བོད་ཡུལ་གྱི་བརླན་སའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།
གསུམ་པ། བརླན་སའི་རྒྱ་ཁྱོན་ཇེ་ཆུང་དང་སྐམ་པར་འགྲོ་བའི་རྒྱུ་རྐྱེན །
ཉེ་བའི་ལོ་འགའི་རིང་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ་ལ་རྐྱེན་བྱས་ཏེ་མདོ་དབུས་མཐོ་སྒང་གི་བརླན་ས་དང་དེའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད ། དེ་དང་ལྷན་དུ་མཐོ་སྒང་གི་བརླན་ས་མང་པོའི་རྒྱ་ཁྱོན་ཇེ་ཆུང་དང་ཇེ་ཆུང་ནས་མེད་པར་འགྲོ་བཞིན་ཡོད ། འོ་ན་གནས་ཚུལ་དེ་འདྲ་བྱུང་བའི་རྒྱུ་མཚན་གང་ཡིན་ཞེ་ན།
མི་རྣམས་གྱིས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་རྒྱབ་འགལ་དང་ལུགས་མཐུན་མིན་པའི་རྨོ་ཞིང་འདེབས་པ ། རི་སྐྱེས་དང་ཆུ་སྐྱེས་སྐྱེ་དངོས་ལ་སྲུང་སྐྱོབ་མི་བྱེད་པར་གང་བྱུང་དུ་ལྐོག་གསོད་བྱེད་པ། ས་རྐོ་རྡོ་སློག་བྱས་ནས་གཏེར་ཁུངས་འདོན་པ། ནགས་ཚལ་སྐྲ་བཞར་བ་ལྟར་རྩ་མེད་དུ་གཏོང་བ ། རྩྭ་རྩི་ཤིང་གི་ལོ་འདབ་དང་ཡལ་ག་གཅོད་པ ། ན་ཐང་བརྐོས་ནས་རྩྭ་ཐང་ལ་གཏོར་བརླག་བྱེད་པ ། འབྲོག་པས་ཕྱུགས་གྲངས་ཇེ་མང་དང་ཕྱུགས་འཚོ་སྐྱོང་བྱེད་པ་ཚད་ལས་བརྒལ་བ ། ཆུ་ཀླུང་དང་མཚོ་མཚེའུ་དྭངས་མོ་ལ་སྦགས་བཙོག་བཟོ་བ ། གཙང་བོའི་བཞུར་རྒྱུད་སྤོ་བ ། ས་འོག་གི་ཆུ་ལེན་པ་ཚད་ལས་བརྒལ་བ ། གད་སྙིགས་མི་གཙང་བ་གང་སར་འཕེན་པའམ་མེ་རུ་བསྲེགས་ནས་མཁའ་དབུགས་སྦགས་བཙོག་བཟོ་བ་སོགས་མི་འདོད་དགུ་འདོད་དང་མི་ལས་དགུ་ལས་བྱས་པའི་རྐྱེན་གྱིས་བརླན་སའི་རྒྱ་ཁྱོན་དེ་ཇེ་ཆུང་ནས་མེད་པར་འགྲོ་བཞིན་པ་རེད ། གལ་ཏེ་མདོ་དབུས་མཐོ་སྒང་གི་བརླན་སའི་ཁོར་ཡུག་ལ་གནོད་པ་ཚབས་ཆེན་ཐེབས་པ་འམ་ཉམས་རྒུད་བྱུང་ན་རང་ཅག་གི་སྐྱེ་ཁམས་ཁོར་ཡུག་སྤྱི་ལ་གནོད་པ་དང་ཉེན་ཁ་ཆེན་པོ་འབྱུང་ངེས་པས་ང་ཚོས་བརླན་སའི་ཁོར་ཡུག་མ་ལག་ལ་སྲུང་སྐྱོབ་གང་ལེགས་བྱ་དགོས་སོ །
བཞི་བ། བརླན་སའི་ཕན་ཡོན་དང་སྲུང་སྐྱོབ་བྱ་ཚུལ།
སྔོན་ཆད་མི་རྣམས་ཀྱིས་བརླན་ས་ནི་དུས་ཡུན་རིང་བོར་འདམ་རྫབ་ཆེ་བའི་བརླན་གཤེར་གྱི་ས་ཁུལ་འབའ་ཞིག་ལ་ངོས་འཛིན་ཞིང་། དེ་ལྟར་ཡིན་ནའང་འདམ་རྫབ་ཆེ་བའི་ས་ཁུལ་ལ་མཐོང་ཆེན་སྤུ་ཙམ་མི་བྱེད་པར་དེ་ནི་འབུ་སྲིན་གྱི་འབྱུང་ཁུངས་དང་། སྐྱུག་བྲོ་བའི་ས་ཁུལ་འབག་བཙོག་ཅན་ཞིག་ཏུ་བརྩིས་ནས་སྲུང་སྐྱོབ་མི་བྱེད་ལ་ཐ་ན་གད་སྙིགས་སྣ་ཚོགས་འཕོ་བའི་གནས་སུ་གྱུར་ཡོད ། ད་ལྟ་འཛམ་གླིང་གི་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་རྩ་གནད་ནང་། ནགས་ཚལ་དང་། རྒྱ་མཚོ ། བརླན་ས་གསུམ་ནི་སའི་གོ་ལའི་སྐྱེ་ཁམས་ཀྱི་མ་ལག་ཆེན་པོ་གསུམ་དུ་བཞག་ཡོད་པ་མ་ཟད ། བརླན་སའི་ངོས་འཛིན་གྱི་ཁྱབ་ཁོངས་ཡང་རྒྱ་ཆེ་ལ་སྲུང་སྐྱོབ་ཀྱི་ལས་འགན་ཡང་ཆེས་གལ་ཆེ་བ་ཞིག་ཏུ་བཞག་ཡོད །
