ཕྱིར་དྲན།
ཕྱིར་དྲན།
དམའ་འབྲིང་གསུམ་པའི་འཛིན་གྲྭ་དང་བོ། གངས་ཅན་རྡོ་རྗེ།
བཀའ་དྲིན་གཞལ་བྲལ་དྲིན་ཆེན་གྱི་མ་ལོས།།
ཟླ་དགུ་ཞག་བཅུར་བྱང་ཁོག་ཏུ་སྦས་ནས།།
འཛེམ་བྱ་སྣ་ཚོགས་དཀའ་སྡུག་གིས་སྲུང་བཞིན།།
རིན་བྲལ་ང་ཡི་ཚེ་སྲོག་དེ་བསྟབས་བྱུང་།།
བཟའ་ཚང་གང་བོའི་གཅེས་སྐྱོང་དང་ལྷན་དུ།།
བགྲང་བྱའི་འཁོར་ལོ་སྐད་ཅིག་ཏུ་འདས་པས།།
བགྲང་བྱ་བདུན་གྱི་འཁོར་ལོ་དེ་འཁོར་དུས།།
ལས་དང་རྐྱེན་གྱིས་སློབ་གྲྭ་རུ་འགྲིམས་པའི།།
ན་མཉམ་གཞན་འདྲའི་སྐལ་བ་ཞིག་ལྡན་བྱུང་།།
དེ་དུས་ང་ལ་བརྗེད་ཐབས་རང་མེད་པའི།།
བསླབ་བྱ་གནང་བ་འདི་འདྲ་རུ་སྣང་སྟེ།།
ཨ་ཕས་སྐད་ཡིག་ལེགས་པོ་ཞིག་སྦྱོངས་དང་།།
རྗེས་སོར་བོད་པ་རང་ཉིད་ལ་ཕན་པའི།།
ལྷག་བསམ་དག་པའི་དགེ་རྒན་ཞིག་འཁྱོངས་ཟེར།།
འདི་ནི་བདག་གིས་ད་ལྟ་ཡི་བར་དུ།།
བརྗེད་པ་མེད་པར་སྙིང་ཁོང་དུ་བསྲེལ་ཡོད།།
དེ་ལྟར་རང་སྐད་གཙོ་བོ་རུ་བཟུང་ནས།།
ན་ཆུང་བྱིས་པའི་དགོད་སྒྲ་དང་འགྲོགས་ཤིང་།།
ལས་བྱ་མ་འགྲུབ་དགེ་རྒན་གྱི་གཅར་རྡུང་།།
མ་བཟོད་སློབ་བྱོལ་བྱེད་རྒྱུ་རང་བྱུང་སོང་།།
རྐྱེན་དེས་སློབ་སྦྱོང་ཇེ་ངན་དུ་སོང་ནས།།
མཐའ་མར་བཟའ་མི་རེ་ཐག་ཅིག་ཆད་མོད།།
ཡིན་ཡང་ལོ་རིམ་དྲུག་པ་ཡི་སྐབས་སུ།།
རྒྱུགས་སྐར་ཨང་རིམ་རང་སྡེ་ཡི་བྱིས་པའི།།
གཉིས་པའི་གོ་འཕང་ཚོར་མེད་ཅིག་ཐོབ་པས།།
ཡང་བསྐྱར་སྙིང་རྗེ་རང་ཡུལ་གྱི་ཕ་མར།།
རེ་བའི་ཡིད་ཆེས་ཤུགས་དྲག་ཅིག་བསྣན་སོང་།།
མི་ལོ་བཅུ་བཞི་རྡོག་པ་ཡིས་མནན་ནས།།
རེ་བའི་ཕུགས་བསམ་ལྗང་སྨྱུག་ཅིག་བཟུང་སྟེ།།
དམའ་འབྲིང་སློབ་རའི་དགའ་སྐྱིད་ཀྱི་ཚལ་དུ།།
དགའ་སྐྱིད་འདྲེས་མའི་འཚོ་བ་རང་སྐྱེལ་བ།།
ང་ཡི་བློ་ན་འདི་འདྲ་རུ་སྣང་སྟེ།།
སྐྱེ་ས་སྨད་ཀྱི་རོང་བའི་ས་ཡིན་པས།།
ན་མཉམ་ཚོགས་ཀྱིས་ཉམ་ཆུང་དུ་བཟུང་ནས།།
ཁ་ལག་གཉིས་ཀྱི་སྡུག་བསྔལ་ཞིག་གནང་བྱུང་།།
འོན་ཀྱང་སྐྱིད་སྡུག་སྒྱུ་མ་ཡི་གཟུགས་རེད།།
བཀའ་དྲིན་ཉམས་མེད་དགེ་རྒན་གྱི་དྲིན་ལས།།
ཡིག་གཟུགས་གཉིས་སྦྱངས་སྐལ་བ་ཡང་ལྡན་སོང་།།
ད་ལྟ་དགའ་ལ་རྗེས་སོར་ཡང་ཁྱད་ཆོས།།
འདི་ནི་ཕྲན་གྱིས་མི་ལོ་རང་བཅོ་ལྔའི།།
ཕྱིར་དྲན་སྨྱུག་ཁའི་བང་རྩལ་དུ་བྲིས་པ།།
ཚིག་གི་རྒྱན་ཆས་སྤྲས་པ་ནི་མེད་ཀྱང་།།
འདས་སོང་བྱ་བའི་སྤྱི་སྡོམ་ཞིག་ཡིན་ལགས།།
-
བོང་བུའི་ཕྱིར་དྲན།ལྕམ་མོ་སེ་ཅོའུ་འར་གྱིས་བརྩམས། མཚ...