཛམ་བུ་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་ཡིད་མི་ཆེས་སོ་ཟེར། ཁོ་བོས་མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་བྱས་པས། དེ་ན་རེ་ཁོ་མོ་གནས་པའི་གྲོང་གི་བྲམ་ཟེ་མོ་ཡིན་ཏེ། རྒྱུ་སྐར་ལ་བབས་པའི་ནུབ་མོ་ཟས་བཟང་པོ་དག་སྟ་གོན་བྱས་པ་ལ། འཕགས་པ་ཀ་ཏ་ཡཱ་ན་ཆེན་པོ་བསོད་སྙོམས་ལ་བྱོན་པར་ཁོ་མོ་དད་པ་སྐྱེས་ནས་བསོད་སྙོམས་ཕུལ་ཏེ། ཁྱིམ་ཐབས་རྗེས་སུ་ཡིད་རང་བ་འབུལ་དུ་བཅུག་ན་དགའ་བར་འོང་སྙམ་ནས། རྗེའི་སྲས་འཕགས་པ་ཀ་ཏ་ཡཱ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་བས་རྗེས་སུ་ཡི་རང་བ་ཕུལ་ཅིག་བྱས་པས། དེ་ཁྲོས་ནས་ཇི་སྲིད་བྲམ་ཟེ་རྣམས་ལ་མ་ཕུལ། གཉེན་བཤེས་རྣམས་ཀྱི་སྲི་ཞུ་མ་བགྱིས་པར། ཁྱོད་ཀྱིས་དགེ་སྦྱོང་མགོ་རེག་དེ་ལ་བསོད་སྙོམས་ཀྱི་ཕུད་སྦྱིན་ནམ། མགོ་རེག་དེ་ཕུབ་མ་ཅི་ཕྱིར་མི་འགམ་ཟེར། དེ་བཞིན་དུ་བུ་ལ་བྱས་པས་དེ་ཡང་ཁྲོས་ཏེ། མགོ་རིག་དེ་ཅི་ཕྱིར་ལྕགས་ཀྱི་ཐོ་ལུམ་མི་ཟ་ཟེར། དེའི་ནུབ་མོ་ཁོ་མོའི་གཉེན་དག་གིས་ཁོ་མོ་ལ་ཟ་མ་བཟང་པོ་རྣམས་བསྐུར་བ་མནའ་མས་མོ་རང་གིས་ཟོས་ནས། ངན་པ་རྣམས་ང་ལ་བྱིན། ངས་ཟ་མ་བཟང་པོ་རྣམས་ཟོས་ནས་ངན་པ་རྣམས་ང་ལ་མ་བྱིན་ནམ་དྲིས་པས། དེས་ངས་ཁྱོད་ཀྱི་ཟས་ཟ་བ་ལས་རང་གི་ཤ་ཅི་ཕྱིར་མི་ཟ་ཞེས་རྫུན་སྨྲ་ཞིང༌། དེ་བཞིན་དུ་ཁོ་མོའི་གཉེན་རྣམས་ལ་ཟས་བསྐུར་བ་སྔར་བཞིན་བྲན་མོས་ཟོས་ནས། ངས་ཁྱོད་ཀྱི་ཟ་མ་རྐུབ་ལས་རྣག་ཁྲག་ཅི་ཕྱིར་མི་འཐུང་ཞེས་སྨྲ་བ་རྣམས་ལ། བདག་གིས་སེམས་ཅན་འདི་དག་རང་རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་དེར་སྐྱེ་ཞིང་ལྟ་བར་གྱུར་ཅིག་སྙམ་པས། ཡི་དྭགས་མཐུ་མོ་ཆེར་སྐྱེས། དེ་མིན་ན་འཕགས་པར་བསོད་སྙོམས་ཕུལ་བས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡོད་བ་ཡིན། ཁྱེད་ཡང་གནས་པའི་གྲོང་དུ་འགྲོ་ན་བདག་གི་བུ་མོ་སྨད་འཚོང་བྱེད་པ་དེ་ལ། ཁྱོད་ཀྱི་ཕ་མ་སོགས་ངས་མཐོང་བས་དེད་གན་རེ། ལས་འདིའི་འབྲས་བུ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་དམ་པ་མ་ཡིན་པའི་ཆོས། སྡིག་པ་དེ་སྤོངས་ཤིག་ཟེར་རོ། །ཞེས་གསུངས་ཤིག །དེ་ཡིད་མི་ཆེས་ན་ཁྱོད་ཀྱི་སྔོན་གྱི་ཕའི་ཁང་པ་ན་ལྕགས་ཟངས་གསེར་གྱི་གང་བ་བཞི་དང༌། གསེར་གྱི་འཁར་བ་དང༌། རིལ་བ་སྤྱི་བླུགས་ཡོད་ཀྱི། དེ་དག་ཕྱུང་ལ་དུས་དུས་སུ་འཕགས་པ་ཀ་ཏྱཱ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ནས་བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་བྱོས་ཤིག་དང༌། དེས་ལས་དེ་སྲབ་པ་དང༌། ཡོངས་སུ་ཟད་པར་འགྱུར་རོ། །ཞེས་ཟེར་རེ། །དེ་བཞིན་དུ་སློབ་དཔོན་ཛེ་ཏཱ་རི་ལྗོངས་རྒྱུར་བྱོན་པས། ཡི་དྭགས་མོ་གཟུགས་མི་སྡུག་པ་ཕྲུ་གུ་ལྔ་བརྒྱའི་ཨ་མར་གྱུར་པ་ཞིག་གིས་སློབ་དཔོན་ལ། ངའི་ཁྱོ་ཕོ་རྡོ་རྗེ་གདན་དུ་ཟས་ཚོལ་བ་ལ་སོང་ནས་ལོ་བཅུ་གཉིས་ཡིན་ཀྱང་མ་བྱང༌། ཁྱེད་དེར་བྱོན་ན་ཁྱོད་མྱུར་དུ་མ་འོངས་ན་ཕྲུ་གུ་རྣམས་བཀྲེས་ནས་འཆིའོ་གསུངས་ཤིག་ཟེར། ཁྱོད་ཀྱི་ཁྱོ་ཕོ་དེ་ཇི་ཞིག་ལྟ་བུ་ཡོད། ཡི་དྭགས་ཐམས་ཅད་འདྲ་བར་འདུག་ཕས་ངས་ཤེས་སམ་གསུངས་པས། ནོར་མི་དགོས་ཏེ། ཁ་ཆེ་བ་སྣ་ཉག་པ་མིག་ཞར་བ་གཟུགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཞིག་ཡོད་ཟེར། ཁོང་རྡོ་རྗེ་གདན་དུ་བྱོན་པས། དགེ་ཚུལ་ཞིག་གིས་གཏོར་ཆུ་དང་གཏོར་ཟན་མང་པོ་ཞིག་དོར་ནས་སོང་བ་ལ། ཡི་དྭགས་མང་པོས་རུབ་རྒྱབ་པའི་ཁྲོད་ན་ཁོ་རང་འདུག །ཆུང་མའི་འཕྲིན་བསྐུར་རྣམས་བསྐྱལ་བས། ངས་ལོ་བཅུ་གཉིས་སུ་ཉུལ་ཡང༌། སྐོར་གཅིག་དགེ་སློང་ཡང་དག་པ་ཞིག་གིས་སྣབས་ལུད་ཅིག་དོར་བ་ལ་ངེད་ཡི་དྭགས་མང་པོའི་རུབ་བརྒྱབ་པས་ཅུང་ཟད་རྙེད་པ་ལས་གང་ཡང་མ་རྙེད་པ་ལ་ཟེར། ཁོ་རང་སྣབས་ལུད་རྩོད་ས་ནས་ཡི་དྭགས་གཞན་གྱིས་ལུས་ལ་རྨ་མང་པོ་གཏོད་འདུག་གསུངས། དེ་བཞིན་དུ་ཡི་དྭགས་ཀྱི་གནས་རིས་གང་དུ་སྐྱེས་ཀྱང་བཀྲེས་སྐོམ་གཙོ་བོར་གྱུར་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གདུངས་པའི་ཚུལ་སེམས་ཐོག་ཏུ་བླང༌། ད་ལྟ་རང་རེས་སྔ་དྲོ་ཙམ་ཟམ་མ་ཟོས་ཀྱང༌། སྡུག་བསྔལ་ཅི་འདྲ་བ་ཞིག་འདུག །ལོ་གྲངས་མང་པོའི་བར་དུ་ཆུ་ཡི་མིང་ཙམ་ཡང་མི་ཐོས་པའི་གནས་སུ་སྐྱེས་ན་ཇི་ལྟར་བྱེད། དེར་སྐྱེ་བའི་རྒྱུའི་གཙོ་བོ་ནི་སེར་སྣ་དང༌། འཇུར་གེགས་ཡིན་པས་བདག་གིས་ཀྱང་དེ་ལྟ་བུའི་ལས་བསགས་པ་གྲངས་ཀྱིས་མི་ཆོད། ང་ནི་དེ་ལྟ་བུའི་གནས་རིས་སུ་ཅི་ནས་ཀྱང་མི་སྐྱེ་བ་ཞིག་བྱེད་དགོས་སྙམ་པ་སོགས་སྙིང་ཐག་པ་ནས་སྦྱོར་དངོས་རྗེས་གསུམ་ཚད་བར་བསྒོམ་མོ།  །གཉིས་པ་མཁའ་ལ་རྒྱུ་བ་ནི། བཙན་དང་རྒྱལ་པོ་ཤི་འདྲེ་འབྱུང་པོ། མ་མོ་ཐེའུ་རང་ལ་སོགས་པ་རྣམས་ཏེ། དེ་དག་ཀྱང་དུས་རྟག་ཏུ་འཇིགས་སྐྲག་དང་འཁྲུལ་སྣང་འབའ་ཞིག་ལ་སྤྱོད། རྟག་ཏུ་བསམ་པ་ངན་པ་ལ་གནས་པས་གཞན་ལ་གནོད་པའི་ལས་ཁོ་ན་ལ་བརྩོན་ཅིང་ཤི་མ་ཐག་དམྱལ་བ་སོགས་ངན་སོང་གི་གཏིང་དུ་འགྲོ་བ་མད། ཁྱད་པར་ཞག་བདུན་ཕྲག་རེའི་མཚམས་སུ་སྔར་རང་ཉིད་ནད་དང་མཚོན་དང་འགེགས་ལ་སོགས་པ་གང་གིས་ཤི་བའི་སྡུག་བསྔལ་དེ་ཉིད་མྱོང་ནས། དེ་གཞན་ལ་སྤོ་བར་འདོད་པས་གང་དུ་ཕྱིན་པ་དེར་ཡང་གནོད་ཅིང་རང་ལ་མི་ཕན། སྔོན་གྱི་མཛའ་བཤེས་དང་ཉེ་དུ་ལ་སོགས་པའི་དྲུང་དུ་དགའ་བས་ཕྱིན་ཀྱང་དེ་དག་ལ་ནད་དང་སྨྱོ་འབོགས་ལ་སོགས་མི་འདོད་པའི་སྡུག་བསྔལ་འབྱུང༌། སྔགས་པ་ནུས་པ་ཅན་གྱིས་མནན་བསྲེགས་འཕངས་གསུམ་བྱས་པས། ས་འོག་མུན་པའི་གནས་སུ་བསྐལ་པའི་བར་དུ་མནན་པ་དང༌། སྦྱིན་སྲེག་གི་མེ་ལ་སྲེག་པ་དང༌། ཡུངས་ཐུན་དང་རྡོ་ཕྱེ་སོགས་ཀྱིས་བྲབས་པ་བརྒྱབ་པ་ན་མགོ་བོ་ཚལ་པ་བརྒྱར་འགས་ཤིང་ལུས་དུམ་བུ་སྟོང་དུ་འགྲོ་བ་སོགས་རྟག་ཏུ་སྡུག་བསྔལ་བ་ཁོ་ན་ལས་མ་འདས། དགུན་ཉི་མ་གྲང་ཞིང་དབྱར་ཟླ་བའང་ཚ་བ་སོགས་ལོག་པའི་སྣང་བ་རྣམས་ཀྱང་ཡི་དྭགས་སྤྱི་དང་མཐུན་པར་འཆར། ཁ་ཅིག་བྱ་དང་ཁྱི་ལ་སོགས་པའི་གཟུགས་སུ་ཡོད་པས་གཟུགས་བྱད་ཡིད་དུ་མི་འོང་བ་སོགས་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ལ་སྤྱོད་པ་ཡིན་པས་དེ་དག་གི་སྡུག་བསྔལ་ཀྱང་རང་ཐོག་ཏུ་བླངས་ཏེ། དེར་སྐྱེ་བའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བསྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ༌། །ངན་སོང་གི་གནས་གསུམ་པ་དུད་འགྲོ་ལའང་བྱིང་ན་གནས་པ་དང་ཁ་འཐོར་བ་གཉིས་ལས། དང་པོ་ནི་མཐའི་རྒྱ་མཚོ་ཆེན་པོའི་ནང་ན་ཉ་དང༌། ཆུ་སྲིན་དང༌། དུང་དང༌། སྦལ་པ་དང༌། འབུ་སྲིན་ལ་སོགས་པ་ཆང་འགག་གི་སྤང་མ་བཞིན་ལྕིག་ལྕིག་ཡོད་པ་ལ་སྦྲུལ་དང་ཆུ་སྲིན་ལ་སོགས་པ་ཆེ་བ་རི་རབ་ལ་ལན་མང་པོའི་བར་དཀྲིས་པ་དང༌། ཆུང་བ་རྡུལ་ཕྲན་དང་ཁབ་རྩེ་ལྟ་བུའི་བར་དུ་ཡོད་ཅིང༌། ཆེ་ཆེས་ཆུང་ཆུང་རྣམས་གྱུར་མིད་བྱེད། ཆུང་ཆུང་གིས་ཆེན་པོ་རྣམས་ཐལ་མར་འབིགས་ཤིང་ཟ། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་དུ་མས་ཚང་བཅས་ནས་ཟས་སུ་བྱེད་པ་དང༌། གླིང་བར་ཉི་མ་མི་འཆར་བའི་གནས་སུ་སྐྱེས་པས་རང་གི་ཡན་ལག་དང་ཉིང་ལག་བརྐྱང་བསྐུམ་བྱེད་པ་ཙམ་ཡང་མི་མཐོང་བར་ཤིན་ཏུ་སྡུག་བསྔལ། བླུན་ཞིང་གཏི་མུག་པས་སྤང་བླང་གི་གནས་ཐམས་ཅད་ལ་རྨོངས་ཏེ་སྡུག་བསྔལ་མུ་མཐའ་མེད་པའི་གནས་སུ་སྐྱེ་བ་ཡིན། ཁ་འཐོར་བའི་དུད་འགྲོ་ལྷ་དང་མི་ཡི་ཡུལ་ན་ཡོད་པ་རྣམས་ཀྱང་བླུན་རྨོངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཁོ་ན་ལ་སྤྱོད། ཁྱད་པར་མི་ཡུལ་གྱི་དུད་འགྲོ་མིས་བདག་ཏུ་མ་བཟུང་བའི་རི་དྭགས་ལ་སོགས་པ་རྣམས་ནི་འཇིགས་སྐྲག་གི་སྣང་བ་ཁོ་ན་ལ་སྤྱོད། ཟས་ཁམ་གང་ཟ་ཡང་བག་མི་ཕེབ་བཞིན་དུ་ཟ། གཅིག་གིས་གཅིག་ལ་ཟ་ཞིང༌། རྔོན་པ་དང་གཅན་གཟན་ལ་སོགས་གསོད་པ་པོ་གྲངས་མང༌། ཁྲས་བྱེའུ་དང་བྱེའུས་འབུ་གསོད་པས་མཚོན། གཅིག་གིས་གཅིག་གསོད་པའི་ལས་ངན་པ་ཁོ་ན་རྟག་ཏུ་གསོག །རྔོན་པ་ལ་སོགས་པ་རྣམས་ནི་སེམས་ཅན་དེ་དག་མནར་ཞིང་གསོད་པའི་ལས་ཐབས་ལ་མཁས་པས། རྒྱ་དང་སྙི་དང་གོག་ཚེ་དང་མེ་མདའ་ལ་སོགས་གནོད་པ་དུ་མས་འཕྲལ་དུ་སྲོག་ལ་རྒོལ། ཁ་ཅིག་རང་གི་ལུས་ལ་སྐྱེས་པའི་རྭ་དང་སྤུ་དང་པགས་པ་ལ་སོགས་པའི་ཆེད་དུ་གསོད་དེ། མུ་ཏིག་གི་ཆེད་དུ་ཉ་ཕྱིས་གསོད་པ་དང༌། མཆེ་བ་དང་རུས་པ་ལ་སོགས་པའི་ཆེད་དུ་གླང་པོ་གསོད་པ་དང༌། པགས་པའི་ཆེད་དུ་སྟག་གཟིག་དང་སྲམ་དང་ལྦ་སོགས་གསོད་པ་དང༌། གླ་རྩིའི་ཆེད་དུ་གླ་བ་དང༌། ཤ་དང་ཁྲག་གི་ཆེད་དུ་རྐྱང་འབྲོང་ལ་སོགས་པ་གསོད་པ་སོགས་རང་གི་ལུས་ཉིད་ཀྱང་རང་ཉིད་གསོད་པའི་རྒྱུར་སྐྱེས་པས་ཤིན་ཏུ་སྡུག་བསྔལ། མི་ལ་བརྟེན་པའི་དུད་འགྲོ་རྣམས་ནི་བླུན་ཞིང་གཏི་མུག་པས་གསོད་པའི་གཤེད་མས་རལ་གྲི་ཐོགས་ཏེ་དྲུང་དུ་སླེབ་ཀྱང་མིག་སྔོ་ཅེ་རེ་ལྟ་བ་ལས་བྲོས་པ་ཙམ་ཡང་མི་ཤེས། དེ་བཞིན་དུ་ཞོ་བཞོ་བ་དང༌། ཁལ་འགེལ་བ་དང༌། བྱ་གཅོད་པ་དང༌། སྣ་འབིགས་པ་དང༌། རྨོས་རྨོ་བ་སོགས་བཀོལ་སྤྱོད་ཀྱི་རྣམ་གྲངས་འདི་མ་མྱོང་སྙམ་པ་གཅིག་ཀྱང་མེད། རྟ་ཁལ་སོགས་རྒྱབ་ཐམས་ཅད་རྨར་སོང་ཡང་ད་དུང་ཡང་ཁལ་འགེལ་བ་དང༌། ཞོན་ནས་འགྲོ་བ་སོགས་བྱེད། འགྲོ་མ་ནུས་ཙ་ན་ལྕག་གིས་བྲབ་ཅིང་རྡོས་རྡེག །དེ་རྣམས་ལ་དཀའ་ཚེགས་དང་ན་ཚ་ཡོད་སྙམ་པ་ནི་མི་བྱེད། གནག་ཕྱུགས་དང་ལུག་རྣམས་ནི་རྒས་ནས་འཆི་བ་ལ་མ་ཐུག་གི་བར་དུ་བེད་བཅད། རྒས་ཙ་ན་རང་གིས་གསོད་པའམ་གཞན་ལ་འཚོངས་པ་གང་ཡིན་གྱི་སྒོ་ནས་ཐམས་ཅད་ཀྱང་བཤས་སུ་ཕབ་ནས་རང་བཞིན་གྱིས་འཆི་བ་ནི་གཅིག་ཀྱང་མེད། དེ་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ལ་སྤྱོད་པ་ཡིན་པས། དེ་ལྟར་སྡུག་བསྔལ་བའི་སེམས་ཅན་མཐོང་ཙ་ན་དེ་རང་ཉིད་ཡིན་པའི་བློ་བཞག་ནས་སྡུག་བསྔལ་ཅི་ཙམ་འདུག་ལ་སོགས་པ་ཞིབ་ཏུ་བསམས་ནས། དུད་འགྲོའི་གནས་སུ་སྐྱེས་པ་སྤྱི་ལ་སྙིང་རྗེ་དྲག་པོ་བསྒོམ་ཞིང་ཁྱད་པར་རང་ལ་བསྟེན་པའི