logo

བོད་ཡུལ་གྱི་བརླན་སའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།

རྩོམ་པ་པོ།:རྩེ་གཞུང་སྐལ་བཟང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-27 ཀློག་གྲངས།:

 

  [ནང་དོན་གནད་བསྡུས]དཔྱད་རྩོམ་འདིར་བརླན་ས་ཞེས་པ་དེ་གང་ཡིན་པ་དང་། བོད་ཀྱི་བརླན་སའི་ཁོར་ཡུག་དང་སྐྱེ་དངོས་སྣ་ཚོགས ། བརླན་སའི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བ། བརླན་ས་ལ་བཙོག་བཟོ་ཐེབས་ཚུལ ། རང་ཅག་བོད་མི་རིགས་ཀྱིས་བརླན་སའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཚུལ་གྱི་བསམ་བློ་དང་གོམས་སྲོལ་ཡག་པོ་གང་འདྲ་ཡོད་པ་སོགས་བྲིས་ཡོད །
  [གནད་འགག་མིང་བརྡ]བོད་མདོ་དབུས་མཐོ་སྒང་།   བརླན་ས།   ཁོར་ཡུག་སྲུང་སྐྱོབ །
  སྤྱིར་བརླན་ས་ཞེས་པ་ནི་འབྱུང་བ་ས་ལ་བརླན་གཤེར་ཆུའི་གྲུབ་ཆ་ལྡན་པ་ཞིག་ལ་བརྗོད་པ་ཡིན ། དེ་སྔོན 1971 ལོར །  ཨུ་རུ་སུ་དང་དབྱིན་ཇི །  ཁ་ན་ཏ་སོགས་རྒྱལ་ཁབ་དྲུག་གི་མཐུས་མི་རྣམས་དབྱི་རག་རྒྱལ་ཁབ་ཏུ་ཚོགས་འདུ་འཚོགས་ནས་སའི་གོ་ལའི་བརླན་ས་སྲུང་སྐྱོབ་དང་ཆོས་མཐུན་སྒོས་བེད་སྤྱོད་བྱ་རྒྱུའི་ཐད་ལ་ཚོགས་ཞུགས་མི་སྣའི་དགོངས་པ་གཅིག་མཐུན་བྱུང་སྟེ《བརླན་སའི་སྤྱི་ཆིངས》     ཞེས་པ་ཞིག་བཞག     སྤྱི་ཆིངས་དེའི་ནང་དུ་བརླན་ས་ནི་སའི་གོ་ལའི་སྟེང་རང་བྱུང་དུ་གྲུབ་པ་ཞིག་གམ་ཡང་ན་མི་རྣམས་ཀྱིས་བཟོ་སྐྲུན་བྱས་པ་ཞིག་སྟེ་དུས་ཡུན་རིང་བོར་གནས་ཐུབ་པ་འམ་ཡང་ན་གནས་སྐབས་ཙམ་ལ་གནས་པའི་ན་ཐང་དང་། ན་འདམ ། འདམ་ས ། ནགས་ས་སོགས་བརླན་ཤས་ཆེ་བའི་ས་ཁུལ་ཞིག་ལ་བསྟན་པ་ཡིན་སྟེ།   གཙང་བོ་དང་མཚོ་མཚེའུ།   ཚྭ་མཚོ་དང་ཚྭ་མེད་མཚོ །   རྒྱ་མཚོའི་རྦ་རླབས་མར་འགྲིབ་དུས་མཚོའི་གཏིང་ཚད་སྨིས 6 ཚུན་ཆད་ཡང་བརླན་སའི་ཁོངས་སུ་གཏོགས་པ་ཡིན་ཞེས་གསུངས་ཡོད།   ད་ལྟའང་འཛམ་གླིང་གི་ཆེད་ལས་མཁས་པ་གང་མང་གིས་བརླན་སའི་མིང་གི་འགྲེལ་ཚུལ་འདི་ཉིད་ཅུང་ཚད་ལྡན་ཡིན་པར་གཅིག་མཐུན་གྱི་ལྟ་བ་ཆགས་ཡོད། 
