ཆོས་སྲིད་ཟུང་འཇུག་ལ་དཔྱད་པ་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི།
རྩོམ་པ་པོ།:མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-01
ཀློག་གྲངས།:
གསུམ་པ། དེ་གཉིས་ཀྱི་དོན་ལ་དཔྱད་པ།
གསུམ་པ་དེ་གཉིས་ཀྱི་དོན་ལ་དཔྱད་པ་ལ་གཉིས་ཏེ། ཆོས་སྲིད་ཟུང་འཇུག་གི་དོན་ལ་དཔྱད་པ་དང་། ཆོས་སྲིད་ཁ་བྲལ་གྱི་དོན་ལ་དཔྱད་པའོ། །གཅིག ཆོས་སྲིད་ཟུང་འཇུག་གི་དོན་ལ་དཔྱད་པ།
དང་པོ་ལ་ཆོས་སྲིད་ཟུང་འཇུག་གི་སྐྱོན་གྱི་ཕྱོགས་ལ་དཔྱད་པ་དང་། དེའི་དགེ་མཚན་གྱི་ཕྱོགས་ལ་དཔྱད་པ་དང་། ཆོས་སྲིད་ཟུང་དུ་འཇུག་མི་ནུས་པར་འདོད་པ་ལ་དཔྱད་པའོ། །
༡ ཆོས་སྲིད་ཟུང་འཇུག་གི་སྐྱོན་གྱི་ཕྱོགས་ལ་དཔྱད་པ།
དང་པོ་སྐྱོན་གྱི་ཕྱོགས་ལ་དཔྱད་པ་ནི། ཆོས་དང་སྲིད་གཉིས་ཟུང་དུ་འཇུག་པར་བྱས་ན་དང་པོ་གང་དང་གང་ཟུང་དུ་འཇུག་པའི་ཆོས་དང་སྲིད་དེ་རང་རང་གི་ངོ་བོའི་བཟང་ངན་ལས་དེ་གཉིས་ཟུང་འཇུག་བྱས་པའི་རྗེས་འབྲས་ལ་བཟང་ངན་གྱི་ཁྱད་པར་ཤིན་ཏུ་ཆེན་པོ་འབྱུང་ལ། དེ་ལག་ལེན་ལ་འདེབས་པར་བྱེད་པའི་མི་རྣམས་ཀྱི་ཀུན་སློང་དང་ཀུན་སྤྱོད་བཟང་ངན་གྱི་ཁྱད་པར་ལས་ཀྱང་རྗེས་འབྲས་ལ་ཁྱད་པར་ཆེན་པོ་འབྱུང་། དེ་ཡང་ཇི་ལྟར་ཞེ་ན། ཆོས་ལུགས་ཀྱི་ཕྱོགས་ནས་བཤད་ན། ཆོས་ལུགས་ཀྱིས་སྲིད་ཀྱི་དབང་ཤུགས་ལ་བརྟེན་ནས་རང་གི་འདོད་པ་སྣ་ཚོགས་པ་བསྒྲུབས་ནས། ས་ཕྱོགས་གང་དུ་སྲིད་དེའི་དབང་ཤུགས་ཀྱིས་ཁྱབ་པའི་ཡུལ་མི་ཐམས་ཅད་ལ་སྔར་རང་རང་ལ་ཆོས་དད་ཡོད་མེད་དང་མོས་མི་མོས་ལ་མི་ལྟོས་པར་སྲིད་ཀྱི་དབང་ཤུགས་སམ་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་རང་གི་ཆོས་དེ་སྒྲུབ་ཏུ་འཇུག །ཆོས་དེ་སྒྲུབ་པར་མི་འདོད་པའམ་རང་དང་ལྟ་བ་མི་མཐུན་པ་བྱུང་ཚེ་དེ་རྣམས་ཀྱི་ཐོག་ཏུ་བརྩེ་བ་མེད་པའི་ཐབས་ཤེས་སྣ་ཚོགས་ལག་ལེན་དུ་འདེབས། ཆོས་ལུགས་སམ་གྲུབ་མཐའི་ཕྱོགས་ཞེན་གྱིས་ཐ་མལ་གྱི་དམག་འཁྲུག་མང་པོ་སློང་བར་བྱེད་ན། དེའི་དབང་གིས་སེམས་ཅན་གཞན་གྱི་ལུས་སྲོག་དང་ལོངས་སྤྱོད་ལ་གནོད་པ་རྒྱ་ཆེན་པོ་འབྱུང་ངོ་། །
སྲིད་ཀྱི་ཕྱོགས་ནས་བཤད་ན། དབང་སྒྱུར་པ་རྣམས་ཀྱིས་རང་རང་གི་དཔལ་འབྱོར་དང་གོ་ས་དང་སྙན་གྲགས་ཀྱི་ཕྱིར་དུ་འཕྲོག་བཅོམ་དང་མནར་གཅོད་སྣ་ཚོགས་བྱས། དེ་དག་ཐམས་ཅད་ལྷའི་བཞེད་པ་དང་ཆོས་ཀྱི་དགོངས་པ་ཡིན་པར་སྒྲོ་བཏགས་ནས་ཚུལ་མཐུན་ལུགས་མཐུན་དུ་སྒྲུབ། ཆོས་དེ་ལ་དད་པ་བྱེད་པའི་མང་ཚོགས་ཀྱི་བསམ་པའི་འདུ་ཤེས་དང་ལུས་ངག་གི་བྱ་བ་ཐམས་ཅད་ཆོས་སམ་ཆོས་པའི་ནུས་པ་ལ་བརྟེན་ནས་རང་གི་སྲིད་དབང་ལ་ཕོག་ཐུག་མི་བྱེད་པ་དང་མགོ་སྒུར་དུ་འཇུག་སྟེ། མདོར་ན་ཆོས་དེ་ཉིད་རང་གི་སྲིད་དབང་ལ་མཐུན་སྒྲིལ་འགལ་སྤོང་བྱེད་པའི་ལག་ཆ་ཞིག་ཏུ་བཀོལ་བར་བྱེད་དོ། །འདི་རྣམས་ཀྱི་དཔེར་བརྗོད་ཡོ་རོབ་ཀྱི་དུས་རབས་དཀྱིལ་མའི་ལོ་རྒྱུས་དག་གི་ནང་ན་ཤིན་ཏུ་མང་པོ་ཡོད། དགེ་ཆོས་ཀྱི་གསུང་གི་ནང་དུ་ཐར་ཐོར་རེ་འབྱུང་བ་དེ་དག་ཀྱང་དེའི་མཚོན་བྱེད་ཙམ་ཞིག་ཡིན་ནོ། །