འོ་ན་བརླན་ས་ལ་ཕན་ནུས་ཅི་ཞིག་ཡོད་པ་དང་དེ་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་ཞེ་ན ། བརླན་སས་ཆུ་མང་པོ་གསོག་ཉར་བྱས་ནས་ས་འོག་གི་ཆུ་ལ་ཁ་གསབ་བྱེད་ཐུབ་པ་དང་། ཆུ་ལོག་སྔོན་འགོག་བྱེད་ཐུབ་པ། རྩྭ་ཐང་བྱེ་མར་འགྱུར་བ་སྔོན་འགོག་བྱེད་པ ། ས་དང་འདམ་སྙིགས་ཁྲོད་ཀྱི་དུག་རྫས་དང་སྙིགས་རྫས་སྣ་ཚོགས་གཙང་སེལ་བྱས་ནས་ས་འོག་དང་ས་སྟེང་གི་ཁོར་ཡུག་དག་གཙང་བྱེད་པ ། ས་གཞིའི་བརླན་ཆ་དང་ནམ་མཁའི་མཁའ་དབུགས་སྙོམས་སྒྲིག་བྱེད་པར་ཕན་ནུས་ཆེན་པོ་འདོན་པ། བརླན་སའི་ཁོར་ཡུག་ནང་ངོ་མཚར་ལྡན་པའི་སྐྱེ་དངོས་སྣ་ཚོགས་སྐྱེ་ཞིང་འཚོ་བ་མ་ཟད ། ལྷག་པར་དུ་འདབ་ཆགས་བྱ་རིགས་མང་པོའི་དགའ་ཚལ་ལྷད་མེད་པ་ཞིག་ཡིན་པ ། ད་དུང་རིན་ཐང་བྲལ་བའི་སྨན་རྫས་ཀྱི་རིགས་ཀྱང་ཧ་ཅང་མང་བོ་ཡོད་དོ ། དེར་བརྟེན ། ང་ཚོས་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་བརླན་ས་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་འོས་མཐུན་གྱི་སྒོ་ནས་དེའི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཞིག་ཡིན །
ལྔ་བ། བོད་ཀྱི་རིག་གནས་གོམས་སྲོལ་དང་བརླན་སའི་སྲུང་སྐྱོབ།
ད་ལྟ་མི་རྣམས་ཀྱིས་བརླན་ས་ཞེས་པ་གང་ཞིག་ཡིན་པ་དང་ ། དེའི་རིན་ཐང་དང་ཕན་ཡོན་ནི་གང་འདྲ་ཞིག་ཡིན་པར་ཤེས་རྟོགས་ཆེན་པོ་འབྱུང་བཞིན་ཡོད་ལ ། ད་དུང་དཔེ་དང་དོན་གྱི་སྒོ་ནས་བརླན་ས་ནི་སའི་གོ་ལའི་མཁལ་མ་ཡིན་ཟེར་བ་དང་ ། བརླན་ས་ནི་སྐྱེ་དངོས་ཡོངས་ཀྱི་ཆུ་མཛོད་ཡིན་ཟེར་བ ། བརླན་ས་ནི་རྒྱུད་རྒྱུའི་བང་མཛོད་ཞིག་ཡིན་ཟེར་བ ། བརླན་ས་ནི་ཆུ་བྱ་དཀར་མོའི་དགའ་ཚལ་ཡིན་ཟེར་བ་སོགས་བཤད་སྲོལ་མང་པོ་ཞིག་ཆགས་ཡོད །
རང་ཅག་བོད་མི་རིགས་ལའང་གནའ་སྔ་མོ་ནས་བརླན་སའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བསམ་བློ་ཕུལ་དུ་བྱུང་བ་དང་གོམས་སྲོལ་ཡག་པོ་ཆགས་ཡོད་དེ ། བོད་མིའི་སེམས་སུ་སྤང་ཐང་དང་ནེའུ་གསིང་ནི་གཞི་བདག་གི་ལྭ་བ་དང་། རྫ་ཆུ་དང་ན་ཆུ་ནི་གཞི་བདག་གི་ཟུངས་ཁྲག་ཡིན་པར་བཤད་སྲོལ་ཡོད་པས་དེ་ལ་གནོད་པ་མི་གཏོང་བ། མཚོ་ལ་མཚོ་སྐོར་རྒྱག་པ་དང་མཆོད་པ་འབུལ་བ ། མཚོ་གཏེར་རྒྱག་པའི་སྲོལ་ཡོད་པ། ཆུ་དང་གཙང་བོའི་ཉེ་འཁོར་གྱི་རི་བྲག་ནགས་གསུམ་དང་རྩྭ་རྩི་ཤིང་མེ་ཏོག་སོགས་ལ་གཏོར་རླག་བྱེད་པར་འཛེམ་པ ། མཚོ་དང་མཚོའུའི་ནང་དུ་ཁྲུས་མི་བྱེད་ལ་ཆུ་མགོའི་ཁ་རུ་གྱོན་ཆས་དང་རྐང་པ་མི་འཁྲུད་པ ། གྱོན་པའི་ཁྲུས་ཆུ་དང་རྙོགས་ཆུ་དེ་བཞུར་ཆུའི་ནང་དུ་མི་འཕོ་བ ། མཚོ་དང་ཆུ་མགོའི་ནང་གད་སྙིགས་སོགས་མི་གཙང་གཅིན་སྐྱག་དང་། ལྕི་བ ། སྲོག་ཆགས་ཀྱི་བེམ་རོ་སོགས་མི་འཕེན་པ ། ལྷག་པར་དུ་བརླན་སའི་ཁོར་ཡུག་གི་རྩྭ་ཐང་ ། ན་ཐང་། མཚོ་དང་མཚེའུ ། ཆུ་མགོ་ཆེ་ཆུང་ནང་འཚོ་གནས་བྱེད་བཞིན་པའི་བྱ་བྱེའུ་འབའ་འབུ་དང་རྩྭ་རྩི་ཤིང་མེ་ཏོག་ཉག་ཕྲན་ཙམ་ཡིན་ན་འང་དེ་དག་གི་ཚེ་སྲོག་ལ་བྱམས་སྙིང་རྗེ་ཡིས་སྐྱོབ་པ་ལས་གསོད་པའམ་བཅོམ་ནས་གནོད་པ་མི་སྐྱེལ ། ད་དུང་རི་ཆུ་ནགས་གསུམ་དང་བྱ་བྱེའུ་འབའ་འབུ ། རྩྭ་རྩི་ཤིང་མེ་ཏོག་སོགས་ཚེ་ཐར་ལ་གཏོང་བའི་སྲོལ་ཡོད་པར་མ་ཟད ། རང་བྱུང་ཁམས་ཀྱི་སྐྱེ་དངོས་ཐམས་ཅད་ལ་མིའི་རིགས་ཀྱིས་གནོད་པ་མ་བསྐྱལ་ན་དེ་དག་ཚེ་ཐར་དུ་བཏང་བ་དང་ཁྱད་མེད་པའི་བསམ་བློ་དང་གོམས་སྲོལ་ཡག་པོ་ཆགས་ཡོད་དོ ། དེ་བཞིན་དུ་མི་སུ་ཞིག་ཡིན་ནའང་སའི་གོ་ལའི་བརླན་སའི་ཁོར་ཡུག་ལ་བཙོག་བཟོ་མི་བྱེད་པར་ཡ་རབས་ཀྱི་སྤྱོད་ལམ་དང་ཀུན་ཕན་གྱི་འདུ་ཤེས་བཟང་པོ་ཞིག་རང་རྒྱུད་ལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ནོ །
དཔྱད་གཞིའི་ཡིག་ཆ།
[1]ཐུབ་བསྟན་ཆོས་ཀྱི་གྲགས་པས་བརྩམས་པའི་སྤྱོད་འཇུག་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། [M]པེ་ཅིན ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ ། 1990 .7 པར་གཞི་དང་པོ །
[2]ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་གཉིས་ནས་བརྩམས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ ། [M]པེ་ཅིན ། མི་རིགས་དཔེ་སྐྲུན་ཁང་ ། 2004.11 པར་གཞི་དང་པོ །
[3] དཔའ་རིས་བསོ་ནམས་ཚེ་རིང་གིས་བརྩམས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་པོའི་ཆུན་པོ ། [M]ལན་གྲུ ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ། 2006.6 པར་གཞི་དང་པོ །
[4]周鸿编著,人类生态学[M].北京:高等教育出版社.2001.7 第一版
[5]刘峰贵等编著,人类环境学[M].北京:地质出版社.2004.4第一版
[6]《小学生环境保护手册》编写组编,小学生环境保护手册[M].北京:中国环境科学出版社.2001.7第一版
དཔྱད་རྩོམ་གྱི་རྒྱ་ཡིག་ཁ་བྱང་། 藏区湿地环境与文化保护
རྩེ་གཞུང་སྐལ་བཟང་འབུམ ། རབ་འབྱམས་པའི་བསླབས་གནས། དགེ་རྒན་ཆེན་མོ ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་དགེ་རྒན་གྱི་བྱ་བ་ཁུར་བཞིན་ཡོད།