  བརླན་ས་ཡིས་སའི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་གྱི 6% ཙམ་མ་གཏོགས་ཟིན་མེད་ནའང་སའི་གོ་ལའི་ཐོག་གི་སྐྱེ་དངོས 20% ནི་བརླན་སའི་ཁོར་ཡུག་ནང་འཚོ་གནས་བྱེད་བཞིན་ཡོད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་ཕན་ནུས་ཆེན་པོ་འདོན་བཞིན་ཡོད།  དེར་བརྟེན །  སྐྱེ་དངོས་རིག་པ་བ་རྣམས་ཀྱིས་བརླན་ས་ནི་སའི་གོ་ལའི་མཁལ་མ་ལྟ་བུ་ཡིན་ཞེས་འབོད་ཀྱིན་ཡོད །
  རང་རྒྱལ་ནི་བརླན་ས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་བརླན་སའི་རྒྱ་ཁྱོན་གྱིས་འཛམ་གླིང་གི་བརླན་ས་སྤྱིའི་རྒྱ་ཁྱོན་གྱི 10 % བཟུང་ཡོད་པས་ཡ་གླིང་གི་ཨང་དང་པོ་དང་འཛམ་གླིང་གི་ཨང་བཞི་བར་གྲགས་ཡོད།   ད་ལྟ་རྒྱལ་སྤྱིའི་བརླན་ས་གྲགས་ཅན་གྱི་མིང་བྱང་ནང་རང་རྒྱལ་གྱི་རང་བྱུང་བརླན་ས་སུམ་ཅུ་དང་མིས་བཟོས་བརླན་ས་བཅུ་ལྷག་ཐོ་འགོད་བྱས་ཡོད །
  སྤྱིར་བརླན་ས་ལ་རིགས་དབྱེ་ན་ན་ཐང་གི་བརླན་ས་དང་ ། མཚོ་རྫིང་གི་བརླན་ས། ཆུ་ཀླུང་གི་བརླན་ས། རྒྱ་མཚོའི་བརླན་ས། མིས་བཟོས་བརླན་ས་བཅས་རིགས་ལྔ་རུ་བགར་ཆོག །
  དང་པོ།      མདོ་དབུས་མཐོ་སྒང་གི་བརླན་ས།
  རྒྱལ་སྤྱིའི《བརླན་སའི་སྤྱི་ཆིངས》  ཀྱི་དགོངས་དོན་ལྟར་ན ། འུ་ཅག་བོད་མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་བརླན་ས་ཆེས་མང་བའི་ས་ཁུལ་ཞིག་ཡིན་པ་དང་ ། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཆགས་པར་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན ། བོད་མདོ་དབུས་མཐོ་སྒང་གི་བརླན་སའི་ཁྱབ་ཁོངས་ཀྱི་ཆུའི་འབྱུང་ཁུངས་གཙོ་བོ་ནི་གངས་རི་དང་འཁྱག་རོམ །  ཆར་བ ། ས་འོག་གི་ཆུ་བཅས་ཡིན་ཞིང་ ། བརྟག་དཔྱད་བྱས་པ་ལྟར་ན ། མདོ་དབུས་མཐོ་སྒང་གི་བརླན་ས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ 4.7 ཡོད་པ་དང་ ། གནས་འདིར་བརླན་སའི་རིགས་སྣ་ཚོགས་ཡོད་པ་མ་ཟད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད ། དེའི་ནང་དུ་གཙོ་བོ་ན་ཐང་གི་བརླན་ས་དང་ ། མཚོ་རྫིང་གི་བརླན་ས །  ཆུ་ཀླུང་གི་བརླན་ས་བཅས་གསུམ་ནི་ཆེས་མང་བ་ཡིན།    ད་དུང་ནགས་ཚལ་གྱི་བརླན་ས་དང་མིས་བཟོས་བརླན་ས་གཉིས་ཀྱི་རྒྱ་ཁྱོན་ཡང་ཅུང་ངེས་ཅན་ཞིག་ཡོད།