དེ་ལྟར་བྱས་པའི་རྗེས་འབྲས་སུ་ཆོས་ལུགས་དེས་དབང་སྒྱུར་པ་རྣམས་ཀྱི་མི་འོས་པའི་བྱ་བ་སྣ་ཚོགས་ཀྱི་རྒྱབ་ནོན་བྱས་ཏེ། དྲང་བདེན་དང་འདྲ་མཉམ་དང་རང་དབང་དང་བྱམས་བརྩེ་སོགས་རྩིས་མེད་དུ་བཏང་ནས་མི་རྣམས་ཀྱི་སེམས་ལ་རྨ་སྲོལ་ཆེན་པོ་བཏོད་པའི་དབང་གིས་མཐར་ཆོས་ལུགས་རང་ཉིད་ལའང་གནོད་སྐྱོན་བཅོས་སུ་མེད་པ་མང་པོ་ཞིག་ཕོག་པར་འགྱུར་རོ། །སྲིད་ཀྱི་ཆོས་ལུགས་ལ་བརྟེན་ནས་འབངས་རྣམས་ཀྱི་མི་ཚེའི་རང་དབང་བཅོམ་འཕྲོག་བྱས་ཤིང་རྫུན་དང་གཡོ་རྒྱུས་མགོ་སྐོར་བཏང་བ་འབངས་རྣམས་ཀྱི་རིམ་གྱིས་ཤེས་ཏེ་མཐར་བཟོད་བསྲན་བྱེད་མ་ཐུབ་ནས་སྲིད་དབང་མགོ་སློག་པའམ་སྐྱོན་ཅན་མི་བརྟན་པའི་རྒྱུར་འགྱུར། དེ་འདྲའི་ཟུང་འཇུག་བྱེད་སྟངས་འདིས་ནི་མཐར་ཆོས་དང་སྲིད་གཉིས་ཀ་ཕུང་བར་འགྱུར་བས་སྐྱོན་ཤིན་ཏུ་ཆེའོ། །
༢ ཆོས་སྲིད་ཟུང་འཇུག་གི་དགེ་མཚན་ལ་དཔྱད་པ།
གཉིས་པ་ཆོས་སྲིད་ཟུང་འཇུག་གི་དགེ་མཚན་ལ་དཔྱད་པ་ནི། ཆོས་ལུགས་གང་ཞིག་སྲིད་དང་ཟུང་འཇུག་ཏུ་བྱས་པས་སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ་ནི། ལས་རྒྱུ་འབྲས་སམ་དྲང་བདེན་དང་། སྲོག་ཆགས་ཐམས་ཅད་འདྲ་མཉམ་དང་། བྱམས་སྙིང་རྗེ་དང་། གུ་ཡངས་དང་བཟོད་བསྲན་སོགས་རྩལ་འདོན་བྱེད་པ་ནང་བ་སངས་རྒྱས་པའི་ཆོས་ལུགས་ལྟ་བུ་ཞིག་ཡིན་ན་ནི་དགེ་མཚན་གྱི་ཆ་ཤིན་ཏུ་མང་སྟེ། རྒྱལ་པོ་དང་བློན་པོ་སོགས་སམ་དབུས་སྲིད་གཞུང་ནས་ས་གནས་སྲིད་གཞུང་བར་གྱི་དཔོན་རིགས་དང་ལས་བྱེད་མི་སྣ་ཐམས་ཅད་ལས་རྒྱུ་འབྲས་ལ་གཏིང་ནས་ཡིད་ཆེས་པ་དང་བྱམས་དང་སྙིང་རྗེ་དང་ལྡན་པ་ཞིག་ཡིན་ན་སྙིང་ཐག་པའམ་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་མང་ཚོགས་ཀྱི་བདེ་དོན་ལ་བརྩོན་པར་བྱེད་ངེས་ཡིན་པས་མི་མང་རྣམས་ཚེ་འདི་ཕྱི་གཉིས་ཀར་བདེ་ཞིང་སྐྱིད་པའི་ཐབས་ལ་བསམས་ཏེ། རང་དབང་གི་ཐོབ་ཐང་ཧ་ཅང་གུ་ཡངས་པོ་བྱེད་པ་ལས་རང་གི་སྲིད་དབང་དང་དབང་སྒྱུར་གྱི་གོ་ས་བརྟན་པའི་ཆེད་ཁོ་ནར་དམིགས་ནས་མི་ཆོས་ལས་འདས་པའི་མནར་གཅོད་སྣ་ཚོགས་མི་བྱེད་པ་དང་། ཁྲིམས་ལུགས་ལ་དྲང་མོ་དང་བདེན་པའི་ཐོག་ནས་ཐག་གཅོད་བྱེད་པ་ལས་ཕྱུག་པོ་དང་བཙན་པོའི་ངོ་ལ་མི་ལྟ་བ་དང་། དཔལ་འབྱོར་གྱི་ཡོངས་སྒོ་ཐམས་ཅད་ཆ་སྙོམས་པོ་བྱེད་པ་ལས་བཙན་པོ་དང་དབང་ཡོད་རྣམས་ཁོ་ནའི་ལག་ཏུ་མི་འབབ་པ་དང་། སྤྱི་ཚོགས་ཧྲིལ་པོ་ཞི་འཇམ་གྱི་ངང་དུ་གནས་པ་ལས་འཐབ་རྩོད་དང་འཕྲོག་བཅོམ་མི་འབྱུང་བ་དང་། སྐྱེ་བོ་ཐམས་ཅད་ཀྱིས་ལས་རྒྱུ་འབྲས་ལ་བརྩི་བསྲུང་བྱས་ཏེ་དྲང་བདེན་གྱི་ངང་དུ་གནས་པ་ལས་རྫུན་དང་གཡོ་རྒྱུས་བསླུ་བྲིད་མི་བྱེད་པ་དང་། ཕྱི་ནང་ཐམས་ཅད་ཞི་བདེའི་ངང་དུ་གནས་ཐབས་བྱེད་པ་ལས་གཡུལ་འགྱེད་དང་སྲོག་གཅོད་ཀྱི་ལས་ལ་མི་བརྩོན་པ་དང་། སློབ་གསོའི་སྐབས་ཤེས་རིག་ལག་རྩལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་དངོས་པོའི་ལོངས་སྤྱོད་ཁོ་ན་ཡར་རྒྱས་སུ་གཏོང་བའི་ཐབས་ཤེས་སློབ་པ་ཙམ་མ་ཡིན་པར་ཡང་དག་པའི་འདུ་ཤེས་དང་ཡ་རབས་ཀྱི་སྤྱོད་པ་བསླབས་ཏེ་མི་མང་གི་མི་གཞིའི་སྤུས་ཚད་ཇེ་བཟང་དུ་གཏོང་བ་དང་། འཕྲོད་བསྟེན་དང་སྨན་བཅོས་ཀྱི་བྱ་གཞག་ལེགས་པར་བསྒྲུབས་ནས་མི་མང་གི་ལུས་ཁམས་བདེ་ཐང་འོང་བར་བྱེད་པ་སོགས་མདོར་ན་མགོ་ཁྲིད་དང་གཞུང་ཞབས་པ་སོགས་སྲིད་གཞུང་གི་ལས་བྱེད་མི་སྣ་ཐམས་ཅད་ཀྱིས་རང་འདོད་བློས་བཏང་ནས་མང་ཚོགས་ཀྱི་དོན་འབའ་ཞིག་ལ་བརྩོན་པར་འགྱུར་བ་ཡིན་པས་དེ་ལྟ་བུའི་སྲིད་གཞུང་དེ་མི་མང་གི་བསམ་པའི་ནང་དུ་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་དང་བདེ་བ་སྦྱིན་པའི་མགོན་དང་ཕ་མ་ལྟ་བུའི་འདུ་ཤེས་སྐྱེ་བར་འགྱུར་རོ། །
ལར་སྦྱི་ཚོགས་ཐོག་གི་མི་བདེ་བ་དང་མི་བརྟན་པའི་རྒྱུ་རྐྱེན་ཐམས་ཅན་སེམས་ཀྱིས་བསླངས་པ་ཤ་སྟག་ཡིན་ཞིང་། དེ་དག་ཐམས་ཅད་རྒྱུ་ནོར་དང་ཁྲིམས་ཀྱི་ཆད་པ་ཁོ་ནས་འདུལ་བར་རློམ་པ་ནི་འཁྲུལ་བ་ཁོ་ན་ཡིན། ཆོས་ཀྱི་དད་པ་འདི་ཤིན་ཏུ་སྟོབས་ལྡན་གྱི་ནུས་ཤུགས་ཁྱད་པར་བ་ཞིག་ཡིན་པས་འདིས་ནོར་རྫས་དང་བཅའ་ཁྲིམས་གང་གིས་ཀྱང་བསྒྲུབ་མི་ནུས་པའི་སྤྱི་ཚོགས་ཀྱི་བྱ་བ་མང་པོ་ཞིག་བདེ་བླག་ངང་དུ་སྒྲུབ་ནུས། ནུས་པ་འདི་ལ་ལེགས་པར་བརྟེན་ན་རྒྱལ་ཁབ་དེའི་ཆབ་སྲིད་བརྟན་བརླིང་འོང་པ་ལའང་ཕན་པ་ཤིན་ཏུ་ཆེན་པོ་ཡོད་ཅིང་སྤྱི་ཚོགས་ཀྱི་བདེ་འཇགས་དང་མཐུན་འགྲིག་ལ་ཕན་འབྲས་ཁྱད་པར་བ་འབྱུང་། དེ་བཞིན་དུ་ཁྱིམ་ཚང་གི་དོན་ནམ་མི་གཅིག་གི་འཚོ་བའི་ནང་གི་དོན་ཤིན་ཏུ་མང་པོ་ཞིག་རྒྱུ་ནོར་དང་ཁྲིམས་ཁོ་ནས་ཐག་གཅོད་མི་ཐུབ་པས་དམ་པའི་ཆོས་དང་འཚོ་བ་ཟུང་འཇུག་བྱས་ན་ཕྱི་ནོར་གྱི་ལོངས་སྤྱོད་དང་ཡང་ལྡན་ལ་ནང་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ཡང་ལྡན་པས་འཚོ་བ་བདེ་སྐྱིད་དང་ལྡན་པ་ཞིག་ངེས་པར་དུ་འབྱུང་ངོ་། །
༣ ཆོས་སྲིད་ཟུང་འཇུག་གི་ནུས་པར་འདོད་པ་ལ་དཔྱད་པ།
གསུམ་པ་ཆོས་སྲིད་གཉིས་ཟུང་དུ་འཇུག་མི་ནུས་པར་འདོད་པ་ལ་དཔྱད་པ་ནི། ཁ་ཅིག་གིས་ཆོས་སྲིད་གཉིས་ཟུང་དུ་འཇུག་མི་ཐུབ་སྟེ། སྲིད་ནི་འཁོར་བ་ཡིན་ལ། ཆོས་ནི་འཁོར་བ་ཟད་བྱེད་ཡིན་པའི་ཕྱིར་ཞེས་རིགས་པ་བརྗོད་ཁུལ་བྱེད། འགའ་ཞིག་གིས་ནི་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། ཆོས་དང་འཇིག་རྟེན་གཉིས་ཀ་མཉམ་པར་སྒྲུབ་པར་རློམ་པ་དེ། ཁབ་རྩེ་གཉིས་ཀྱིས་བཟོ་དྲུབ་པ་དང་། མེ་ཆུ་གཉིས་སྣོད་གཅིག་ཏུ་འཇོག་པ་དང་། རྟ་གཉིས་ཁ་ཡར་མར་དུ་བསྐོར་ནས་མཉམ་དུ་ཞོན་ནས་འགྲོ་བར་རློམ་པ་དང་འདྲ་སྟེ་འགྲུབ་ཐབས་གཏན་ནས་མེད་ཅེས་གསུངས་པ་ལྟ་བུའི་ཚིག་རེ་ཟུང་རེ་མཐོང་ནས་ལུང་འདྲེན་ཁུལ་བྱེད་དེ་ཁོང་ཅག་གི་སེམས་ལ་ཆོས་དང་སྲིད་གཉིས་དུས་ནམ་དུ་ཡང་ཟུང་འཇུག་གམ་མཉམ་གནས་བྱ་རྒྱུ་མེད་པས་གཅིག་ཡོད་ན་གཅིག་མེད་བྱ་དགོས་སྙམ་དུ་སེམས་སོ། །
