ཀུན་བཟང་བླ་མའི་ཞལ་ལུང་ལས་འཁོར་བའི་ཉེས་དམིགས།
རྩོམ་པ་པོ།:རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-24
ཀློག་གྲངས།:
དེ་ལྟར་ན་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱི་རང་བཞིན་ཡིན་ཀྱང་མཐོ་རིས་རྣམ་གསུམ་ནི་བདེ་ཞིང་སྐྱིད་པ་ཡིན་ནམ་སྙམ་ན། མཐོ་རིས་ནའང་བདེ་བ་མེད་དེ། དང་པོ་མིའི་སྡུག་བསྔལ་ནི། མི་རྣམས་ལ་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། དགྲ་སྡང་བ་དང་ཕྲད་ཀྱི་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་གྱི་དགོས་པའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་རྣམས་ཡོད་པ་ལས། རྩ་བའི་སྡུག་བསྔལ་གསུམ་གྱི་དང་པོ་འགྱུར་བའི་སྡུག་བསྔལ་ནི། ད་ལྟ་སྐད་ཅིག་མར་བདེ་བར་ཡོད་འཕྲོ་ལ་སྡུག་བསྔལ་དུ་འགྱུར་བ་སྟེ། ལུས་ལ་ཕན་པའི་ཟས་ཟོས་ནས་ངོམས་ཤིང་འགྲངས་ཏེ་སྐྱིད་པར་ཡོད་པ་ལ་སྲིན་ཕོ་བར་ལངས་ནས། གླང་ཐབས་ཀྱི་ནད་དྲག་པོ་གློ་བུར་དུ་བྱུང་སྟེ་སྡུག་བསྔལ་བ་དང༌། ད་ལྟར་སྐྱིད་པར་ཡོད་འཕྲོ་ལ། ནོར་ཕྱུགས་དགྲས་དེད་པ་དང༌། ཁང་གཞི་མེས་ཚིག་པ། ནད་གདོན་དྲག་པོ་གློ་བུར་དུ་བྱུང་བ། ཕྱི་རོལ་གྱི་གཏམ་ངན་ཐོས་པ་སོགས་འཕྲལ་དུ་སྡུག་བསྔལ་བར་གྱུར་པ་རྣམས་ཏེ། སྤྱིར་འཁོར་བའི་གནས་རིས་འདིས་བདེ་སྐྱིད་སྙན་གསུམ་ལྟར་སྣང་བ་གང་ལ་ཡང་རྟག་པ་དང་བརྟན་པ་སྤུ་ཙམ་ཡང་མེད་ཅིང་མཐར་སྡུག་བསྔལ་བ་ཁོ་ན་ལས་མ་འདས་པ་ཡིན་པས་སྐྱོ་བ་བསྐྱེད་དོ། །གཉིས་པ་སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མས་ནོན་པ་མཛེ་ཐོག་ཏུ་ཕོལ་བྱུང་བ། ཕོལ་ཐོག་ཏུ་རྨ་གཏུགས་པ། ཕ་ཤི་བའི་སྟེང་དུ་མ་ཤི་བ། དགྲས་དེད་པའི་སྟེང་དུ་མི་གཅིས་པ་ཤི་བ་ལྟ་བུ་སྟེ། འཁོར་བའི་གནས་འདི་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་བརྩེགས་པ་ཁོ་ནས་དུས་འདའ་བ་ལས་བདེ་བའི་གོ་སྐབས་སྐད་ཅིག་མ་ཙམ་ཡང་མེད་པ་ཡིན་ནོ། །གསུམ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ད་ལྟ་རང་རེས་བདེ་བར་རློམ་པ་རྣམས་ཀྱང་དངོས་སུ་སྡུག་བསྔལ་ལྟར་མི་མངོན་ཀྱང་དོན་དུ་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལས་མ་འདས་ཏེ། ཟས་ཟོས་པ་གོས་གྱོན་པ་གནས་ཁང་དང་ལོངས་སྤྱོད་རྒྱན་དང་སྟོན་མོ་ལ་སོགས་པ་ཐམས་ཅད་ཀྱང་སྡིག་པའི་རྒྱུས་སྒྲུབ་པ། བྱ་བྱེད་ཐམས་ཅད་ཀྱང་སྡིག་པའི་གཡོ་བཀོལ་འབའ་ཞིག་ལས་མི་འདུག་པས། འདི་ཐམས་ཅད་ཀྱི་འབྲས་བུ་ནི་སྡུག་བསྔལ་བ་ཁོ་ན་ཡིན། དཔེར་ན་ཇ་དང་རྩམ་པ་ལྟ་བུ་ལ་མཚོན་ན། ཇ་ནི་རྒྱ་ཡུལ་དུ་བཏབ་པའི་ལྡུམ་བུ་ཡིན་ཏེ། དེའི་ས་བོན་འདེབས་པ་དང༌། ལོ་མ་འབྲེག་པ་སོགས་ཀྱི་དུས་སྲོག་ཆགས་བསད་པ་ཡང་གྲངས་ཀྱིས་མི་ཆོད། དར་རྩེ་མདོ་མན་ཆད་ནས་མི་ཡི་ཁུར་བརྡ་བྱས་འོངས་སྐབས་མི་རེ་རེས་ཀྱང་ཁག་དྲུག་བཅུ་གཉིས་རེ་ཁུར་ནས་འོང༌། དེ་ཐམས་ཅད་ཀྱང་མགོ་ལ་བརྟེན་ནས་ཁུར་བས་དཔྲལ་བའི་པགས་པ་ཟད་དེ་རུས་པ་སྐྱ་སང་དེ་མཐོངས་ཀྱང་ད་དུང་ཡང་ཁུར། མདོ་ཐོག་ཡན་ཆད་དུ་མཛོ་གཡག་དྲེའུ་སོགས་ལ་བཀལ་ནས་འོངས་སྐབས། དེ་ཐམས་ཅད་ཀྱང་རྒྱབ་ཆད་གློ་བུག་སྤུ་བྱི་བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་གཏད། ཇ་དེ་ཉོ་ཚོང་གི་དུས་ཀྱང་མནའ་དང་ཁྲེལ་ལ་མི་བརྩི་གཡོ་སྒྱུ་དང་རྩོད་པ་ཁོ་ནས་ཚོང་བྱས། ཚོང་ཟོང་ཡང་ཕལ་ཆེར་ལུག་གི་བལ་དང་ཚ་རུ་སོགས་ལ་བྱས། བལ་དེ་ཡང་དབྱར་ཁའི་དུས་ལུག་ཤིག་དང་ཞོ་སྐྱེས་སོགས་སྲོག་ཆགས་དང་སྤུ་ཉག་མང་ཉུང་མེད་པ་ཡོད་པ་ལ། དེ་དག་ལས་ཕལ་ཆེར་ནི་གྲིས་བྲེ་ག་པའི་དུས་མགོ་བཅད་སྐེད་པ་སྡུམ། ནང་ཆ་ཕྱུང་སྟེ་བསད། མ་ཤི་བ་རྣམས་ཀྱང་བལ་དང་ལྷན་དུ་གཅུས་དབུགས་འཐུམ་ལ་ངན་སོང་ཁོ་ན་བྱས་པ་ཡིན། ཚ་རུ་ཡང་ལུ་གུ་འཕྲལ་དུ་སྐྱེས་པ་དེ་དབང་པོ་ཐམས་ཅད་རྫོགས། བདེ་སྡུག་གི་ཚོར་བ་དང་ལྡན། ལུས་ཀྱང་ཉམས་བརྟས། གསོན་པའི་དང་པོ་སྐྱིད་པར་ཡོད་པའི་དུས་སུ་འཕྲལ་དུ་བསད་པ་ཡིན། རྨོངས་པ་དུད་འགྲོ་ཡིན་ཀྱང་འཆི་བ་ལ་ནི་འཚིར། གསོན་པ་ལ་ནི་དགའ། གནད་གཅོད་ཀྱི་སྡུག་བསྔལ་ནི་མྱོང༌། ཕྲུ་གུ་བསད་པའི་མ་རྣམས་ཀྱང་སྡུག་བསྔལ་ནི་བུ་གཅིག་པོ་ཤི་བའི་མ་ཇི་ལྟར་མཐོང་ཆོས་སུ་གྱུར་པ་དེ་ཡིན། དེ་ལྟ་བུའི་རྒྱུ་རྩས་ཉོས་པ་སོགས་ལ་བསམ་ན་ཁམ་གཅིག་ཙམ་བཏུང་ཡང་ངན་སོང་གི་རྒྱུ་བྱེད་པ་ལས་མི་འདུག རྩམ་པ་ཡང༌། དང་པོ་ཞིང་ལ་རློག་བརྒྱབ་པའི་གནས་སྐབས། ས་འོག་གི་འབུ་ཐམས་ཅད་ས་སྟེང་དུ་ཕྱུང༌། ས་སྟེང་གི་འབུ་ཐམས་ཅད་ས་འོག་ཏུ་མནན། རྨོས་གླང་གར་སོང་གི་རྗེས་སུ་བྱ་རོག་དང་བྱེའུ་སོགས་ཁད་ལ་ཁོམས་མེད་པར་འབུ་རྒུམ་གྱིན་འགྲོ་བ་དེ་ཡིན། དེ་བཞིན་དུ་ཞིང་ལ་ཆུ་འདྲེན་སྐབས། རླན་ལ་གནས་པའི་སྲོག་ཆགས་ཐམས་ཅད་སྐམ་ལ་བཀྲམ། སྐམ་ལ་གནས་པའི་སྲོག་ཆགས་ཐམས་ཅད་གཤེར་གྱིས་བསད། དེ་བཞིན་དུས་བོན་འདེབས་པ་འབྲེག་པ་བརྡུང་བ་སོགས་ཀྱི་དུས་བསད་པའང་གྲངས་ཀྱིས་མི་ཆོད། དེ་དག་ལ་བསམ་ན་འབུ་སྦྲང་ཁོ་ན་ཕྱེ་བྱས་པ་འགམ་པ་དང་འདྲ། དེ་བཞིན་དུ་མར་དང་འོ་མ་སོགས་ཀྱང་དཀར་གསུམ་དང་མངར་གསུམ་ཞེས་སྡིག་མེད་དང་གཙང་མར་བརྩི་ཡང༌། རྟོ་ལེ་དང་བེའུ་ལུ་གུ་སོགས་ཕལ་ཆེ་བ་ནི་བསད། མ་བསད་པ་རྣམས་ཀྱང༌། སྐྱེས་མ་ཐག་ནས་མའོ་མངར་མོ་ཁམ་གང་ཡང་ནུ་ལོངས་མེད་པར་རྐེ་ལ་ཐག་པ་བཞག །སྡོད་ན་སྡིང་ལ་བཏགས། འགྲོ་ན་ཕན་ཚུན་སྦྲེལ། དེ་ཐམས་ཅད་ཀྱི་ཟས་སྐལ་དང་འཐུང་སྐལ་འོ་མ་ཁམ་གང་ཡོད་པ་དེ་འཕྲོག་ནས་ཉིང་ཁུར་བྱས། མའི་ལུས་ཀྱི་བཅུད། བུའི་སྲོག་གི་ཟུངས་ཕྲོགས་པས་མ་ཤི་མ་གསོན་ཙམ་དུ་གྱུར་ཏེ། མ་འབྲི་རྒོག་པོ་དག་ཀྱང་དཔྱིད་ཀའི་དུས་ཉལ་མལ་ནས་ལྡང་མི་ནུས་པ་ཙམ་དུ་ཟུངས་ཟད། བིས་ལུག་རྣམས་ཀྱང་ཕལ་ཆེར་ནི་མུ་གེ་ཁོ་ནས་ལྟོག་གྲིར་འཆི། མ་ཤི་བ་རྣམས་ཀྱང་རྐེ་བ་སྐེམ་པ་ཉམ་ཆུང་བ། འགྲོས་གུམ་གུམ་པ་ཤི་ལ་ཁད་པ་ཡོག་ཐོད་ཙམ་རེ་ལས་མེད་པ་བྱས་པ་དེ་ཡིན། དེ་བཞིན་དུ་ད་ལྟ་རང་རེས་སྐྱིད་པོར་བརྩི་བ་ཐམས་ཅད་ཁ་ལ་ཟ་རྒྱུ། རྒྱབ་ལ་གྱོན་རྒྱུ། རྒྱུ་ཟས་དང་ལོངས་སྤྱོད་ཐམས་ཅད་གང་ལ་བསམས་ཀྱང་སྡིག་པ་ཁོ་ནས་བསྒྲུབས་པ་ཞིག་མ་གཏོགས་མེད་པས། འདི་ཐམས་ཅད་ཀྱི་འབྲས་བུ་མཐར་ནི་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པ་ལ་སྤྱོད་དགོས་པ་ཡིན་པས། ད་ལྟ་སྐྱིད་པོར་སྣང་བ་ཐམས་ཅད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ནོ། །སྐྱེ་རྒ་ན་འཆི་བཞི་ལས། དང་པོ་སྐྱེ་བའི་སྡུག་བསྔལ་ནི། འདི་ལྟར་འཛམ་བུ་གླིང་པའི་མི་རྣམས་ནི། མངལ་ནས་སྐྱེ་བ་ཡིན་པས། ཕ་མའི་ཁུ་ཁྲག་གི་དབུས་སུ་དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ཞུགས་ཏེ། མེར་མེར་དང༌། ནུར་ནུར་དང༌། ལྟར་ལྟར་དང༌། མཁྲད་གྱུར་དང༌། །གོར་མོ་ལ་སོགས་འགྱུར་བའི་གནས་སྐབས་ཀྱི་སྡུག་བསྔལ་ཉམས་སུ་མྱོང༌། ཡན་ལག་ཉིང་ལག་དང་དབང་པོ་ཐམས་ཅད་རྫོགས་པའི་གནས་སྐབས་ན། མའི་མངལ་གྱི་ནང་དོག་ཅིང་དྲི་ང་བ་མུན་ནག་གི་ནང༌། བཙོན་ཁང་དུ་ཚུད་པ་ལྟ་བུའི་སྡུག་བསྔལ་མྱོང༌། མས་ཁ་ཟས་ཚན་མོ་ཟོས་པས་མེ་ནང་དུ་བསྲེགས་པ་ལྟ་བུའི་སྡུག་བསྔལ། གྲང་མོ་ཟོས་པས་ཆུ་གྲང་དུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ། ཉལ་བ་ན་རིས་ནོན་པ་ལྟ་བུའི་སྡུག་བསྔལ། འགྲངས་པ་ན་བྲག་གི་བར་དུ་བཅར་པ་ལྟ་བུའི་སྡུག་བསྔལ། བཀྲེས་པ་ན་གཡང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ། འགྲོ་འདུག་བསྒུལ་བསྐྱོད་བྱས་པ་ན་རླུང་གིས་ཁྱེར་བ་ལྟ་བུའི་སྡུག་བསྔལ་སོགས་ཡོད། དེ་ནས་ཟླ་བའི་གྲངས་རྫོགས་ནས། བཙའ་བའི་དུས་སྲིད་པ་ལས་ཀྱི་རླུང་གིས་མགོ་མཇུག་བསྒྱུར་ཏེ། བཙའ་སྒོར་དྲངས་པ་ན་གྱད་སྟོབས་པོ་ཆེ་ཞིག་གིས་རྐང་པ་ནས་བཟུང་སྟེ་རྩིག་དོར་བརྒྱབ་པ་ལྟ་བུའི་སྡུག་བསྔལ་ཡོད། རུས་པའི་འཁྲུལ་འཁོར་གྱི་བར་ནས་འབྱུང་བའི་ཚེ། ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་ཡོད། བཙའ་སྒོ་དོགས་པ་རྣམས་བཙའ་མི་ནུས་པར་དེ་ཉིད་དུ་འཆི་བའམ། ཡང་ན་མ་བུ་གཉིས་ཀ་འཆི་བ་དང༌། མིན་ཀྱང་ཤི་ལ་ཐུག་པའི་སྡུག་བསྔལ་མྱོང་སྟེ། ཨོ་རྒྱན་ཆེན་པོས། མ་བུ་གཉིས་ཀ་གཤིན་ཡུལ་གོམ་ཕྱེད་བོར། །མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་བྱེ། །ཞེས་གསུངས། བཙས་ནས་ཀྱང་སྟན་གྱི་སྟེང་དུ་ལྷུང་དུས་ཚེར་མའི་དོང་དུ་ལྷུང་བ་ལྟ་བུ། རྒྱབ་ཀྱི་ཕྲུ་མ་བཤུ་དུས་གསོན་པོར་པགས་པ་བཤུས་པ་ལྟ་བུ། མི་གཙང་བ་བྱི་དོར་བྱས་དུས་ཚེར་མའི་ལྕག་གིས་བྲབས་པ་ལྟ་བུ། མའི་པང་དུ་བླངས་དུས་བྱེའུ་ཕྲུག་ཁྲས་ཁྱེར་བ་ལྟ་བུ། སྤྱི་བོར་མར་བྱུག་དུས་བཀྱིགས་ནས་དོང་དུ་འཕང་བ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་མྱོང༌། དེ་ནས་ཙོག་པུར་བསྙལ་ཏེ་འཇོག་པའི་དུས་སུ། མི་གཙང་བའི་འདམ་དུ་ཚད། ལྟོག་སྐོམ་ན་ཚ་ལ་སོགས་པའི་སྡུག་བསྔལ་ཅི་ལྟ་བུ་བྱུང་ཡང་དུ་བ་ཁོ་ན་ལས་མེད། དེ་ལྟར་སྐྱེས་ནས་ལང་ཚོ་སྨིན་པའི་ཚེ་ན་རེ་ཞིག་འཕེལ་བ་ལྟར་སྣང་ཡང༌། དོན་དུ་ཚེ་ནི་ཉིན་རེ་བཞིན་ཟད་ཅིང་འཆི་བ་ལ་ཐག་ཇེ་ཉེར་འགྲོ། འཇིག་རྟེན་ཚེ་འདིའི་བྱ་བཞག་གྲུབ་པ་དང་ཟིན་པའི་དུས་མེད་པ་ཆུའི་གཉེར་མ་ལྟ་བུ་གཅིག་རྗེས་སུ་གཅིག་འབྱུང་བ་ལ་སྤྱོད། དེ་དག་ཐམས་ཅད་ཀྱང་སྡིག་པ་འབའ་ཞིག་དང་འབྲེལ་བས་ངན་སོང་གི་རྒྱུ་བྱེད་པ་ཡིན་པས་ཤིན་ཏུ་སྡུག་བསྔལ་ལོ། །དེ་ནས་རྒས་པའི་སྡུག་བསྔལ་ནི། དེ་ལྟར་འཁོར་བའི་བྱ་བཞག་སྙིང་པོ་མེད་ཅིང་ཟིན་པའི་དུས་མེད་པ་སྤྱོད་པའི་ངང་དུ་མ་ཚོར་བཞིན་དུ་རྒས་པའི་སྡུག་བསྔལ་གྱིས་གཏུགས། ལུས་ཀྱི་སྟོབས་ཐམས་ཅད་རིམ་གྱིས་ཉམས། ཞིམ་པོར་ཟོས་པའི་ཁ་ཟས་ཐམས་ཅད་ཀྱང་མི་འཇུ། མིག་གི་དབང་པོ་ཉམས་པས་ཐག་རིང་དང་ཆུང་བའི་གཟུགས་མི་མཐོང༌། རྣ་བའི་དབང་པོ་ཉམས་པས་སྒྲ་སྐད་རྣམས་ཇི་བཞིན་པ་མི་ཐོས། ལྕིའི་དབང་པོ་ཉམས་པས་བཟའ་བཏུང་གི་རོ་མི་ཚོར་ཞིང་སྨྲ་ངག་གི་སྡེབ་མི་ཐོན། ཡིད་ཀྱི་དབང་པོ་ཉམས་པས་དྲན་པ་རྨོངས་ཤིང་བརྗེད་ངས་དང་བྱིང་འཐིབ་ཆེ། ཁའི་སོ་ཕྲེང་ལྷུངས་པས་སྲ་བའི་ཟས་མི་ཆོམས་ཤིང་ཚིག་ལྡབ་ལྡིབ་ཏུ་སྨྲ། ལུས་ཀྱི་དྲོད་ཤོར་བས་གོས་སྲབ་ན་མི་དྲོས་ཤིང༌། འདེགས་བྱེད་ཀྱི་སྟོབས་ཉམས་པས་ལྗི་ན་མི་ཐེག །འདོད་པའི་ལོངས་སྤྱོད་ལ་དགའ་ཡང་སྤྱོད་པའི་མཐུ་མེད། ལུས་ཀྱི་རྩ་རླུང་རྒུད་པས་བློ་སྲབ་ཅིང་བཟོད་སྲན་ཆུང༌། ཀུན་གྱིས་བརྙས་བཅོས་བྱེད་པས་ཡི་མུག་དང་སྡུག་བསྔལ་སྐྱེ། ལུས་ཀྱི་འབྱུང་བ་འཁྲུགས་པས་ནང་དང་གནོད་པ་མང༌། འགྲོ་འདུག་དང་བསྒུལ་བསྐྱོད་ཐམས་ཅད་ཀྱང་མི་ནུས་བཞིན་དུ་དཀའ་བས་བྱེད་དགོས་པ་ཡིན་ཏེ། རྗེ་མི་ལས། བརྟོད་ཕུར་འདོན་པའི་ལྡངས་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཕྱི་པགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་ཟད་པའི་འབུར་གོབ་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་ཅན། །ལྕི་ལ་ཧྲུལ་བའི་དུགས་པོ་དང་གཅིག །གྲང་ལ་ཉོག་པའི་བཟའ་བཏུང་དང་གཉིས། །པགས་པོ་བཞི་སྦྱོར་གྱི་མལ་ས་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མིས་འགོ་མ་ཁྱིས་འགོམ་གྱི་རྟོགས་ལྡན་མ། །ཞེས་གསུངས་པ་ལྟར། ལྡངས་པའི་ཚེ་རང་བཞིན་གྱིས་འཕྲལ་དུ་ལྡང་མི་ནུས་པར་ལག་པ་གཉིས་ཀ་ས་ལ་བཙུགས་ནས་ས་སྲ་བ་ལས་བརྟོད་ཕུར་འདོན་པ་ལྟར་ལྡངས། འགྲོ་བའི་ཚེ་རྐེད་པ་སྒུར་བས་མགོ་བོ་བཏེག་མི་ནུས་ཤིང་གོམ་པའི་འདེགས་འཇོག་ཀྱང་མྱུར་དུ་བྱེད་མི་ནུས་པར་དལ་བུས་བྱིས་པ་བྱ་ལ་འཇབས་པ་ལྟར་འགྲོ། སྡོད་པའི་ཚེ་རྐང་ལག་གི་ལྷུ་ཚིགས་ཐམས་ཅད་ན་བས་དལ་བུས་སྡོད་མི་ནུས་པར་ལུས་ཀྱི་ལྗིད་ཕབ་སྟེས་དོ་ལུང་ཆད་པ་བཞིན་སྡོད། ལུས་ཀྱི་ཤ་ཟད་པས་པགས་པའི་སྐྱི་འདུས་ཏེ་ལུས་དང་ཁ་ངོ་ཐམས་ཅད་གཉེར་མས་གང༌། ནང་གི་ཤ་ཁྲག་བྲི་བས་རུས་པའི་ཚིགས་ཐམས་ཅད་མངོན་ཏེ་འགྲམ་རུས་དང་ལྷུ་མགོ་ཐམས་ཅད་ཕྱི་ལ་འབུར། ཡིད་ཀྱི་དྲན་པ་ཉམས་པས་གླེན་ལྐུགས་དང་འོན་ལོང་དུ་གྱུར་ནས་སེམས་མི་གསལ་ཞིང་ཐོམ་ཡོར་རེ་སྡོད། ལུས་ཀྱི་སྟོབས་ཉམས་ཤིང་མཛེས་འདོད་ཀྱི་གནས་སྐབས་ཉམས་པས་གོས་ཐམས་ཅད་ལྕི་ལ་ཧྲུལ། ཟས་སྐོམ་གྱི་ལྷག་ཞབས་ལ་སྤྱོད་ཅིང་ལྕེའི་རོ་མི་ཚོར་བས་ཟས་ཐམས་ཅད་གྲང་ལ་ཉོག །ལུས་ལྕི་བས་གང་ལྟར་བྱས་ཀྱང་མི་བདེ་བས་ཕྱོགས་བཞིར་རྟེན་པ་བྱས་ཤིང་དུས་རྒྱུན་དུ་མལ་ནས་ལྡང་མི་ནུས། དེའི་ཚེ་ཕྱིའི་སྒྱུ་ལུས་རྒུད་པས་ནང་དུ་ཡིད་ཕམ་ཞིང་སྡུག་བསྔལ་ཆེ། བཞིན་རས་ཀྱི་མཛེས་བཀྲག་ཉམས་ནས་པགས་པའི་གཉེར་མ་མང་བས་མི་སྡུག་པའི་ཁྲོ་གཉེར་སྟོན། ཀུན་གྱིས་བརྙས་བཅོས་བྱེད་ཅིང་མགོ་ཐོག་ཏུ་འགོམ་ནས་སོང་ཡང་ལྡང་མི་ནུས་པས་གཙང་བཙོག་མེད་པར་རྟོགས་ལྡན་ལྟར་སྡོད་པ་སོགས་ཡིན་ཞིང༌། རྒས་པའི་སྡུག་བསྔལ་མི་བཟོད་པར་འཆི་བར་སྨོན་ཡང༌། དོན་དུ་འཆི་བ་ལ་ཉེ་བས་ཤིན་ཏུ་སྐྲག་པ་སོགས་རྒས་པའི་སྡུག་བསྔལ་ངན་སོང་གི་འགྲོ་བ་དང་འདྲ་བར་མྱོང་བ་ཡིན་ནོ། །ན་བའི་སྡུག་བསྔལ་ནི། ལུས་འདི་ཉིད་འབྱུང་བཞི་འདུས་པའི་བདག་ཉིད་ཅན་ཡིན་པས། དེ་དག་ཕན་ཚུན་མ་མཉམ་པ་ལས་རླུང་དང་མཁྲིས་པ་དང་བ་དཀན་ལ་སོགས་ནད་སྣ་ཚོགས་པས་གཟིར་བའི་སྡུག་བསྔལ་གྱི་ཚོར་བ་འཆར། ལུས་དང་དབང་པོ་ཐམས་ཅད་དར་ལ་བབས་ཏེ་སྟོབས་དང་གཟི་མདངས་རྒྱས་པའི་མི་རྒོད་ཅིག་ཡིན་ཀྱང་ན་བའི་ཟུག་གཟེར་གྱིས་བཏབ་མ་ཐག་ནས་བྱེའུ་ལ་རྡོ་ཕོག་པ་བཞིན་ལུས་སྟོབས་ཤོར། མལ་གྱི་གཏིང་དུ་ལྷུང༌། ལུས་བསྒུལ་བསྐྱོད་ཙམ་བྱེད་པ་ཡང་དཀའ། ཁྱེད་ཅི་ན་ཞེས་དྲིས་པའི་ལན་ཙམ་ཡང་མྱུར་དུ་བཤད་པའི་ནུས་པ་མེད་པར་ཁོང་པའི་གཏིང་ནས་སྐད་མི་ཐོན་བཞིན་དུ་སྨྲ། གཡས་གཡོན་མདུན་རྒྱབ་གང་དུ་ཉལ་ཡང་བདེ་བའི་དུས་མེད། ཟས་སྐོམ་གྱི་ཞེན་པ་དང་བྲལ། མཚན་མོ་གཉིད་མི་འོང༌། ཉིན་པར་ཉིན་རིང༌། མཚན་མོ་མཚན་རིང༌། སྨན་གྱི་རོ་ཁ་ཚ་སྐྱུར་གསུམ་དང༌། གཏར་སྲེག་གི་སྡུག་བསྔལ་ལ་སོགས་མི་འདོད་བཞིན་དུ་སྤྱོད་དགོས། ན་བ་ལ་བརྟེན་ནས་འཆི་བ་ཡང་གློ་བུར་དུ་འོང་སྙམ་ནས་འཇིགས་ཤིང་སྐྲག །གདོན་བགེགས་དང་རྒྱབ་བརྟེན་ངན་པའི་དབང་ལས་སེམས་ལ་རང་དབང་མི་འདུས། འཁྲུལ་སྣང་ལས་ཀྱང་འཁྲུལ་སྣང་ཁོ་ན་ལ་སྤྱོད། རང་གིས་རང་གསོད་པ་དང༌། ལྕེ་བ་པ་སོགས་ཀྱང་བྱེད། མཛེ་དང་གཟའ་ལ་སོགས་པས་ཉེན་ན། གསོན་པ་ཉིད་ནས་ཤི་བ་དང་འདྲ། མིའི་ཁྱུ་ནས་བུད། རང་ངོ་རང་གིས་མཐོང༌། སྤྱིར་ནད་པ་ཐམས་ཅད་རང་གཡོག་རང་གིས་མི་ནུས། ནད་ཚིག་ཟོས་པས་གཞན་གྱི་བྱ་བ་ཐམས་ཅད་མིག་སྔར་མི་འབབས། རྒྱུད་སྔར་ལས་གྱོང༌། ནད་ཡུན་རིང་དྲགས་ན། ནད་གཡོག་བྱེད་པ་ཡང་སུན་ནས་ཇི་བཞིན་མི་ཉན། དུས་རྟག་ཏུ་ན་བའི་ཚོར་བས་ཉེན་ནས་སྡུག་བསྔལ་བའོ། །འཆི་བའི་སྡུག་བསྔལ་ནི། ལུས་མལ་དུ་ལྷུང་ནས་ལྡང་མི་ཤེས། ཟས་སྐོམ་མཐོང་ཡང་ཡི་གར་མི་འོང༌། འཆི་བའི་ཚོར་བས་གདུངས་པས་སྙིང་མི་དགའ། ཕོ་ཚོད་དང་སྙེམས་པའི་གདེང་ཤོར། འཁྲུལ་སྣང་གི་སུན་མས་གཏུགས། སྐྱས་ཆེན་པོ་འདེགས་པ་ལ་ཐུག །གཉེན་བཤེས་ཀྱིས་མཐའ་བསྐོར་ཡང་བཤོལ་ནི་མི་ཐེབས། གནད་གཅོད་ཀྱི་སྡུག་བསྔལ་རང་གཅིག་པོས་མྱོང༌། ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ཀྱང་ཁྱེར་དབང་ནི་མེད། བློས་ནི་མི་ཐོང༌། རྗེས་སུ་ནི་མི་འབྲང༌། སྔར་བྱས་ཀྱི་སྡིག་པ་དྲན་པས་འགྱོད་པ་སྐྱེ། ངན་སོང་གི་སྡུག་བསྔལ་དྲན་ནས་འཇིགས་ཤིང་སྐྲག །འཆི་བ་གློ་བུར་དུ་སླེབ་པས་ཉམ་པ། གསོན་པའི་སྣང་བ་ནུབ་པས་ཕག་གྲང༌། མི་སྡིག་པ་ཅན་འཆི་བ་ནི་འཆི་ཁར་བྲང་སེན་རྗེས་ཀྱིས་བཀང་ནས་འཆི་སྟེ། སྔར་སྡིག་པ་བྱས་པའི་ལས་དྲན་ཏེ་ངན་སོང་དུ་སྐྱེ་བ་ལ་འཇིགས་ཤིང་སྐྲག། །རང་ལ་རང་དབང་ཡོད་པའི་དུས་སུ་འཆི་ཁར་ཕན་པའི་ཆོས་ཤིག་མ་འགྲུབ་སྙམ་དུ་འགྱོད་ནས་སྙིང་ལ་ཟུག་གཟེར་སྐྱེས་ཏེ་བྲང་སྤར་མོ་བཏབ་པས་བྲང་སེན་རྗེས་ཀྱིས་བཀང་ནས་འཆི་བ་ཡིན་ཏེ།ཇི་སྐད་དུ། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས། དེ་ལྟ་བུ་དག་མ་ཤི་བའི་གོང་ནས་ངན་སོང་གི་སུན་མས་སླེབ་སྟེ། སྣང་བ་ཐམས་ཅད་འཇིགས་སྐྲག་དང༌། ཚོར་བ་ཐམས་ཅད་སྡུག་བསྔལ་དུ་སྐྱེས། ལུས་ཀྱི་འབྱུང་བ་སྒུད། དབུགས་ནི་ངར། ཡན་ལག་ནི་གཡོབ། འདུ་ཤེས་འཁྲུལ། མིག་སྐྱ་ལོག་གེ་ཚེ་ཕ་རོལ་དུ་འགྲོ། གཤིན་རྗེའི་སུན་མས་སླེབ། བར་དོའི་སྣང་བ་ཤར། མགོན་དང་སྐྱབས་ནི་མེད། གཅེར་བུ་ལག་སྟོང་དུ་འགྲོ་བའི་དུས་དེ་དེ་རིང་གི་ཉི་མ་ཙམ་ལ་མི་འོང་བའི་གདེང་མེད། དེའི་དུས་སུ་ཕན་ངེས་པ་ནི་དམ་པའི་ཆོས་ཁོ་ན་ལས་སུ་ཡང་སྐྱབས་སུ་འགྱུར་པ་མེད་པས། ཇི་སྐད་དུ། ཆོས་སེམས་ཨ་མའི་མངལ་ནས་སྐྱེས། །སྐྱེས་མ་ཐག་ཏུ་འཆི་ཆོས་དྲན། །ཞེས་གསུངས་པ་ལྟར། རྒས་གཞོན་ཀུན་ལ་འཆི་བ་གློ་བུར་དུ་འོང་བས་སྐྱེས་པ་ཙམ་ནས་འཆི་ཁར་ཕན་པའི་ཆོས་བསྒྲུབ་དགོས་པ་ཡིན་པ་ལ། ད་ལྟ་ཕན་ཆད་འཆི་བ་མ་དྲན་པས་དགྲ་འདུལ་གཉེན་སྐྱོང་གནས་མལ་དང་ཟང་ཟིང་ལ་ཕྱི་ཆུས། ཉེ་དུ་དང་འབྲེལ་ཅན་ལ་སོགས་པའི་དོན་དུ་ཆགས་སྡང་རྨོངས་གསུམ་གྱིས་དུས་འདའ་བ་འདི་མཚང་རེ་ཆེ་སྙམ་དུ་བསམ་མོ། །དེ་བཞིན་དུ་དགྲ་སྡང་བ་དང་འཕྲད་ཀྱིས་དོགས་ཏེ། ཉིན་གྱི་བྱ་ར་མཚན་གྱི་མེལ་ཚན་གྱི་མེལ་ཚེ་རྒྱུན་གྱི་འཚོ་སྐྱོང་སོགས་བྲེལ་དོ་ཁོ་ནའི་ངང་དུ་དུས་འདའ་ཡང༌། ཕན་པ་མེད་པར་ལོངས་སྤྱོད་དང་འབྱོར་པ་ཐམས་ཅད་ཀྱང་དགྲ་དང་ཐུན་མོང་དུ་འགྱུར། ཉིན་གྱི་ཇག་པ། མཚན་གྱི་རྐུན་མ། འཕར་སྤྱང་དང་གཅན་གཟན་ལ་སོགས་གློ་བུར་གློ་བུར་དུ་འོངས་ནས་འཚེ་བར་བགྱིད་དེ། སྤྱིར་ལོངས་སྤྱོད་དང་འབྱོར་པ་ནི་ཅི་ཙམ་ཡོད་པ་དེ་ཙམ་དུ་དེ་བསགས་པ་དང་བསྲུང་བ་དང་སྤེལ་བ་སོགས་སྡུག་བསྔལ་མཐའ་ཡས་པའི་རང་བཞིན་ཡིན་ཏེ། མགོན་པོ་གླུ་སྒྲུབ་ཀྱིས། བསགས་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་དང༌། རྗེ་མི་ལས་ཀྱང༌། ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །བར་དུ་སེར་སྣའི་མདུད་པས་བཅིངས། །དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །རང་གིས་བསགས་པ་མི་ཡིས་སྤྱོད། །ཐ་མ་སྲོག་གི་བདུད་དུ་འོང༌། །དགྲ་བོའི་ནོར་གཉེར་སེམས་ལ་གཟན། །འཁོར་བའི་བསླུ་རྡོ་སྤངས་པ་ཡིན། །བདུད་ཀྱི་མགོ་སྐོར་དེ་ང་མི་འདོད། །ཅེས་གསུངས་པ་ལྟར། འབྱོར་པ་ཅི་ཙམ་དུ་ཆེ་བ་དེ་ཙམ་དུ་སྡུག་བསྔལ་ཆེ་ཞིང༌། དཔེར་ན་རྟ་གཅིག་ཡོད་ཀྱང༌། དེ་དགྲས་ཁྱེར་དོགས། རྐུན་མས་རྐུ་དོགས། རྩྭ་གཟན་མ་འཁྱོང་གི་དོགས་པ་སོགས་སྡུག་བསྔལ་རྟ་ཙམ་པ་མང་པོ་ཡོད། དེ་བཞིན་དུ་ལུག་གཅིག་ཡོད་ཀྱང་སྡུག་བསྔལ་ལུག་ཙམ། ཐ་ན་ཇ་འཁོར་ཞིག་ཡོད་ཀྱང༌། སྡུག་བསྔལ་ཇ་འཁོར་ཞིག་ཙམ་ངེས་པར་ཡོད། ནོར་མེད་ཙ་ན་དགྲ་དང་བྲལ། ཞེས་པ་ལྟར། འབྱོར་པ་མེད་ན་དགྲ་དང་བྲལ་ཏེ། སྐྱིད་པ་ཡིན་པས་སྔོན་བྱོན་རྒྱལ་བ་གོང་མའི་རྣམ་ཐར་བཞིན་ལོངས་སྤྱོད་ནོར་གྱི་ཆགས་ཞེན་ཐམས་ཅད་རྩ་བ་ནས་བཅད། འཚོ་བ་བྱ་ཚོལ་ལ་བསྟེན་ནས་དམ་པའི་ཆོས་ཁོ་ན་སྒྲུབ་དགོས་སྙམ་དུ་བསྒོམ་མོ། །གཉེན་བྱམས་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་ནི། འཇིག་རྟེན་འཁོར་བ་པའི་སེམས་ཅན་ཐམས་ཅད་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ཉེ་དུ་འཁོར་འབངས་གཉེན་དང་མཛའ་བཤེས་ཀྱི་ཕྱོགས་སུ་ལྷུང་བ་ཡིན་པས། དེ་དག་གི་ཆེད་དུ་སྡུག་བསྔལ་དུ་མ་ལ་སྤྱོད། ཉེ་དུ་དང་གཉེན་བཤེས་སུ་འབྲེལ་པ་དེ་དག་ཀྱང་མི་རྟག་པར་འབྲལ་བའི་ཆོས་ཅན་ཡིན་པས། ཕལ་ཆེར་ཤི་པའམ་ཡུལ་ཕྱོགས་གཞན་དུ་འཁྱར་བ་དགྲ་དང་གནོད་པ་ལ་སོགས་པས་ཉེན་པ་ན། དེ་དག་གི་སྡུག་བསྔལ་དེ་རང་ལ་བྱུང་བ་ལས་ཀྱང་ཐུ། ཁྱད་པར་ཕ་མ་ནི་བུ་ལ་བརྩེ་ཞིང་གདུང་བས། དེ་འཁྱགས་ཀྱིས་དོགས་ལྟོ་ག་གིས་དོགས། སྐོམ་གྱིས་དོགས་ན་ཡིས་དོགས། ཤི་ཡིས་དོགས། བུ་ན་བ་ལས་རང་ཉིད་འཆི་བ་འདོམ་ནུས་པ་ཙམ་དུ་སྙིང་བརྩེ་ཞིང་དེའི་ཆེད་དུ་སེམས་ནད་ཁོ་ན་བྱེད་པས་སྡུག་བསྔལ། དེ་བཞིན་དུ་གཉེན་དང་ཉེ་འབྲེལ་བརྩེ་བ་ལ་སོགས་པ་དེ་རྣམས་དང་བྲལ་དུ་དོགས་པའི་སྡུག་བསྔལ་སྤྱོད་པ་ཡིན་ཀྱང༌། ལེགས་པར་བརྟགས་ན་གཉེན་ཀྱང་གཉེན་དུ་མ་ངེས་ཏེ། ཕ་མ་སོགས་བུ་ལ་བརྩེ་བར་རློམ་ཡང་བརྩེ་ལུགས་ཕྱིན་ཅི་ལོག་ཏུ་གྱུར་ནས་ཕུགས་སུ་གནོད་པ་བསྐྱལ་བ་ཡིན་ཏེ། རྒྱུ་ཟས་དང་ལོངས་སྤྱོད་བྱིན། གཏན་གྲོགས་ཀྱི་ཆུང་མ་བསུས་ནས་འཁོར་བའི་འཆིང་ཐག་དང་སྦྲེལ། དགྲ་འདུལ་ལུགས། གཉེན་སྐྱོང་ལུགས། ལོངས་སྤྱོད་སྤེལ་ལུགས་སོགས་མི་དགེ་བའི་ལས་ཐབས་དུ་མ་བསླབས། ངན་སོང་གི་གཏིང་ནས་མི་ཐར་བ་ཞིག་བྱེད་པ་ཡིན་པས་དེ་དག་ལས་གནོད་ཚབས་ཆེ་བ་མེད། བུ་དང་བུ་མོ་ལ་སོགས་པ་ཡང་དང་པོ་ལུས་ཀྱི་བཅུད་འཕྲོག །བར་དུ་ཁ་ཡི་ཟས་འཕྲོག །ཐ་མ་ལག་གི་ནོར་འཕྲོག །ཕར་ལ་བརྩེ་བར་བྱས་ཀྱང་ཚུར་ལ་རྒོལ། རང་གི་ཚེ་གང་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་དེ་བསགས་པའི་རྒྱུ་ཟས་ལོངས་སྤྱོད་ཐམས་ཅད་ཕོངས་པ་མེད་པར་བྱིན་ཀྱང་ངོ་སོ་ཅུང་ཟད་ཀྱང་མེད། མི་ཕལ་པ་ཞིག་ལ་ཇ་འདེབས་གཅིག་བྱིན་པའི་དགའ་སྤྲོ་ཙམ་རང་གི་བུ་ལ་རྒྱ་དངུལ་རྡིལ་ཚད་བྱིན་ཀྱང་མེད་དེ། ང་རང་གི་ཨ་ཕའི་རྒྱུ་རྫས་ང་རང་གི་ལོས་ཡིན་སྙམ་པ་ལས་མེད། བུ་སྲིང་དང་བུ་མོ་སོགས་ཀྱང་རང་ནོར་ལ་ཧབ་ཐོབ་བྱེད། བྱིན་པ་ལ་ངོ་སོ་མེད། ཡང་བྱིན་ཀྱང་ཡང་སློང༌། ཐན་ཕྲེང་བའི་གྲངས་འཛིན་གྱི་སྔོ་ནེ་ལེགས་པོ་ཞིག་ཡོད་ཀྱང་བསླངས་ནས་ཁྱེར། ལེགས་ན་གཞན་གྱི་དཔལ་སྐྱེད་ཅིང༌། རང་ཕྱོགས་ལ་ཕན་པ་མེད། ཉེས་ན་ནི་ཕ་མིང་གི་གོ་ཁར་ལྷུང་ནས་སྡུག་ལ་སྦྱོར། གཉེན་གཞན་ཐམས་ཅད་ཀྱང༌། རང་འབྱོར་ཞིང་སྐྱིད་ལ་ཕུན་སུམ་ཚོགས་པའི་དུས་ན་ནི་ཐམས་ཅད་ཀྱང་ལྷ་བཞིན་དུ་ལྟ། ཕན་ཇི་ཐོགས་བྱེད། མི་དགོས་ཀྱང་རྒྱུ་ཟས་དང་ལོངས་སྤྱོད་སྟེར། རང་རྒུད་པར་གྱུར་ན་ནི་ཉེས་པ་ཅུང་ཟད་ཀྱང་མ་བྱས་ཀྱང་ཚུར་ལ་དགྲ་བཞིན་དུ་ལྟ། ཕན་བཏགས་པའི་ལན་དུ་གནོད་པ་སྐྱེལ། དེ་ལྟར་བུ་དང༌། བུ་མོ་གཉེན་དང་ཉེ་བ་རྣམས་ལ་སྙིང་པོ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། རྗེ་མི་ལས། བུ་དང་པོ་ལྷ་བུ་ཡིད་འོང་པོ། །སྙིང་བརྩེ་བའི་སེམས་ལ་བཟོད་བླག་མེད། །བར་དུ་བུ་ལོན་འདེད་དྲགས་པོ། །ཐམས་ཅད་བྱིན་ཀྱང་མགུ་དུས་མེད། །མི་ཡི་བུ་མོ་ནང་དུ་བཅུག །དྲིན་ཆེན་ཕ་མ་ཕྱི་རུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་སྟེར། །མ་ཡིས་བོས་ཀྱང་ཨང་མི་ཁུག །ཐ་མ་ཁྱིམ་མཚེས་སྙིང་རིང་པོ། །ཁྲམ་པའི་ཁ་ཚིས་བྱས་པས་ཕུང༌། །རང་སྐྱེས་ཀྱི་དགྲ་བོ་སེམས་ལ་གཟན། །འཁོར་བའི་བཤལ་ཐག་སྤངས་པ་ཡིན། །འཇིག་རྟེན་གྱི་བུ་ཚ་ང་མི་འདོད། །ཅེས་དང༌། བུ་མོ་དང་པོ་ལྷ་ཕྲུག་འཇུམ་ཁ་མོ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་དངོས་སུ་བསླངས་ནས་ཁྱེར། །མ་ལ་ལྐོག་ཏུ་བརྐུས་ནས་ཁྱེར། །བྱིན་པ་ངོ་སོ་མི་བྱེད་པ། །དྲིན་ཆེན་ཕ་མ་སྙིང་རླུང་སློང༌། །ཐ་མ་སྲིན་མོ་གདོང་དམར་མ། །ལེགས་ན་གཞན་གྱི་དཔལ་སྐྱེད་མ། །ཉེས་ན་རང་གི་བྱུར་སྡུད་མ། །ཕུང་བྱེད་ཀྱི་སྲིན་མོ་སེམས་ལ་གཟན། །སངས་མེད་ཀྱི་མྱ་ངན་སྤངས་པ་ཡིན། །ཕུང་གཞིའི་བུ་མོ་ང་མི་འདོད། །ཅེས་དང༌། གཉེན་དང་པོ་འཕྲད་དགའ་མཐོང་འཛུམ་པོ། །འདིར་བྱོན་དང་འདིར་བཞུགས་ཀྱིས་ལུང་པ་འགེངས། །བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་ལན་དུ་ཚུར་གཅིག་སྟེར། །ཐ་མ་ཆགས་སྡང་གི་གྱོད་གཞི་ཅན། །སྡུག་གྲོགས་ཀྱི་གྱོང་རྩ་སེམས་ལ་གཟན། །སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན། །འཇིག་རྟེན་གྱི་ཉེ་དུ་ང་མི་འདོད། །ཅེས་གསུངས་པ་ལྟར་ཡིན་ནོ། །དེ་བཞིན་དུ་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་ནི། འཇིག་རྟེན་གྱི་ཁམས་འདི་ན་རང་བདེ་ཞིང་སྐྱིད་པ་མི་འདོད་པ་ནི་གཅིག་ཀྱང་མེད་མོད་དེ། དེ་ལྟར་འདོད་པ་ལྟར་འོང་བ་ནི་སུ་ཡང་མེད། སྐྱིད་དུ་རེ་ནས་མཁར་བརྩིགས་པ་ཡང་ཞིག་ནས་རང་བསད་པ་དང༌། འགྲངས་སུ་རེ་ནས་ཟས་ཟོས་པ་ཡང་ནད་དུ་གྱུར་ཏེ་སྲོག་ལ་རྒོལ་བ་དང༌། རྒྱལ་དུ་རེ་ནས་གཡུལ་དོར་ཕྱིན་པས་འཕྲལ་དུ་བསད་པ་དང༌། ཁེ་སྤོགས་འདོད་པས་ཚོང་ལ་ཕྱིན་པ་ན་དགྲས་བཅོམ་སྟེ་སྤྲང་པོར་གྱུར་པ་སོགས་ཚེ་འདིའི་བདེ་སྐྱིད་དང་ལོངས་སྤྱོད་འབྱུང་དུ་རེ་བས་འབད་རྩོལ་དང་རྩོལ་སྒྲུབ་ཇི་ཙམ་བྱས་ཀྱང༌། རང་ལ་སྔོན་གྱི་ལས་དབང་ཞིག་མེད་ན་འཕྲལ་དུ་ལྟོ་འགྲངས་པ་ཙམ་ཡང་མི་འོང་ཞིང་རང་གཞན་སྡུག་ལ་སྦྱར། གྲུབ་ངེས་པ་ངན་སོང་གི་གཏིང་ནས་མི་ཐར་བ་ཞིག་གྲུབ་པ་མ་གཏོགས་ཅི་ཡང་མེད། དེས་ན་འབད་ཅོལ་རི་བོ་ཙམ་བྱེད་པ་ལས་བསོད་ནམས་མེ་སྟག་ཙམ་བསགས་པ་དགའ་བ་ཡིན་པས་གྲུབ་དུས་མེད་པ་འཁོར་བའི་བྱ་བྱེད་ཀྱིས་ཅི་བྱ། དེ་ལྟ་བུའི་ལས་ལ་འཁོར་བ་ཐོག་མ་མེད་པའི་དུས་ནས་ཅི་ཙམ་འབད་པ་ཡིན་ཀྱང་འབྲས་བུ་སྡུག་བསྔལ་བ་ཁོ་ན་ལས་མི་འདུག །དེ་སྔོན་འཇིག་རྟེན་ཚེ་འདིའི་ཆེད་དུ་མི་ཚེ་གཅིག་གི་སྟོང་སྨད་ལ་འབད་པ་ཙམ། དམ་པའི་ཆོས་ལ་འབད་ན་ད་ཙམ་སངས་རྒྱ་བའམ་མིན་ཀྱང་ངན་སོང་གི་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པ་ཞིག་ནི་འགྲུབ་ངེས། ད་རེས་སྤང་བླང་གིས་མཚམས་ཤེས་པའི་སྐབས་འདིར་འགྲུབ་དུས་མེད་པ་འཁོར་བའི་བྱ་བཞག་ལ་རེ་མི་ཆེ་བར་འགྲུབ་པར་ངེས་པ་དམ་པའི་ཆོས་གཤའ་མ་ཞིག་བསྒྲུབ་དགོས་སྙམ་དུ་བསྒོམ་མོ། །མི་འདོད་པ་ཐོག་ཏུ་འབབས་པའི་སྡུག་བསྔལ་ནི། དེ་ལྟ་བུའི་སྡུག་བསྔལ་གྱི་རྣམ་གྲངས་དེ་དག་ཐམས་ཅད་འདོད་པའི་གང་ཟག་ནི་གཅིག་ཙམ་ཡང་འཇིག་རྟེན་གྱི་ཁམས་འདི་ན་མེད་ཀྱང༌། མི་འདོད་བཞིན་དུ་སྡུག་བསྔལ་དེ་དག་ཁོ་ན་ལ་ལོངས་སྤྱོད། སྔོན་གྱི་ལས་དབང་ལས་རྒྱལ་པོའི་མངའ་རིས་དང༌། ཕྱུག་པོའི་བྲན་འཁོར་ལྟ་བུ་རྣམས་རང་དབང་སྐད་ཅིག་ཀྱང་མེད་པར་མི་འདོད་བཞིན་དུ་དེ་དག་གི་དབང་དུ་གྱུར། ཉེས་པ་ཅུང་ཟད་རེའི་ཕྱིར་སྡུག་བསྔལ་དུ་མ་གཏད་ཀྱང་བྱ་ཐབས་བྲལ། ད་ལྟ་གསོད་སར་ཁྲིད་ཀྱང༌། རང་བསམ་གྱིས་འགྲོ་བ་ལས་འབྲོས་པ་ཙམ་ཡང་མི་ནུས་པས་མཚོན། མི་འདོད་པ་ཁོ་ན་ཐོག་ཏུ་འབབས་ཏེ། ཀུན་མཁྱེན་ཆེན་པོས། བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་རུ་དུས་རྟག་ཏུ། །མི་འབྲལ་འདུག་པར་འདོད་ཀྱང་འགྲོ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་འབྲལ་སྤྱོད་པར་འདོད་ཀྱང་བོར་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་འཕྲལ་ཆོས་ཉན་འདོད་ཀྱང་བྲལ་བར་ངེས། །དམ་པའི་གྲོགས་བཟང་རྣམས་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་ངེས་པས། །དེ་རིང་ཉིད་ནས་བརྩོན་པའི་གོ་བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་དུ་བགྲོད་རེ་རན། །སྐྱོ་ནས་གཏིང་ནས་སྐྱེ་བའི་གྲོགས་རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཞེས་གསུངས་དེས་ན་ནོར་དང་ལོངས་སྤྱོད་བདེ་སྐྱིད་དང་སྙམ་གྲགས་ལ་སོགས་འབྱུང་བའི་རྒྱུ། རང་ལ་སྔོན་བསགས་ཀྱི་དགེ་འབྲས་ཤིག་ཡོད་ན་ནི་མི་འདོད་ཀྱང་ཤུགས་ཀྱིས་འབྱུང༌། དེ་མེད་ན་ཅི་ཙམ་འབད་རྩོལ་དང་རྩོལ་སྒྲུབ་བྱས་ཀྱང་འདོད་པ་མི་འགྲུབ་ཅིང་མི་འདོད་པ་ཁོ་ན་འདུ་བས། ནོར་ཟད་པ་མེད་པ་ཆོག་ཤེས་ཀྱི་ནོར་ལ་བརྟེན་ནས་ཡང་དག་པའི་དམ་ཆོས་མ་བསྒྲུབས་ན། ཆོས་སྒོར་ཞུགས་ནས་འཇིག་རྟེན་ཚེ་འདིའི་བྱ་བཞག་སྒྲུབ་པ་ནི་རང་སྡུག་ལ་དམ་པས་ཁྲེལ་བ་ཡིན་ཏེ། རྗེ་མི་ལས། སྤྱིར་རྒྱལ་བ་མི་ཡི་དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །ད་ལྟ་མཁས་པར་རློམ་པ་རྣམས། །ཆོས་བརྒྱད་ཆེ་རུམ་སོང་ངམ། །རྒྱལ་བས་ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་བ་སྤང་ཕྱིར་གསུངས། །ད་སྟའི་ཁྲིམས་སྲུང་བཙུན་པ་རྣམས། །བྱ་བཞག་མང་དུ་མ་སོང་ངམ། །སྔོན་དུས་དྲང་སྲོང་ཆ་ལུགས་དེ། །ཉེ་ངུའི་འབྲེལ་ཐག་བཅད་ཕྱིར་གསུངས། །ད་ལྟའི་དྲང་སྲོང་ཆ་ལུགས་རྣམས། །ངོ་བསྲུང་ཆེ་རུ་མ་སོང་ངམ། མདོར་ན་འཆི་བ་མ་དྲན་པའི། །དམ་ཆོས་ཅི་བྱེད་གྱི་ནར་གདའ། །ཞེས་གསུངས་སོ། །ད་ལྟ་མི་ཡུལ་གླིང་བཞིའི་འཇིག་རྟེན་སྤྱི་དང་བྱེ་བྲག་རང་རེ་འཛམ་བུའི་གླིང་པར་སྐྱེས་པ་རྣམས་ད་ལྟ་སྙིགས་མའི་དུས་འདིར་བདེ་བའི་གནས་སྐབས་སྤུ་ཙམ་ཡང་མེད་པར་སྡུག་བསྔལ་ཁོ་ན་ལ་སྤྱོད། ད་དུང་ལོ་དང་ཟླ་བ་ཞག་དང་ཟ་མ་སྔ་དྲོ་དང་ཕྱི་འཕྲེད་ཙམ་སོང་བཞིན་དུས་ཇེ་སྙིགས། བསྐལ་པ་ཇེ་ངན། སངས་རྒྱས་ཀྱི་བསྟན་པ། སེམས་ཅན་གྱི་བདེ་སྐྱིད་ཐམས་ཅད་རིམ་པ་བཞིན་ཉམས་དམའ་བ་ལ་བསམ་ནས་སྐྱོ་བ་བསྐྱེད། གཞན་ཡང་འཛམ་གླིང་ལས་ཀྱི་ས་པ་ཡིན་ཕྱིར། བཟང་ངན། སྐྱིད་སྡུག །ལེགས་ཉེས། མཐོ་དམན་ཆོས་དང་ཆོས་མིན་ཐམས་ཅད་མ་ངེས་པ་ཡིན་པས། དེ་དག་གི་ཚུལ་མངོན་སུམ་དུ་མཐོང་བ་ལ་བལྟས་ནས་རང་རྒྱུད་ལ་སྤང་བླང་བྱེད་དགོས་པ་ཡིན་ཏེ། ཀུན་མཁྱེན་བླ་མས། སྐབས་སུ་རང་སྣང་མཐུན་པའི་རྐྱེན་གྲོགས་ལྟོས། །རང་སྣང་ཤེས་པས་ཉམས་མྱོང་གྲོགས་སུ་འཆར། །སྐབས་སུ་མི་མཐུན་གནོད་པའི་རྐྱེན་སྣང་ལྟོས། །འཁྲུལ་པ་ཞེན་ལོག་གནད་དུ་ཆེ་བ་ཡིན། །སྐབས་སུ་གྲོགས་དང་གཞན་གྱི་བླ་མར་ལྟོས། །བཟང་ངན་ཤེས་པས་ཉམས་ལེན་བསྐུལ་མ་ཡིན། །སྐབས་སུ་མཁའ་ལ་འབྱུང་བཞིའི་ཆོ་འཕྲུལ་ལྟོས། །སེམས་ཉིད་ངང་དུ་འབད་རྩོལ་ཞིག་པ་ཤེས། །སྐབས་སུ་རང་གི་ཡུལ་མཁར་ལོངས་སྤྱོད་ལྟོས། །སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་པ་ལོག །སྐབས་སུ་གཞན་གྱི་ནོར་དང་ལོངས་སྤྱོད་ལྟོས། །སྙིང་རྗེར་ཤེས་པས་འཁོར་བའི་འདོད་པ་སྤོངས། །མདོར་ན་སྣ་ཚོགས་སྣང་བའི་ཆོས་རྣམས་ལ། །རང་བཞིན་བརྟགས་པས་བདེན་ཞེན་འཁྲུལ་པ་འཇིག །ཅེས་གསུངས་པ་ལྟར་ཉམས་སུ་བླང་ངོ༌། །མཐོ་རིས་ཀྱི་གནས་གཉིས་པ། ལྷ་མིན་གྱི་སྡུག་བསྔལ་ནི། སྤྱིར་དཔལ་འབྱོར་ལོངས་སྤྱོད་ལྷ་རྣམས་ལ་འགྲན་པ་ཙམ་ཡོད་ཀྱང༌། སྔོན་མི་དགེ་ཕྲག་དོག་དང་འཐབ་རྩོད་ལ་གོམས་ཤིང་ལས་དེས་འཕངས་པས་ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་གི་འདུ་ཤེས་རགས། རང་གི་གནས་ནའང་གནས་དང་སྡེ་རིས་རྩོད་ཅིང༌། ཕན་ཚུན་མི་མཐུན་པས་འཐབ་རྩོད་ཁོ་ནས་དུས་འདའ། ཡར་ལྷ་ལ་བལྟས་པས་དཔལ་འབྱོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང༌། དགོས་འདོད་ཐམས་ཅད་དཔག་བསམ་ཤིང་ལས་འབྱུང་བར་མཐོང་བས་ཤིང་དེའི་རྩ་བ་ལྷ་མིན་གྱི་ཡུལ་ན་ཡོད་པ་སོགས་ལ་བལྟས་ནས་ཕྲག་དོག་མི་བཟོད་པ་སྐྱེས་ཏེ་གོ་ཆ་གྱོན་མཚོན་ཆ་ཐོགས་ནས་ལྷ་རྣམས་དང་འཐབ་ཏུ་འགྲོ། དེའི་ཚེ་ལྷ་རྣམས་ནི་རྩུབ་འགྱུར་གྱི་ཚལ་དུ་སོང་སྟེ་གོ་མཚོན་དག་བླངས་ནས། ལྷའི་གླང་པོ་ཆེ་རབ་བརྟན་གྱི་མགོ་བོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དང༌། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན། ལྷ་ཡི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ཀུ་བསྭོ་ཆ་སྒྲ་སྒྲོགས་ཤིང་གཟི་བྱིན་བཟོད་པར་དཀའ་བཙམ་དུ་འོང་བ་དང༌། འཐབ་པའི་ཚེ་ལྷ་རྣམས་ཀྱི་རྡོ་རྗེ་དང་འཁོར་ལོ་དང༌། མདུང་ཐུང་དང་མདའ་བོ་ཆེ་ལ་སོགས་པ་ཆར་བཞིན་དུ་འབེབས་ཤིང༌། ལྷ་རྫུ་འཕྲུལ་དང་ལྡན་པས་རི་ཆེན་པོ་རྣམས་ཀྱང་པང་པས་བཏེགས་ནས་འཕེན་པར་བྱེད། སྔོན་གྱི་ལས་དབང་ལས་ལྷ་རྣམས་ནི་མི་འགྲེང་བདུན་ཙམ་གྱིས་མཐོ་ལ། ལྷ་མ་ཡིན་རྣམས་ནི་དམའ་ཞིང༌། ལྷ་རྣམས་ནི་མགོ་བོ་བཅད་པ་མ་གཏོགས་ལུས་ལ་རྨ་ཅི་ཙམ་བྱས་ཀྱང་དེ་མ་ཐག་ལྷའི་བདུད་རྩིས་གསོ་བས་མི་འཆི་ལ། ལྷ་མ་ཡིན་རྣམས་ནི་མི་ལ་སོགས་པ་བཞིན་དུ་གནད་ཆེས་གང་དུ་ཕོག་ཀྱང་འཆི་བས་རྟག་ཏུ་གཡུལ་ཕམ་པ་མང༌། ལྷའི་གླང་པོ་ཀུན་སྐྱོང་མྱོས་པའི་སྣལ་རལ་གྲིའི་འཁོར་ལོ་བཏགས་ཏེ་མངགས་པ་སོགས་ཀྱིས་ལྷ་མ་ཡིན་འབུམ་ཕྲག་དུམ་གསོད་ཅིང༌། དེ་དག་གི་རོ་རི་རབ་ཀྱི་ངོས་ནས་རྦབ་ཏུ་བསྒྲིལ་སྟེ་རོལ་པའི་མཚོ་ཆེན་རྣམས་ཀྱི་ནང་དུ་ལྷུངས་པས། མཚོ་རྣམས་ཁྲག་གི་མདོག་ཏུ་སྣང་བ་སོགས་རྟག་པར་འཐབ་རྩོད་ཁོ་ན་ལ་སྤྱོད་པས། ལྷ་མ་ཡིན་གྱི་གནས་ན་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་ཚུལ་སྙིང་ཐག་པ་ནས་བསྒོམ་མོ། །མཐོ་རིས་ཀྱི་གནས་གསུམ་པ་ལྷའི་གནས་ནི། སྤྱིར་གསོན་པའི་དུས་སུ་བདེ་སྐྱིད་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་རྣམ་གཡེང་ཁོ་ནའི་ངང་དུ་དུས་འདའ་བས་དམ་པའི་ཆོས་སྒྲུབ་པའི་བློ་མི་སྐྱེ། ཚེ་བསྐལ་པའི་བར་དུ་གནས་ཀྱང་སྐད་ཅིག་མ་གཅིག་གི་སྣང་བ་ཡང་མེད་པར་ཡེངས་མ་ལམ་ལ་ཚེ་ཟད་དེ་འཆི་བ་ལ་ཐུག །རྒྱལ་ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་ལྷའི་གནས་རིགས་དྲུག་པོ་གང་ཡིན་ཀྱང་འཆི་འཕོ་བའི་སྡུག་བསྔལ་མྱོང་དགོས། དེའང་ལྷ་རྣམས་འཆི་བར་ཉེ་བ་ན་ལྷ་རྣམས་རང་རང་གི་འོད་ཀྱིས་དཔག་ཚད་དང་རྒྱང་གྲགས་སོགས་སུ་སྣང་བ་ཡིན་པ་ལ། ལུས་ཀྱི་འོད་བཀྲག་ཉམས་པ་དང༌། ལྷའི་སྟན་ལ་ཅི་ཙམ་བསྡད་ཀྱང་མི་དགའ་བ་མེད་པ་ལ། སྟན་ལ་སྡོད་སྙིང་མི་འདོད་ཅིང་མི་བདེ་བ་སྐྱེས་པས་མི་དགའ་བ་དང༌། ལྷའི་མེ་ཏོག་གི་ཕྲེང་བ་ཅི་ཙམ་སོང་ཡང་རྙིང་རྒྱུ་མེད་པ་ལ། མེ་ཏོག་གི་ཕྲེང་བ་རྙིང་པ་དང༌། ལྷའི་གོས་ཇི་ཙམ་བགོས་ཀྱང་དྲི་མ་ཆགས་རྒྱུ་མེད་པ་ལ་གོས་རྙིང་ནས་དྲི་མ་ཆགས་པ་དང༌། ལྷའི་ལུས་ལ་རྡུལ་འབྱུང་རྒྱུ་མེད་པ་ལ། ལུས་ལ་རྡུལ་ཆུ་འབྱུང་བ་སྟེ། འཆི་འཕོའི་སྔ་ལྟས་ལྔ་ཤར་བས་རང་ཉིད་ཀྱིས་ཀྱང་འཆི་བར་ཤེས་ཏེ་སྡུག་བསྔལ། ལྷ་ཟླ་བོ་རྣམས་དང་ལྷའི་བུ་མོ་རྣམས་ཀྱིས་ཀྱང་དེ་འཆི་བར་ཤེས་ནས་དྲུང་དུ་ཉེ་མི་ནུས་ཤིང༌། རྒྱང་རིང་པོ་ནས་མེ་ཏོག་འཐོར་ཏེ། ཁྱོད་འདི་ནས་ཤི་འཕོས་ཏེ། མི་ཡུལ་དུ་སྐྱེས། ལས་དགེ་བ་ལ་སྤྱད་དེ། སླར་ཡང་ལྷ་ཡུལ་དུ་སྐྱེ་པར་ཤོག་ཅིག །ཅེས་སྨོན་ལམ་བཏབ་ནས་འགྲོ། རང་གཅིག་པུར་ལུས་པས་ཤིན་ཏུ་སྡུག་བསྔལ་ཞིང་ཕྱི་མ་གར་སྐྱེ་ལྷའི་མིག་གིས་བལྟས་པས་སྡུག་བསྔལ་བའི་གནས་སུ་སྐྱེ་བར་མཐོང་ན་ནི། འཕོ་བའི་སྡུག་བསྔལ་མ་སངས་པའི་གོང་དུ་ལྟུང་བའི་སྡུག་བསྔལ་གྱིས་ནོན་ཏེ་སྡུག་བསྔལ་ཉིས་འགྱུར་དང་སུམ་འགྱུར་གྱིས་ཉམ་ཐག་པས་འོ་དོད་འབོད་བཞིན་ལྷའི་ཞག་བདུན་དུ་སྡོད་དགོས་ཏེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཞག་བདུན་དེ་མི་ལ་བདུན་བརྒྱ་ཡིན། དེའི་བར་དུ་སྔར་གྱི་བདེ་སྐྱིད་དྲན་ཀྱང་སྡོད་དབང་མེད་པ་འཕོ་བའི་སྡུག་བསྔལ། ཕྱི་མའི་གནས་རིས་མཐོང་བས་ཉམ་ང་བ། ལྟུང་བའི་སྡུག་བསྔལ་དང་གཉིས་ཀྱིས་མྱ་ངན་སེམས་ལ་ཟུག་པ་དམྱལ་བ་ལས་ཀྱང་ཐུ་བ་ཡིན། ཁམས་གོང་མ་གཉིས་ན་འཆི་འཕོའི་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང༌། འཕེན་བྱེད་ཀྱི་ལས་ཟད་ནས་གཉིད་སད་པ་བཞིན་དུ་གནས་རིས་འོག་མར་ལྷུངས་ནས་སྡུག་བསྔལ་བ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས། དེ་ལྟར་འགྲོ་བའི་གནས་རིགས་དྲུག་པོ་འདི་དག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཡོ་ལངས། སྡུག་བསྔལ་གྱི་འཁྲུལ་འཁོར་ཁོ་ན་ལས་མ་འདས་པས། མེའི་འོབས་ལྟ་བུ། སྲིན་མོའི་གླིང་ལྟ་བུ། རྒྱ་མཚོའི་ཀློང་ལྟ་བུ། མཚོན་ཆའི་རྩེ་ལྟ་བུ། མི་གཙང་བའི་ཁང་པ་ལྟ་བུ་བདེ་བའི་གོ་སྐབས་སྤུ་ཙམ་ཡང་མེད་པ་ཡིན་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། མགོན་པོ་བྱམས་པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་པར་དྲི་ཞིམ་མེད། །ཅེས་དང༌། ཨོ་རྒྱན་ཆེན་པོས། འཁོར་བ་འདི་ལ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན་ཞེས་གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་སོགས་གསུངས་པ་ལ་བསམས་ནས། འཁོར་པའི་གནས་རིས་འདི་ལ་ཡ་ཀི་སྲིད་པའི་རྩེ་མོ་མན་ཆད་ནས་མ་ཀི་དམྱལ་བ་གདན་ལ་ཐུག་པ་ཡན་ཆད་གང་དུ་སྐྱེས་ཀྱང་སྐྱིད་པ་དང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་ཅིང་སྙིང་པོ་མི་འདུག་སྙམ་དུ་ཞེན་པ་གཏིང་ནས་ལོག་པ་མཁྲིས་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུ་ཞིག་དགོས་པས། འཁོར་བའི་སྡུག་བསྔལ་འདི་དག་གོལོ་ཐོས་ལོར་མི་བཞག་པར་སྡུག་བསྔལ་སེམས་ཐོག་ཏུ་བླངས་ཏེ་ཡིད་ཆེས་པར་ཉམས་སུ་བླང༌། དེ་ལྟར་ཡིད་ཆེས་སྐྱེས་ན་སྡིག་ལ་འཛེམ་པ་དང༌། དགེ་ལ་སྤྲོ་བའང་འབད་མི་དགོས་པར་ཤུགས་ཀྱིས་སྐྱེ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་གཅུང་དགའ་བོ་ཆུང་མ་ཆགས་ནས་རབ་ཏུ་བྱུང་མ་འདོད་པ་ཐབས་ཀྱིས་ཆོས་སྒོར་བཙུད་ནས་རབ་ཏུ་བྱུང་ཡང་བསླབ་པ་ལ་མི་སློབ་པར་བྲོས་པར་རྩོམ་པ་ན། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་རི་གངས་ཅན་དུ་ཁྲིད་ནས་དེ་ན་སྤྲ་མོ་ཞར་བ་ཞིག་འདུག་པ་བསྟན་ཏེ། འདི་དང་ཁྱོད་ཀྱི་ཆུང་མ་བུ་ཎྜ་རཱི་ཀ་གཉིས་གང་མཛེས་ཞེས་གསུངས་པས། དེ་ནི་བརྒྱ་དང་སྟོང་གི་ཆར་ཡང་མི་ཉེ་སྟེ། ངའི་ཆུང་མ་མཛེས་ཞུས་པས། འོ་ན་ལྷ་ཡུལ་དུ་འདོང་གསུངས། ལྷ་ཡུལ་དུ་ཁྲིད་དེ་བཅོམ་ལྡན་འདས་ཕྱོགས་གཅིག་ཏུ་བཞུགས་ནས། ཁྱོད་སོང་ལ་ལྟོས་ཤོག་གསུངས། བལྟས་ཙ་ན་ལྷ་ཐམས་ཅད་རང་རང་གི་གཞལ་མེད་ཁང་ན་ལྷའི་བུ་མོ་དུ་མས་བསྐོར་ནས་བདེ་སྐྱིད་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ་སྤྱོད་ཅིང་འདུག །གཞལ་མེད་ཁང་ཞིག་ན་ལྷའི་བུ་མོ་དུ་མ་འཁོད་ཅིང༌། ལྷའི་བུ་སུ་ཡང་མི་འདུག་པས་དེའི་རྒྱུ་མཚན་དྲིས་པས། མི་ཡུལ་ན་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཚུལ་ཁྲིམས་སྲུང་བ་དེ་ལས་དེས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་གཞལ་ཡས་ཁང་ཡིན་ཟེར། དགའ་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པས་ཁྱོད་ཀྱིས་ལྷ་ཡུལ་མཐོང་ངམ་གསུངས། མཐོང་ལགས་ཞུས་པས། ལྷའི་བུ་མོ་རྣམས་དང་ཁྱོད་ཀྱི་ཆུང་མ་གཉིས་གང་མཛེས་གསུངས། དེ་ནི་ལྷའི་བུ་མོ་རྣམས་མཛེས་ཏེ་སྔར་སྤྲ་མོ་ཞར་མ་དང་པུཎྜ་རཱི་ཀའི་ཁྱད་ཙམ་ཡོད་དོ་ཞུས། སླར་མི་ཡུལ་དུ་འོངས་ནས་ཚུལ་ཁྲིམས་ཡང་དག་པ་བསྲུངས་ཏེ་བསྡད་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ། དགའ་བོ་ནི་མཐོ་རིས་ཀྱི་ཆེད་དུ་རབ་ཏུ་བྱུང་བ་ཡིན། ཁྱེད་རྣམས་ནི་མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བས་ལམ་ཐ་དད་དུ་ཞུགས་པ་ཡིན་པས། ཁྱེད་རྣམས་ཀྱིས་དགའ་བོ་དང་གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ། སྟན་གཅིག་ལ་འདུག་པར་མི་བྱ་བ་སོགས་གསུངས་པས་དགེ་སློང་ཐམས་ཅད་ཀྱིས་དེ་བཞིན་བྱས་པས་དགའ་བོ་ཤིན་ཏུ་སྡུག་བསྔལ་ཏེ། དགེ་སློང་གཞན་གྱིས་བདག་སྤངས་ཀྱང༌། ཀུན་དགའ་བོ་ནི་བདག་གི་ནུ་བོ་ཡིན་པས་དེས་བརྩེ་བར་བགྱིད་དམ་སྙམ་དུ་ཀུན་དགའ་བོའི་དྲུང་དུ་ཕྱིན་པ་ན། དེ་ཡང་སྟན་ལས་ལངས་ཏེ་དེངས་པ་ལ་རྒྱུ་མཚན་དྲིས་པས་བཅོམ་ལྡན་འདས་ཀྱིས་གསུངས་ཚུལ་རྣམས་སྨྲས། དེར་དགའ་བོ་མྱ་ངན་གྱིས་གདུངས་པ། བཅོམ་ལྡན་འདས་བྱོན་ནས་དགའ་བོ་ཁྱོད་དམྱལ་བའི་གནས་བལྟའམ་གསུངས། དེ་བལྟ་ལགས་ཞུས་པས་རྫུ་འཕྲུལ་གྱིས་དམྱལ་བའི་གནས་སུ་ཁྲིད་དེ་ལྟོས་གསུང་པས༌། དགའ་བོ་དེ་དག་ཏུ་ཕྱིན་ནས་བལྟས་པས་དམྱལ་བའི་གནས་ཐམས་ཅད་མཐོང་ཞིང། ཕྱོགས་གཅིག་ན་ཟངས་སྟོང་པ་ཞིག་གི་ནང་ན་མེ་ལྷབ་ལྷབ་འབར་ཞིང་ལས་མཁན་མང་པོས་བསྐོར་ནས་འདུག་པ་ལ། དེ་ན་སེམས་ཅན་གཞན་མེད་པའི་རྒྱུ་མཚན་དྲིས་པས། བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ལྷའི་བདེ་བ་དོན་དུ་གཉེར་ནས་ཚུལ་ཁྲིམས་སྲུང་བ་དེ་ལྷ་ཡུལ་དུ་སྐྱེས་ནས་བདེ་བ་མྱོངས་ཏེ། དགེ་འབྲས་ཟད་པ་དང་འདིར་སྐྱེ་བ་ཡིན་ཟེར་བས་སྐྲག་ནས་སླར་ལོག །དེ་ཕྱིན་ཆད་ལྷ་ཡུལ་དུ་སྐྱེས་ཀྱང་མཐར་ངན་སོང་དུ་སྐྱེ་བས་སྙིང་པོ་མི་འདུག་དགོངས་ནས་ངེས་འབྱུང་གི་བསམ་པ་སྐྱེས། དམྱལ་བ་མངོན་སུམ་དུ་མཐོང་བས་བསླབ་པའི་གནས་ཕྲ་མོ་ལ་ཡང་མི་འགལ་བར་བྱེད་པས། བཅོམ་ལྡན་འདས་ཀྱིས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། དེ་ལྟར་དམྱལ་བ་མངོན་སུམ་དུ་མཐོང་བ་ལྟ་ཅི། དམྱལ་བ་རི་མོར་བྲིས་པ་ཙམ་མཐོང་ཡང་འཇིགས་སྐྲག་གི་བློ་སྐྱེ་ཞིང་ངེས་འབྱུང་གི་གསོས་འདེབས་པས། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་འདུན་གྱི་གཙུག་ལག་སྒོར་འཁོར་བའི་འཁོར་ལོ་ཆ་ལྔ་པ་བྲི་བར་གསུངས། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། དམྱལ་བ་བྲིས་པ་མཐོང་དང་ཐོས་པས་ཀྱང༌། འཇིགས་པ་སྐྱེ་བར་བྱེད་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་ཅི་བྱར་ཡོད། །ཅེས་གསུངས། དེ་ལྟར་རྣམ་གྲངས་དུ་མས་འཁོར་བའི་སྡུག་བསྔལ་ལ་བསམས་ཏེ་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ལ་བློ་གཏིང་ནས་ལོག་པ་ཞིག་དགོས། ཚེ་འདིའི་བྱ་བ་བློས་མ་ཐོང་ན་ཆོས་བྱེད་ལོ་བྱས་ཀྱང་ཡང་དག་པའི་ཆོས་སུ་མི་འགྲོ་སྟེ། ཇོ་བོ་འདའ་ཁར་རྣལ་འབྱོར་པས། ཇོ་བོ་གཤེགས་པའི་འོག་ཏུ་བདག་གིས་སྒོམ་བྱེད་པར་ཞུ་ཞུས་པས། བསྒོམས་ཀྱང་ཆོས་སུ་འགྲོ་ཡེ་གསུངས། འོ་ན་འཆད་པར་ཞུ་ཞུས་པས། སྔར་བཞིན་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། ཁྱེད་ཐམས་ཅད་ཀྱིས་སྟོན་པ་ལ་བསྟེན་ལ་ཚེ་འདི་བློས་ཐོང་གསུངས། བཙུན་པ་གཅིག་རྭ་སྒྲེང་ལ་ཕྱི་སྐོར་བྱེད་པ་དང༌། དགེ་བཤེས་སྟོན་པ་དང་མཇལ་བས། སྟོན་པའི་ཞལ་ནས། ཇོ་བོ་བསྐོར་བ་བྱེད་པ་ཡང་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་རང་བྱས་ན་མི་དགའ་འམ་གསུངས། དེར་ཇོ་བོ་དེའི་བསམ་པ་ལ། བསྐོར་བ་བྱས་པ་ལས་ཀྱང་ཐོག་པ་ཆེན་པོའི་མདོ་ཀློག་པ་ཁེབས་ཆེའམ་སྙམ་ནས། ཀུན་དགའ་ར་བའི་ཁྱམས་སུ་མདོ་བཀླགས་པས། སྟོན་པའི་ཞལ་ནས། ཆོས་ཀློག་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་མི་དགའ་འམ་གསུངས། ཡང་ཁོའི་བསམ་པ་ལ། ཀློག་པ་བས་ཀྱང་ཏིང་ངེ་འཛིན་བསྒོམ་པ་ཁེབས་ཆེ་བའི་བརྡ་ཡིན་སྙམ་ནས། ཀློག་པ་གཤོལ་ནས་མལ་དུ་མིག་ཟིམ་མེ་བསྡད་པས། སྟོན་པའི་ཞལ་ནས་བསྒོམ་པ་ཡང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་མི་དགའ་འམ་གསུངས། དེར་ཁོས་གཞན་བྱ་ཐབས་མ་རྙེད་ནས། དགེ་བཤེས་ལགས། འོ་ན་བདག་གིས་ཆོས་ཇི་ལྟ་བུ་ཞིག་བགྱི་ཞུས་པས། སྟོན་པའི་ཞལ་ནས། ཇོ་བོ་ཚེ་འདི་བློས་ཐོང༌། ཚེ་འདི་བློས་ཐོང་གསུངས་སྐད། དེས་ན་འཇིག་རྟེན་ཚེ་འདིའི་བྱ་བཞག་ཐམས་ཅད་ནི། འདི་དང་གཏན་དུ་འཁོར་བ་སྡུག་བསྔལ་གྱི་གནས་རིས་ལས་མི་ཐར་བར་བྱེད་པ་ཡིན་པས། ཚེ་འདིའི་གདོས་ཐག་བཅད་དེ་ཕྱི་མའི་བྱང་ཆུབ་སྒྲུབ་པ་ལ་བསླབ་བྱས་ལེགས་པོར་སྟོན་པ་ནི་མཚན་ལྡན་གྱི་བླ་མ་མ་གཏོགས་སུ་ཡང་མེད་པས་ཚེ་འདིའི་ཕ་མ་དང་ཉེ་འབྲེལ། གཉེན་དང་མཛའ་བཤེས་ཟས་ནོར་དང་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་བོར། ཟས་གོས་སོགས་གང་བྱུང་དེས་ཆོག་ཙམ་དུ་དམ་པའི་ཆོས་འབའ་ཞིག་བསྒྲུབ་དགོས་ཏེ། རྒྱ་གར་དམ་པས། དངོས་པོ་འདི་སྤྲིན་དང་ན་བུན་འདྲ་བ་ཡིན་པས་དེ་ལ་རྟག་པར་མ་འཛིན། སྙན་གྲགས་ཐམས་ཅད་བྲག་ཆ་དང་འདྲ་བ་ཡིན་པས་སྙན་གྲགས་མ་བསྒྲུབས་ཆོས་ཉིད་སྒྲུབས། གོས་བཟང་པོ་འཇལ་ཚོན་དང་འདྲ་བ་ཡིན་པས་དུགས་པོ་གྱོན་ལ་ཉམས་སུ་ལོངས། རང་གི་ལུས་འདི་རྣག་ཁྲག་ཆུ་སེར་གྱི་རྐྱལ་པ་ཡིན་པས་གཅེས་པར་མ་འཛིན། ཞིམ་པོ་ཟོས་ཀྱང་མི་གཙང་བའི་རྒྱུ་ཡིན་པས་ལྟོ་ལ་ཆེད་དུ་མ་བལྟ། སྣང་བ་དགྲ་རུ་ལངས་པ་ཡིན་པས་དགོན་པ་འམ་རི་ལ་ཉོལ། འཁྲུལ་པའི་ཚེར་མ་སེམས་ལ་འཛུགས་པ་ཡིན་པས་མཉམ་པ་ཉིད་དུ་ཉམས་སུ་ལོངས། དགོས་འདོད་ཐམས་ཅད་རང་ལས་འབྱུང་བ་ཡིན་པས་རང་སེམས་སྐྱོང༌། ནོར་བུ་རིན་པོ་ཆེ་རང་ལ་ཡོད་པ་ཡིན་པས་ཟས་ནོར་ལ་ཆགས་པ་མ་བྱེད།སྨྲ་བ་མང་པོ་གྱོད་ཀྱི་རྩ་བ་ཡིན་པས་ལྐུགས་པ་བཞིན་དུ་སྡོད། སེམས་ཉིད་ལས་སུ་འཆར་བ་ཡིན་པས་ཡིད་ལྟོ་ཕྱིར་མ་འབྲང༌། བྱིན་རླབས་སེམས་ལས་འབྱུང་བ་ཡིན་པས་བླ་མ་དང་ཡི་དམ་ལ་གསོལ་བ་ཐོབ། ས་གཅིག་ཏུ་ཡུན་རིང་ན་སངས་རྒྱས་ལ་ཡང་སྐྱོན་མཐོང་བ་ཡིན་པས་ས་གཅིག་ཏུ་ཡུན་རིང་མ་སྡོད། དམན་པའི་སྤྱོད་པ་གྱིས་ལ་ཆེ་བའི་ང་རྒྱལ་སྤོངས། དུས་རིང་པོར་མི་སྡོད་པ་ཡིན་པས་མི་རིང་བར་སྒྲུབ་པ་གྱིས། ཚེ་འདི་མགྲོན་པོ་དང་འདྲ་བ་ཡིན་པས་ངལ་གསོ་སར་མཁར་ལས་མ་བྱེད། ལར་ཅིས་ཀྱང་ཕན་པ་མེད་པ་ཡིན་པས་སྒྲུབ་པ་ཉམས་སུ་ལོངས། རང་གི་ལུས་འབུ་སྲིན་གྱིས་ཟ་བའམ་ནམ་ཡལ་ཆ་མེད་པ་ཡིན་པས་ཚེ་འདིའི་སྣང་བ་ལ་མ་ཡེངས། གཉེན་དང་གྲོགས་ཤིང་ཁའི་བྱེའུ་ཆུང་དང་འདྲ་བ་ཡིན་པས་དེ་ལ་མ་ཆགས། ཡིད་ཆེས་ཀྱི་དད་པ་འདིས་གཞི་བཟང་པོ་དང་འདྲ་བས་ཉོན་མོངས་པའི་ཐ་བར་མ་བཞགཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་མི་ལུས་འདི་ཞེ་སྡང་གི་དགྲ་ལ་མ་བསྐུར། དམ་ཚིག་སོ་ཁའི་མཁར་བུ་དང་འདྲ་བ་འདི་ཉེས་པའི་སྐྱོན་གྱིས་མ་གོས་པར་གྱིས། རྡོ་རྗེ་སློབ་དཔོན་བཞུགས་པའི་ཚེ་དམ་ཆོས་ལེ་ལོར་མ་བཞག་ཨང་གསུངས། དེས་ན་དམ་པའི་ཆོས་ཡང་དག་པ་ཞིག་ཉམས་སུ་ལེན་པ་ལ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་པ་ཞིག་ཅིས་ཀྱང་དགོས་ལ། དེ་ལྟ་བུ་རྒྱུད་ལ་སྐྱེ་བའི་རྒྱུ་ནི་འཁོར་བའི་ཉེས་དམིགས་སྒོམ་པ་འདི་ཁོ་ན་ཡིན་པས་ཞེ་ཐག་པ་ནས་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ་དགོས་པ་ཡིན་ནོ། །དེ་ལྟ་བ་འཁོར་བའི་ཉེས་དམིགས་ཀྱི་སྒོམ་རྒྱུད་ལ་སྐྱེས་པའི་ཚད་ནི། དགེ་བཤེས་གླང་རི་ཐང་པ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། གླང་ཐང་པ་ལ་ཉེ་གནས་ཀྱིས། བླ་མ་ལ་གཞན་ཚོས་གླང་རི་ཐང་པ་ངོ་ནག་པ་ཟེར་གྱིན་གདལ་ཞུས་པས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལ་བསམ་ན་ངོ་གདོང་ལ་དཀར་པོ་འོང་བ་འདུག་གེ་གསུངས། སྐོར་ཅིག་ཁོང་གི་མཎྜལ་གྱི་སྟེང་ན་གཡུ་ཞིག་ཡོད་པ་བྱི་བ་ཞིག་གིས་བཏེག་པས་མ་ཐེག་པ་ལ། ཙིག་ཙིག་ཅེས་བྱི་བ་གཞན་སྒྲན་ནས་གཅིག་གིས་ཕུལ་གཅིག་གིས་འཐེན་པ་གཟིགས་པས་ཞལ་འཛུམ་པ་ཞིག་བྱུང་བ་མ་གཏོགས་ནམ་ཡང་ཞལ་འཛུམ་པ་ཙམ་ཡང་མཛད་མ་མྱོང་བ་ཡིན་སྐད་དོ། །དེ་ལྟར་འཁོར་བའི་སྡུག་བསྔལ་བསྒོམ་པ་འདི་ནི་དམ་པའི་ཆོས་ལ་བློ་འཇུག་པ་དང༌། རྒྱུ་འབྲས་ལ་ཡིད་ཆེས་སྐྱེ་བ་དང༌། ཚེ་འདི་བློས་ཐོང་བ་དང༌། སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྐྱེ་བ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་ཞིང༌། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་འཁོར་རིམ་པ་གསུམ་དུ་གསུངས་པའི་ཀུན་གྱི་ཐོག་མར་དགེ་སློང་དག་འདི་ནི་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་ཤེས་པར་བྱ་བ་ནས་མགོ་བརྩམས་ཏེ་གསུངས་པ་ཡིན་པས་ངེས་པར་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་ཉམས་སུ་བླང་ངོ༌། །འཁོར་བའི་སྡུག་བསྔལ་མཐོང་བཞིན་ཞེན་ཅིང་ཆགས། །ངན་འགྲོའི་གཡང་ལ་འཇིགས་ཀྱང་མི་དགེ་སྤྱོད། །བདག་དང་བདག་འདྲ་ལ་མ་གོལ་སེམས་ཅན་རྣམས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་དུ་ཤེས་པའི་ཁྲིད་དོ། །
འབྲེལ་ཡོད་འོས་སྦྱོར།