  ན་ཐང་གི་བརླན་ས་ནི་གཙོ་བོ་མུ་མཐའ་མེད་པའི་རྩྭ་ཐང་དང་ནང་སྒོས་སུ་བརླན་ཤས་ཆེ་བའི་ན་ཐང་ཡིན་ཏེ། ནག་ཆུའི་རྩྭ་ཐང་དང་ ། མཛོད་དགེའི་རྩྭ་ཐང་ ། གཙོས་རྩྭ་ཐང་ ། འབའ་གཞུང་རྩྭ་ཐང་།  རྩེ་གཞུང་རྩྭ་ཐང་།  ཐེམ་ཆེན་རྩྭ་ཐང་། གསེར་དངུལ་ཐང་སོགས་རྩྭ་རྫོང་མཐུག་ཅིང་རྩྭ་རྐང་རིང་བ །   མིག་ལ་མཛེས་ཤིང་དྲི་བསུང་མཐུལ་བའི་ན་ཐང་གི་བརླན་ས་བགྲང་གིས་མི་ལངས་བ་ཡོད་དོ།
  མཚོ་རྫིང་གི་བརླན་ས་ནི་གཙོ་བོ་ཚྭ་ཅན་དང་ཚྭ་མེད་ཀྱི་མཚོ་མཚེའུ་སྣ་ཚོགས་ལ་བསྟན་པ་ཡིན་ ཏེ།  མཚོ་མ་དྲོས་སམ་མ་ཕམ་གཡུ་མཚོ ། མཚོ་ཁྲི་ཤོར་རྒྱལ་མོ ། མཚོ་སྐྱ་རེངས།  མཚོ་སྔོ་རེངས་།རོང་པོ་མཚོ་སོགས་མཚོ་ཡག་པོ་གཡུ་ཡི་མེ་ལོང་འདྲ་བ་ཧ་ཅང་མང་པོ་སྟེ་བཅུས་པས་འཛད་མཐའ་མེད་ལ་སྤྱད་པས་ཟད་མཐའ་མེད་པའི་ཚུལ་དུ་ཡོད། གོང་གི་མཚོ་དེ་དག་ལས་གོང་མ་བཞི་ནི་རྒྱལ་སྤྱིའི་བརླན་ས་གྲགས་ཅན་གྱི་མིང་ཐོ་རུ་བཀོད་ཡོད་པ་མ་ཟད ། མཚོ་ཁྲི་ཤོར་རྒྱལ་མོ་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་བརླན་ས་ཆེན་པོ་བདུན་གྱི་ཡ་གྱལ་ཡིན།
  ཆུ་ཀླུང་གི་བརླན་ས་ནི་གཙོ་བོ་ཆུ་བོ་ཆེན་པོ་དང་གཙང་བོ་གྲགས་ཅན་གཙོ་བྱས་པའི་བཞུར་རྒྱུད་ཀྱི་ན་སྤང་དང་ནགས་རི་སོགས་ལ་སྟོན་པ་ཡིན་ཏེ །  རྨ་ཆུ་དང་ ། འབྲི་ཆུ །  རྫ་ཆུ །  རྒྱལ་མོ་རྔུལ་ཆུ ། ཡར་ཀླུང་གཙང་པོ ། སྐྱིད་ཆུ ། ངོམ་ཆུ ། ཙོང་ཆུ ། བསང་ཆུ ། རོང་བོ་དགུ་ཆུ ། རྩེ་ཆུ་སོགས་དང་དེ་དག་གི་འབབ་རྒྱུད་དུ་རིན་ཐང་བྲལ་པའི་བརླན་ས་ཕུན་སུམ་ཚོགས་པ་བགྲང་གིས་མི་ལངས་སོ །
  གཉིས་པ།  མདོ་དབུས་མཐོ་སྒང་གི་བརླན་སའི་ཁོར་ཡུག་དང་སྐྱེ་དངོས་སྣ་ཚོགས །