འོན་ཀྱང་དེ་ནི་དམ་པའི་ཆོས་ཀྱི་དོན་མ་རྟོགས་པ་སྟེ། དེང་སང་གི་སྐྱེ་བོ་མང་པོ་ཞིག་རྟག་པར་འདི་འདྲ་བའི་ཚིག་འགའ་རེའི་དོན་མ་ཤེས་ནས་འཁྲུལ་བར་འདུག་སྟེ། ཤིན་ཏུ་ཡིད་ཕམ་པའི་གནས་སུ་སྣང་། དང་པོ་ཆོས་ཐམས་ཅད་འཁོར་བ་ཟད་བྱེད་མ་ཡིན་ཏེ། འཇིག་རྟེན་ལྷ་མིའི་ཐེག་པ་ཞེས་པའམ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་ལས་སྐྱེས་བུ་ཆུང་ངུའི་ལམ་འདི་ཆོས་ཡིན་ཡང་། འཁོར་བ་ཟད་བྱེད་མ་ཡིན་ཏེ། འཁོར་བ་ན་འཁོར་བའི་ཚེ་ངན་སོང་གསུམ་གྱི་སྡུག་བསྔལ་མི་མྱོང་ཞིང་མཐོ་རིས་ཀྱི་བདེ་བ་འཐོབ་བྱེད་ཡིན་པའི་ཕྱིར་རོ། །ཆོས་དང་སྲིད་གཉིས་གང་ཟག་གཅིག་གིས་མཉམ་དུ་བསྒྲུབ་ནུས་པ་ནི་སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་ཀྱིས་ཞལ་བཞེས་གནང་ཡོད་པས་ལུང་གིས་གནོད་པ་མེད་དེ། རྒྱལ་པོ་ལ་གདམས་པ་ལས། རྒྱལ་པོ་ཆེན་པོ་ཁྱེད་དེ་ལྟར་ཞུགས་ན་རྒྱལ་པོ་ཡང་བྱེད་ལ་རྒྱལ་པོའི་བྱ་བའང་ཉམས་པར་མི་འགྱུར་ཞིང་། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་རྒྱལ་པོས་རྒྱལ་སྲིད་སྐྱོང་བ་དང་རྫོགས་པའི་སངས་རྒྱས་འཐོབ་བྱེད་ཀྱི་ཆོས་ཉམས་སུ་ལེན་པ་གཉིས་ཀྱང་འགལ་བ་མེད་པར་གསུངས་ན། རང་རེའི་ཁྱིམ་ཕལ་བ་བྱ་ཚང་ལྟ་བུ་ཞིག་སྐྱོང་བ་ལ་དམ་པའི་ཆོས་བསྒྲུབས་པས་ཅི་ཞིག་གནོད། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་བ་གམ་ན་གནས། །ཞེས་དང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས། འཇིག་རྟེན་བྱ་བ་ལེགས་ཤེས་པ། །དེ་ཡིས་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །ཞེས་དང་། དཀོན་མཆོག་བསྟན་པའི་སྒྲོན་མེས། ཤིང་གི་འབྲས་བུ་ལེགས་བསྐྱངས་ན། །ལོ་འདབ་ལ་སོགས་ཞར་ལ་འབྱུང་། །དམ་པའི་ཆོས་ལ་བརྩོན་བྱས་ན། །སྲིད་ཀྱི་དཔལ་ཡང་དེ་ཡིས་འགྲུབ། །ཅེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས། །དགེ་བའི་རྩ་བ་བསྡོམས་བྱས་ནས། །བླ་མེད་བྱང་ཆུབ་དོན་གཉེར་ན། །འཇིག་རྟེན་ཚུལ་དང་མི་འགལ་ཞིང་། །དམ་པའི་ལམ་ལས་མི་འདའ་ལ། །ཆོས་བཞིན་སྐྱེ་དགུ་ལེགས་སྐྱོང་བས། །དོན་གཉིས་བསྒྲུབ་ལ་སྟོབས་ལྡན་ཕྱིར། །རྒྱལ་སྲས་སེམས་དཔའ་ཆེ་རྣམས་ཀྱང་། །རྒྱལ་པོའི་ཚུལ་དུ་སྟོན་པར་མཛད། །ཅེས་ཆོས་དང་འཇིག་རྟེན་གྱི་བྱ་བ་གཉིས་མཉམ་བསྒྲུབས་བྱས་ན་ཕན་ཚུན་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འགྱུར་ཚུལ་ཡོད་པར་རྒྱ་ཆེར་གསུངས་སོ། །དཔལ་སྤྲུལ་རིན་པོ་ཆེས་གསུངས་པ་དེ་ནི། རྗེ་བཙུན་མི་ལ་རས་པས་ཆོས་སྒྲུབ་ཚུལ་ལྟ་བུ་དང་། བཀའ་གདམས་གོང་མ་རྣམས་ཀྱིས་བུད་བསྙེག་ཐོབ་གསུམ་གྱི་སྒོ་ནས་ཆོས་སྒྲུབ་ཚུལ་ལྟ་བུ་ལ་གསུངས་པ་ཡིན་གྱི། ཆོས་སྒྲུབ་ཚད་ཐམས་ཅད་དེ་ལྟ་བུའི་སྒོ་ནས་བསྒྲུབ་དགོས་པའི་ངེས་པ་མེད་ཅིང་། ཁོང་གིས་མཛད་པའི་ཆོས་འབྱུང་འབེམ་གཏམ་ལས་ཀྱང་། ཁྲི་སྲོང་གི་སྐབས་སུ། འཛམ་བུའི་གླིང་གསུམ་གཉིས་ཀྱི་རྒྱལ་སྲིད་རང་དབང་དུ་བྱས་ནས་ཆོས་སྲིད་ཟུང་འཇུག་གི་སྣང་བ་འགྲན་ཟླ་དང་བྲལ་བར་མཛད། ཅེས་ཆོས་སྲིད་ཟུང་འཇུག་གི་སྣང་བ་འགྲན་ཟླ་དང་བྲལ་བ་ཞིག་རྒྱལ་པོ་ཁྲི་སྲོང་གིས་མཛད་པར་གསུངས་པ་དང་འགལ་བར་འགྱུར་ཏེ། ཆོས་འཇིག་རྟེན་གཉིས་རྣམ་པ་ཀུན་ཏུ་རྟ་གཉིས་ཁ་ཡར་མར་དུ་བསྐོར་ནས་མཉམ་དུ་ཞོན་ནས་འགྲོ་བར་རློམ་པ་དང་འདྲ་བའི་འགྲུབ་ཐབས་གཏན་ནས་མེད་པ་ཞིག་ཡིན་ན། དེ་གཉིས་ཟུང་འཇུག་གི་སྣང་བ་འགྲན་ཟླ་དང་བྲལ་བ་ཞིག་འབྱུང་ཐབས་མེད་པའི་ཕྱིར་རོ། །
གཉིས། ཆོས་སྲིད་ཁ་བྲལ་གྱི་དོན་ལ་དཔྱད་པ།
གཉིས་པ་ཆོས་སྲིད་ཁ་བྲལ་གྱི་དོན་ལ་དཔྱད་པ་ལ། དེའི་སྐྱོན་ལ་དཔྱད་པ་དང་དེའི་དགེ་མཚན་ལ་དཔྱད་པའོ། །
༡ ཆོས་སྲིད་ཁ་བྲལ་བྱས་པའི་སྐྱོན་ལ་དཔྱད་པ།
དང་པོ་ཆོས་སྲིད་ཁ་བྲལ་ཞེས་པའི་སྐྱོན་ལ་དཔྱད་པ་ནི། འདིར་ཆོས་སྲིད་ཁ་བྲལ་གྱི་སྐྱོན་བརྗོད་པ་ནི་ཆབ་སྲིད་ཀྱི་ལམ་ལུགས་གང་ཞིག་གམ་སྲིད་ཀྱི་བྱ་བ་སྒྲུབ་པའི་ལས་བྱེད་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་དགོངས་དོན་ལས་རྒྱུ་འབྲས་དང་བྱམས་སྙིང་རྗེ་ལ་སོགས་པ་ལ་དགྲའམ་སྐྱོན་དུ་བལྟས་ནས་ཆེད་གཉེར་གྱི་ཁ་དབྲལ་བར་བྱེད་པའམ་དེ་ལ་དོ་སྣང་མ་བྱས་པས་རང་ཤུགས་ཀྱི་ཁ་བྲལ་བར་གྱུར་ན། སྐྱེ་བོ་ཕལ་བ་ཞིག་ཡིན་ཕྱིན་སུའི་རྒྱུད་ནའང་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སོགས་མེད་པ་ཞིག་མི་སྲིད་ཅིང་དེ་རྣམས་འཇིག་རྟེན་གྱི་ཕྱིའི་ཁྲིམས་ཙམ་གྱིས་འགོག་མི་ནུས་པས་རིམ་གྱིས་གད་རྩ་ཆུས་ཟོས་པ་བཞིན་དུ་སྲིད་ཀྱི་ལམ་ལུགས་ཐམས་ཅད་རུལ་སུངས་སུ་གྱུར་ཏེ། ཁ་ནས་སྐད་ཆ་སྙན་པོ་མང་པོ་བཤད་ཀྱང་དོན་ལག་བབས་སུ་རང་གི་སྲིད་དབང་བརྟན་ཐབས་ཁོ་ན་བྱས་པས་མང་ཚོགས་ཀྱི་འདོད་བློ་མ་ཚིམས་པར་མ་ཟད་བཟོད་བསྒོམ་བྱ་མ་ཐུབ་ནས་མཐར་སྲིད་དབང་མི་བརྟན་པ་དང་མང་ཚོགས་ལ་བདེ་སྐྱིད་ཀྱི་སྣང་བ་མེད་པ་སྟེ། གཉིས་ཕུང་གི་ལམ་དུ་ཆས་པར་གྱུར་པ་ཞིག་ལ་བརྗོད་པ་ཡིན་ནོ། །
དེ་ཡང་འདི་ལྟ་སྟེ། རུལ་སུངས་ཀྱི་རྣམ་པ་ཧ་ཅང་ཚབས་ཆེ་བར་གྱུར་ནས་ཁྲིམས་དང་དྲང་བདེན་ནམ་གནས་ལུགས་ལ་མི་བལྟ་བར་རྒྱུ་ནོར་གྱི་ལྐོག་རྔན་ཆེ་ཆུང་ཁོ་ན་ལ་བལྟ་བ་དང་། ཉམ་ཆུང་ཉྭ་ནས་སྐྱོང་བ་ལྟ་ཅི་ཐ་ན་འོས་བབས་ཀྱི་ཐོབ་ཐང་ཙམ་ཡང་མེད་པར་དཔོན་རིགས་བུ་ཚ་སོགས་དབང་ཆ་ལག་ཏུ་ཡོད་པ་རྣམས་ཀྱི་ངོ་ལ་བལྟས་ཏེ་བཟང་དགུ་ལེགས་དགུ་ཐམས་ཅད་དེ་དག་ལ་སྤྲད་པ་དང་། རྒྱལ་ཁབ་བམ་སྲིད་གཞུང་གི་རྒྱུ་ནོར་འདི་རྣམས་མི་མང་རྣམས་ཀྱི་ཁྲག་དང་རྔུལ་ཆུས་བསྒྲུབས་པའི་ནོར་གྱི་ནང་ནས་དཔྱ་ཁྲལ་བསྡུས་པ་ལས་བྱུང་བ་ཡིན་པ་ལ་མི་སེམས་པར་ཟས་བཟའ་ཐེངས་རེ་དང་ཆང་འཐུང་ཐེངས་རེ་དང་རོལ་རྩེད