་དུད་འགྲོ་སོགས་ཡོད་ན་བྱམས་བརྩེས་སྐྱོང་བ་དང༌། ཐ་ན་འབུ་སྦྲང་དང་སྲོག་ཆགས་ཕྲ་མོ་ཚུན་ཆད་ལའང་བདེ་སྡུག་གི་ཚོར་བ་མེད་པ་ནི་གཅིག་ཀྱང་མེད་ལ། དེ་ཐམས་ཅད་ཀྱང་རང་གི་ཕ་མ་མ་བྱས་པའང་མེད་པས་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བསྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ༌། །དེ་ལྟར་ངན་སོང་གི་གནས་གསུམ་པོ་ནི། གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རྣམ་གྲངས་དོས་དྲག་ལ་རྒྱུན་རིང༌། བླུན་ཞིང་གཏི་མུག་ལ་ཆོས་ཀྱི་སྣང་བ་མེད་པས་སླར་ཡང་ངན་སོང་གི་རྒྱུ་སྒྲུབ་པ་ཁོ་ན་ལས་མེད། དེ་དག་ཏུ་སྐྱེས་ན་ཕྱི་ནས་ཐར་བ་དཀའ་ཞིང༌། རང་རྒྱུད་ལ་ངན་སོང་དེ་དག་ཏུ་སྐྱེ་ངེས་པའི་ལས་ཚེ་རབས་འདི་དང་གཞན་དུ་བྱས་པ་དུ་མ་ཡོད་པ་ཡིན་པས། སྔར་བྱས་ཀྱི་ལས་ལ་འགྱོད་པ་ཕྱིན་ཆད་ཀྱི་བཤགས་སྡོམ་སོགས་ལ་སྙིང་ཐག་པ་ནས་འབད། དེར་སྐྱེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་བསྒོམ། རང་གིས་དུས་གསུམ་བསགས་པའི་དགེ་འབྲས་ཐམས་ཅད་ངན་སོང་དེ་དག་ཏུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བསྔོ་བ་བྱ། གནས་ངན་དེ་དག་ལས་ཐར་བའི་སྨོན་ལམ་གདབ། བདག་གིས་ད་རེས་ཐེག་པ་ཆེན་པོའི་ཆོས་དང་མཇལ་ནས། རང་གཞན་གྱི་དོན་གཉིས་འགྲུབ་པའི་ལམ་སྒྲུབ་ཏུ་ཡོད་པ་ཡིན་པས་ཆོས་ཕྱིར་དཀའ་བ་སྤྱད་ཅིང་བརྩོན་པས་ཉམས་སུ་བླངས་ཏེ། ངན་སོང་གི་སེམས་ཅན་དེ་དག་ཐམས་ཅད་དག་པའི་ཞིང་དུ་དྲང་བར་བྱའོ་སྙམ་པའི་སེམས་བསྐྱེད། དེ་ལྟར་བྱེད་ནུས་པར་བླ་མ་དང་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག་སྙམ་དུ་ལྷ་དང་བླ་མ་ལ་གསོལ་བ་འདེབས་པ་དང༌། རམ་ཟླར་སྦྲན་པ་སོགས་བྱ། དེ་ལྟར་བྱས་པའི་དགེ་བའང་སེམས་ཅན་གྱི་དོན་དུ་བསྔོ་བ་སོགས་དམ་པ་གསུམ་གྱིས་ཟིན་པར་ཉམས་སུ་བླད་ངོ༌། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།