  བོད་མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་བརླན་སའི་རྒྱ་ཁྱོན་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན ། བརླན་ས་ཞེས་པ་དེ་ལོ་ཧྲིལ་བོར་བརླན་ཞིང་གཤེར་བ་ཞིག་ཡིན་པས་ངེས་པ་མེད་ལ་ན་ཐང་དང་ན་འདམ་ཁོ་ན་ཡིན་པས་ངེས་པ་ཡང་མེད་དེ ། དེ་ནི་གཙོ་བོ་ཆུ་དང་མཚོ་ངོས ། ཡང་ན་མཚོ་འགྲམ་དང་སྐམ་སའི་འབྲེལ་མཚམས་བར་གྱི་ས་ཁོངས་ངེས་ཅན་ཞིག་ལ་བརྗོད་པ་ཡིན ། སྤྱིར་བརླན་སའི་ཁོར་ཡུག་ནང་བརླན་ཆའི་འདུས་ཚད་ཧ་ཅང་མཐོ་བས་ན་དུས་ཡུན་རིང་པོར་བརླན་ཤས་ཆེ་བ་ཞིག་ཡིན།  བརླན་སའི་ཆུ་ལ་ཚྭ་མེད་ཆུ་དང་། ཚྭ་ཆུ ། ཚྭ་ཆུ་མཉམ་འདྲེས་བཅས་གསུམ་ཡོད ། བརླན་སའི་ས་རྒྱུ་ནི་སྲིང་བལ་ལ་ཆུ་འཐིམ་པ་ལྟར་ཆུའི་ཤོང་ཚད་དང་གསོག་ཚད་ཧ་ཅང་མཐོ་བ་ཡིན །
  བོད་ཡུལ་གྱི་བརླན་ས་ནི་སའི་གོ་ལའི་སྟེང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཞིག་ཡིན་པ་དང་མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་སྨིས་བཞི་སྟོང་ལྷག་ཡོད །  དེའི་ཁོར་ཡུག་ནང་རྩི་ཤིང་དང་། སྲོག་ཆགས ། སྐྱེ་དངོས་ཕྲ་རབ་ཧ་ཅང་མང་པོ་ཞིག་འཚོ་གནས་བྱེད་བཞིན་ཡོད་དེ ། དཔེར་ན ། ཆུ་གནས་སྐྱེ་དངོས་དང་ཆུར་གཡེང་སྐྱེ་དངོས་ཀྱི་རིགས་ལ་ཆུ་རྩྭ་དང་ཆུ་སྔོ ། མེ་ཏོག་དང་ཤིང་སྡོང་། མགྲོན་བུ ། ཆུ་འབུ་གློ་ཉལ ། རྭ་དུང་། མཚོ་སྔོན་པོའི་ཉ་སོགས་ཡོད་པ་དང་ །  སྐམ་ཆུ་གཉིས་གནས་ཀྱི་སྐྱེ་དངོས་ལ་སྦལ་བ་དང་ ། སྦལ་ནག ། སྦལ་ལྕོང་། རུས་སྦལ །  ཆུ་སྦྲུལ །  རྩངས་པ་སོགས་ཡོད་པ་དང་། འདབ་ཆགས་བྱ་ཡི་རིགས་ལ་ཁྲུང་ཁྲུང་སྐེ་ནག་དང་ ། ཆུ་སྐྱར ། བྱ་གག ། ངང་ཁྲུང་མགོ་ཁྲ ། མཐིང་རིལ ། སོ་བྱ་སོགས་འཕུར་ན་ནམ་མཁའ་བསྒྲིབས་ཤིང་བབས་ན་ས་གཞི་ཁེབས་པ་ལྟར་མང་པས་ད་ལྟ་མཚོ་སྔོན་པོའི་གླིང་ཕྲན་ཞིག་ལ་མཚོ་སྔོན་པོའི་བྱ་གླིང་ཞེས་མིང་བཏགས་ཡོད་པ་ནི་དངོས་གནས་མིང་དོན་དང་མཐུན་པ་ཞིག་ཡིན། འོ་འཐུང་སྲོག་ཆགས་ཀྱི་རིགས་ལའང་འབྲོང་དང་གཡག ། གཙོད ། གནའ་བ ། གླ་བ ། ཤྭ་བ ། དགོ། རྟ  ། ལུག ། རི་བོང་། བྱི་བ ། ཨ་བྲ ། སྲེ་མོང་སོགས་རི་དྭགས་ཧ་ཅང་མང་པོ་ཡོད ། བརླན་སའི་འབུ་སྲིན་གྱི་རིགས་ལ་གྲོག་མ་དང་། སྡོམ ། ཕྱེ་མ་ལེབ ། འབུ་སྦྲང་། ས་སྲིན་ཏ་ལ ། སྡིག་པ་ར་ཙ ། ཆ་ག་བ་སོགས་བགྲང་གིས་མི་ལངས་པ་ཡོད་དོ །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།