་གནས་སྣ་ཚོགས་སུ་འགྲོ་ཐེངས་རེའི་རིན་པ་ཁྱིམ་ཚང་དབུལ་པོ་རྣམས་ཀྱི་ལོ་གཅིག་གི་ཡོང་འབབ་ལས་ཀྱང་བརྒལ་བ་དང་། དཔོན་པོ་རྣམས་ཡུལ་ཐོག་ཏུ་བསྐྱོད་པ་ན་སྣེ་ལེན་གྱི་དངོས་པོ་བཟང་ཤོས་དེ་མངོན་པའི་ཆང་རག་དང་མི་མངོན་པའི་ལྐོག་རྔན་ཙམ་དུ་མ་ཚད་སྨད་འཚོང་མ་ལ་བྱེད་པ་དང་། དཔོན་རིགས་དང་ཚོང་པ་རྣམས་ལག་འབྲེལ་བྱས་ཏེ། དཔལ་འབྱོར་གྱི་ཁེ་ཕན་ཐམས་ཅད་དེ་རྣམས་ཀྱི་སྒེར་གཅོད་དམ་བདག་གིར་བྱས་ནས་ཕྱུག་པོ་རྣམས་ཇེ་བས་ཇེ་ཕྱུག་ཏུ་གྱུར། དཔོན་རིགས་དང་འབྲེལ་བ་མེད་པའི་དམངས་ཕལ་བ་རྣམས་ཀྱིས་ལུས་ཀྱི་ངལ་རྩོལ་ལ་བརྟེན་ནས་བྱུང་བའི་ཡོང་འབབ་ཅུང་ཟད་ཙམ་ལས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོའི་རིགས་ཅི་ཡང་མི་རྙེད་པས་དབུལ་པོ་རྣམས་ཇེ་བས་ཇེ་དབུལ་དུ་གྱུར། མཐར་འབངས་རྣམས་ཀྱིས་མནར་གཅོད་སྣ་ཚོགས་པ་མ་བཟོད་ནས་སྲིད་དབང་དེ་མགོ་མཇུག་སློག་པ་དང་། མང་ཚོགས་ལ་དམ་པའི་ཆོས་ཀྱི་དགོངས་དོན་གཞན་ཕན་དང་ལྷག་བསམ་དང་དྲང་བདེན་སོགས་བསམ་སྦྱོར་བཟང་པོའི་སློབ་གསོ་མེད་པས་ཀུན་སྤྱོད་ཀྱི་སྤུས་ཚད་ཧ་ཅང་ཞན་པས་རྫུན་དང་གཡོ་སྒྱུས་རྒྱལ་ཁམས་གང་སྟེ། རྒྱལ་ཁབ་བམ་མི་རིགས་གཞན་རྣམས་ཀྱིས་མཐོང་ཆུང་བྱ་བའི་ཡུལ་དུ་གྱུར་པ་སོགས་འདི་འདྲ་འཛམ་གླིང་ཤར་ནུབ་གཉིས་ཆར་དུ་བགྲང་གིས་མི་ལངས་པ་ཞིག་བྱུང་དང་འབྱུང་བཞིན་པར་གྱུར་པ་འདི་རྣམས་ལྟ་བུའོ། །
༢ ཆོས་སྲིད་ཁ་བྲལ་བྱས་པའི་དགེ་མཚན་ལ་དཔྱད་པ།
གཉིས་པ་ཆོས་སྲིད་ཁ་བྲལ་བྱས་པའི་དགེ་མཚན་ནི། སྤྱིར་ཆོས་དང་ཆབ་སྲིད་གཉིས་ཟུང་འཇུག་བྱེད་པ་ན་དམ་པའི་ཆོས་ཀྱིས་ཆབ་སྲིད་ཀྱི་ཡོ་འཕྱུག་བསྲིངས་ནས་མང་ཚོགས་སམ་སེམས་ཅན་ལ་ཚུལ་དང་མི་མཐུན་པའི་གནོད་པ་བྱེད་པ་བསྲུང་དགོས་པ་ཡིན་མོད། གལ་ཏེ་གནས་སྐབས་གང་རུང་ཞིག་ཏུ་རྒྱུ་རྐྱེན་དུ་མའི་དབང་གིས་ཆོས་ལ་དེ་འདྲའི་ནུས་མེད་པར་གྱུར་ན་སྲིད་ཀྱིས་ཚུལ་དང་མི་མཐུན་པའི་བྱ་བ་བྱེད་པའི་ཚེ་དེའི་རྒྱབ་སྐྱོར་རམ་ངན་གྲོགས་མི་བྱེད་པར་རང་གི་ལྟ་བ་དང་སྤྱོད་པའི་རང་ཚུགས་བཟུང་ནས་དམན་པའམ་ཉམ་ཆུང་དང་དྲང་བདེན་གྱི་རྒྱབ་རྩར་ལངས་ནས་སྡོད་དགོས། དེ་ལྟར་བསྡད་པ་ན་ཆོས་པ་རྣམས་ལ་དཀའ་ངལ་དང་གནོན་ཤུགས་ཤིན་ཏུ་མང་པོ་ཞིག་འོང་རྒྱུ་ཡོད་ཀྱང་དེ་དག་ལ་མགོ་མི་སྒུར་བར་བཟོད་བསྲན་བྱེད་ཐུབ་ན་སེམས་ཅན་མང་པོ་ལ་ཕན་ཐོགས་ཤིང་ཆབ་སྲིད་ཀྱི་ངན་ཁག་རྣམས་ཆོས་སྤེལ་བ་ནའང་སྲིད་ཀྱི་དཔུང་ཤུགས་དང་ལག་གདང་སྤྲེལ་ནས་དྲག་ཆས་ཀྱི་རྗེས་སུ་འབྲངས་ནས་སྤེལ་བ་དང་། སྲིད་ཀྱི་དབང་ཤུགས་ལ་བརྟེན་ནས་གཞན་གྱི་དད་པ་བཙན་པོའི་སྒོ་ནས་བསྒྱུར་དུ་བཅུག་ནས་རང་གི་ཆོས་ལ་འགོད་པ་དང་། རང་གི་ཆོས་ལུགས་སམ་གྲུབ་མཐའ་དང་མི་མཐུན་པའམ་རང་ཕྱོགས་ཀྱི་ཁེ་དབང་ལ་གནོད་པར་གྱུར་པའི་ཕྱོགས་རྣམས་སྲིད་དབང་ངམ་དམག་དཔུང་ལ་བརྟེན་ནས་ཚར་གཅོད་པ་ལྟ་བུ་ནི་འཛམ་གླིང་གི་ཆོས་ལུགས་ལོ་རྒྱུས་ཐོག་གི་སྐྱོན་ཆེ་ཤོས་རྣམས་ཡིན་པས་འདི་དག་དང་གཏན་དུ་ཁ་བྲལ་བར་བྱ་དགོས། དེ་ལྟར་བྱས་ན་རང་ཉིད་ཀྱི་ནང་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་མ་འདྲེས་པའི་གཙང་མའི་ངང་ཚུལ་དང་འཇིག་རྟེན་གྱི་བྱ་བ་རྣམས་ལས་ཁྱད་པར་དུ་འཕགས་པའི་བརྗིད་ཉམས་དང་འཇིག་རྟེན་ཆོས་བརྒྱད་ཀྱི་གཉེན་པོ་ཡིན་པའི་རང་བཞིན་སོགས་ལྷང་ངེར་མངོན་པ་ཡིན་པས་ཤིན་ཏུ་དོན་ཆེའོ། །
ལར་དམ་པའི་ཆོས་རྣལ་མ་ཞིག་ཡིན་ཕྱིན་རང་ཉིད་སྤྱི་ཚོགས་ཐོག་གནས་ཐུབ་པའམ་དར་རྒྱས་སུ་འགྲོ་ཐུབ་པའི་རྒྱུ་རྐྱེན་དེ་རང་ཉིད་ཀྱི་སྟེང་ན་ཡོད་པས་གཞན་གྱི་སྟོབས་ཞུགས་ལ་བརྟེན་མི་དགོས། དམ་པའི་ཆོས་ཡུན་ནས་ཡུན་དུ་གནས་པའམ་འཕེལ་བའི་རྒྱུ་མཚན་དེ་གནས་ལུགས་སམ་དྲང་བདེན་དང་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པའི་སློབ་གསོ་ཡིན་གྱི། དམག་དཔུང་དང་དཔལ་འབྱོར་སོགས་སྲིད་ཀྱི་སྟོབས་ཤུགས་གཏན་ནས་མིན། དེའི་ཕྱིར་ནང་པ་སངས་རྒྱས་པའི་ཆོས་ལྟ་བུ་གཅིག་གི་རིང་ལ་རྒྱ་བོད་ཀྱི་རྒྱལ་རབས་བརྒྱ་ཕྲག་ཏུ་མ་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་རབ་ཏུ་མང་པོ་ཞིག་མཇུག་རྫོགས་པར་གྱུར་ཀྱང་དམ་པའི་ཆོས་རང་ཉིད་ནི་ད་དུང་གནས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ལྟ་བུ་ཆབ་སྲིད་དང་དཔལ་འབྱོར་གང་གི་སྟོབས་ཤུགས་ལའང་མ་བརྟེན་ཀྱང་ས་ལྒང་ཧྲིལ་པོ་ཁྱབ་པར་གྱུར་པ་འདི་དག་གིས་གསལ་བར་ཞེས་ཐུབ་པ་ཡིན། གལ་ཏེ་སྲིད་ཀྱི་སྟོབས་འབའ་ཞིག་ལ་བརྟེན་དགོས་པ་ཡིན་ན་ནི་ནམ་སྲིད་ཀྱི་སྟོབས་ཤུགས་དེ་ཉམས་པར་གྱུར་པ་ན་ཆོས་དེ་ཡང་ཉམས་པར་འགྱུར་དགོས་ཀྱང་དངོས་པོའི་ཆོས་ཉིད་ལ་གཞི་བཙུགས་པའི་ཆོས་ལུགས་ནི་དེ་ལྟར་མིན་པར་ཤིན་ཏུ་གསལ་ལོ། །
མདོར་ན་ཆབ་སྲིད་འདི་འདོད་ཆགས་ཞེ་སྡང་གཏི་མུག་ཅན་དང་རང་རྒྱལ་གཞན་ཕམ་གྱི་བསམ་སྦྱོར་ཅན་རྣམས་ཀྱིས་རང་གི་སྲིད་སྐྱོང་ཐབས་ཤིག་ཡིན་པས་འདིའི་ནང་ནས་ལས་རྒྱུ་འབྲས་དང་བྱམས་སྙིང་རྗེ་དང་འདྲ་མཉམ་དང་རང་དབང་སོགས་དམ་པའི་ཆོས་ཀྱི་དགོངས་དོན་དང་མི་མཐུན་པ་ཤིན་ཏུ་མང་པོ་འབྱུང་བ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པས་དེ་ཚེ་དེའི་རྗེས་སུ་མི་འབྲང་བར་རང་གི་རང་ཚུགས་བཟུང་ནས་སྡོད་དགོས་པ་དང་། ཡང་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་དུག་གསུམ་གྱིས་ཀུན་ནས་བསླངས་པའི་གདུག་སྤྱོད་དག་དུས་ནམ་དུའང་འབྱུང་དུ་རུང་བ་ཡིན་པས་དེ་དག་ལ་དུག་སྦྲུལ་ཁ་ནང་གི་སོ་ལྟར་དུ་འཛེམ་པར་བྱ་དགོས་པ་དང་། སྐབས་འགར་ཕར་ཆབ་སྲིད་ལ་གནོད་པ་ཅི་ཡང་མ་བྱས་ཀྱང་ཚུར་མནར་གཅོད་དང་གཏོར་བཤིག་སྣ་ཚོགས་བྱེད་པ་དུ་མ་ཞིག་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་ཡོད་པས་དེ་ལྟ་བུའི་སྐབས་སུ་བཟོད་སྲན་དང་ཐབས་མཁས་ལ་བརྟེན་ནས་བསྟན་པའི་སྙིང་པོ་ལུང་དང་རྟོགས་པ་གཉིས་འཛིན་སྐྱོང་ཅི་ཐུབ་བྱེད་པ་སྟེ། དོན་གསུམ་པོ་འདི་གཞི་རྩར་བཟུང་ནས་དམ་པའི་ཆོས་ཀྱིས་རང་ཉིད་ཀྱིས་བསྒྲུབ་འོས་པའི་བྱ་བ་རྣམས་བསྒྲུབས་ཏེ་བསྡད་ན། གནས་སྐབས་སུ་ཇི་ལྟར་བྱུང་ཡང་རུང་མཐར་བསྟན་པ་རིན་པོ་ཆེ་ཡུན་ནས་ཡུན་དུ་གནས་པ་དང་ཕྱོགས་ནས་ཕྱོགས་སུ་རྒྱས་པའི་གནད་ཁྱད་པར་བ་དང་ལྡན་པ་ཡིན་ནོ། །
མཇུག་བསྡུ་བའི་གཏམ།
ལར་ཆོས་དང་སྲིད་གཉིས་པོ་དུས་དང་རྣམ་པ་ཀུན་ཏུ་མེ་དང་ཆུ་བཞིན་འགལ་བ་ཁོ་ན་ཞིག་ཡིན་པར་འཛིན་པ་ནི་ཆོས་དང་སྲིད་ཀྱི་གོ་བ་ཡང་དག་ལེན་མ་ཤེས་པའི་དབང་གིས་བྱུང་བ་ཞིག་འདུག་སྙམ། དེ་དག་གི་བསམ་པ་ལ་ཆོས་ཡིན་ན་འཇིག་རྟེན་ནམ་འཇིག་རྟེན་པ་དང་མ་འདྲེས་པ་ཞིག་དགོས་སེམས་པར་འདུག་ཀྱང་། ཆོས་ཡིན་ན་རང་དོན་དུ་འཇིག་རྟེན་ཆོས་བརྒྱད་མ་འདྲེས་པ་ཞིག་དགོས་པ་དང་སྲིད་ཀྱི་ཆགས་སྡང་གི་ནང་དུ་ཞུགས་ནས་གཞན་ལ་གནོད་འཚེ་བྱེད་མི་རུང་བ་བདེན་ཀྱང་། ཐེག་པ་ཆེན་པོའི་ཆོས་ཞེས་པ་སེམས་ཅན་ལ་ཕན་འདོགས་བྱེད་ཡིན་མོད། སེམས་ཅན་ནམ་སེམས་ཅན་རྣམས་ཀྱི་བདེ་སྡུག་གི་བྱ་བ་དང་གནམ་ས་ལྟ་བུའི་བར་ཐག་གིས་བཅད་ནས་བསྡད་ན་སེམས་ཅན་ལ་ཕན་པ་དང་བདེ་བ་ཅི་ལྟར་བསྒྲུབ། འཇིག་རྟེན་ལྷ་མིའི་ཐེག་པ་ཞེས་པ་ལྷ་དང་མིའི་བདེ་སྐྱིད་སྒྲུབ་པའི་ཐེག་པའང་ཡོད་པས་ཐམས་ཅད་འཇིག་རྟེན་པ་དང་གཏན་ནས་འབྲེལ་མི་རུང་བ་ཞིག་ག་ལ་ཡིན། ཡང་ཆབ་སྲིད་ཅེས་པ་གཡོ་སྒྱུ་མི་དགེ་བ་ཁོ་ནས་བསྐྱང་དགོས་རྒྱུ་ཞིག་ཡིན་པར་འཛིན་ཀྱང་། རྫུན་དང་གཡོ་སྒྱུ་སོགས་མི་དགེ་བས་བསྒྲུབས་པའི་བྱ་བ་རྣམས་ལ་མཐའ་ལེགས་པ་གཅིག་ཀྱང་མི་འོང་པས་འདོད་དོན་མི་འགྲུབ། གནས་སྐབས་སུ་ཅུང་ཟད་གྲུབ་ཏུ་ཆུག་ཀྱང་མཐའ་མི་ཐུབ། དེས་ན་དྲང་བདེན་དང་ཀུན་ཕན་གྱི་ལམ་ནས་ཀྱང་གཏན་ནས་བསྒྲུབ་རྒྱུ་མེད་པ་ཞིག་ག་ལ་ཡིན། དེས་ན་ཆོས་དང་ཆབ་སྲིད་གཉིས་ཟུང་འཇུག་བྱས་ན་དེ་ལ་སྐྱོན་གྱི་ཆ་དང་དགེ་མཚན་གྱི་ཆ་གཉིས་འབྱུང་དུ་རུང་བས་མཐའ་གཅིག་ཏུ་སྐྱོན་ཡིན་པ་དང་ཡོན་ཏན་ཡིན་པའི་ཁ་ཚོད་མི་ཆོད་དེ། གང་ཟུང་དུ་འཇུག་རྒྱུའི་ཆོས་དང་སྲིད་གཉིས་ཀྱི་ངོ་བོ་ལ་ཁྱད་པར་ཡོད་ཅིང་། ཇི་ལྟར་ཟུང་འཇུག་བྱེད་པའི་ཚུལ་ལའང་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར་རོ། །གང་ལྟར་ཡང་ནང་པ་སངས་རྒྱས་པའི་ཆོས་ལྟ་བུ་དྲང་བདེན་དང་འདྲ་མཉམ་དང་གཞན་ཕན་སོགས་རྩལ་དུ་འདོན་པའི་ཆོས་ཀྱི་འདུ་ཤེས་དང་སྲིད་གཉིས་ཟུང་དུ་འབྲེལ་ཞིང་། དེ་ཡང་འབྲེལ་ཚུལ་སངས་རྒྱས་པ་རང་གི་གཞུང་ནས་གསུངས་པ་ལྟར་དུ་བྱས་ན་ནི་སྐྱེ་བོ་ཐམས་ཅད་ལ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་འབྱུང་བར་གདོན་མི་ཟའོ། །ཞེས་པ་འདི་ནི་བོད་རབ་གནས་ལྕགས་ཡོས་ལོའི་ཟླ༡༠པའི་ཚེས༢༨དགུན་ཉི་ལྡོག་གི་ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲོང་ཁྱེར་པདྨ་ཅན་དུ་རྫོགས་པར་བྲིས་པའོ།། །།
འབྲེལ་ཡོད་འོས་སྦྱོར།