logo

བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་རྒན་རྡོར་དབྱིངས་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།:དཔང་སྒྲོལ་སྐྱིད། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-11-07 ཀློག་གྲངས།:


བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་རྒན་རྡོར་དབྱིངས་ལགས།

  རྒན་རྡོར་དབྱིངས་ལགས་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་མི་ཡིན་ཞིང་། སྨྱུག་མིང་ལ་ཧོར་མོ་ཟེར། ཁོ་མོ་ནི་ཕ་སྐད་ལ་དུངས་ཞེན་རྣལ་མ་བཅངས་ནས་བོད་རིགས་སློབ་ཕྲུག་མང་པོ་གསོ་སྐྱོང་བྱེད་མཁན་གྱི་བུད་མེད་དགེ་རྒན་ཞིག་ཡིན་པ་མ་ཟད། རྩོམ་རིག་གར་སྟེགས་སྟེང་ཕྱོགས་ཀུན་ལ་འཇོན་ཐང་ལྡན་པའི་བུད་མེད་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོ་མོའི་བརྩམས་ཆོས་དེ་ནང་དོན་གྱི་ཆ་ནས་འབོལ་རྩོམ་གྱི་འབྲི་ཐབས་སྤྱད་དེ་འཚོ་བ་དངོས་བརྗོད་བྱར་བྱས་ནས་དངོས་ཡོད་ཀྱི་གནས་ཚུལ་དང་དངོས་ཡོད་ཀྱི་བརྩེ་དུང་ཞིབ་བརྗོད་བྱས་ཡོད་པ་རེད། ཁོ་མོས་སྔ་གཞུག་དུ་བོད་ཁུལ་གྱི་དུས་དེབ་མང་པོའི་སྟེང་རང་གི་བརྩམས་ཆོས་བཀོད་པ་མ་ཟད། ད་ལོར་《བུམ་ནང་གི་མེ་ཏོག》ཞེས་པའི་དཔེ་དེབ་ཐོག་མ་པར་བསྐྲུན་བྱས་པ་རེད། 2007ལོ་ནས་བཟུང་བོད་ཁམས་ཀྱི་བུད་མེད་རྩོམ་པ་པོའི་དུས་དེབ་ཐོག་མ་གངས་རིའི་བུ་མོ་ཞེས་པའི་རྩོམ་སྒྲིག་ལ་ཞུགས་ནས་བོད་པའི་བུད་མེད་ཚོའི་མིག་དཔེ་ཡར་འདྲེན་དང་ཤེས་རིག་ལ་བློ་ཁ་ཕྱོགས་ཏེ་རང་སེམས་བཅིངས་འགྲོལ་དང་རང་མགོ་རང་གིས་འདེགས་པའི་ཐབས་ལམ་འཚོལ་བཞིན་ཡོད། ཁོ་མོར་མཚོན་ན། འོད་སྟོང་འབར་བའི་བོད་ཀྱི་རིག་གནས་ནི་ཁོ་མོ་ནམ་ཡང་རྩོམ་རིག་རྒྱ་མཚོའི་འཇིངས་ལ་འཇུག་པའི་ཟམ་ངོགས་ལྟ་བུ་ཡིན།
 བཅར་འདྲི་བ། དགེ་རྒན་བདེ་མོ། ཐོག་མར་ངས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཚབ་བྱས་ནས་དགེ་རྒན་ལགས་ཀྱིས་ཕྲན་ལ་ཐེངས་འདིར་བཅར་འདྲིའི་གོ་སྐབས་སྤྲད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། འདིར་དགེ་རྒན་ལགས་ཀྱིས་ཁྱེད་ཀྱི་སློབ་གསོའི་རྒྱབ་ལྗོངས་དང་། རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པའི་སྐོར་ཅུང་ཞིག་བརྗོད་པར་ཞུ།
 རྒན་རྡོར་དབྱིངས་ལགས། ང་རང་འདམ་གཞུང་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་ཡིན། དེ་ནས་སློབ་ཆེན་ལ་ཡིག་ཚད་བླངས་པ་ན་ངས་བོད་ལྗོངས་མི་རིགས་སློབ་གླིང་དུ་ཡིག་ཚད་ལོན་སོང་། དེ་རྗེས་ང་རང་ནང་ལོག་ལ་སློབ་གྲྭར་ཕྱིན་པ་ཡིན། བོད་ལྗོངས་མི་རིགས་སློབ་ཆེན་དུ་ང་ཚོའི་ཆེད་ལས་བོད་ཡིག་ཡིན་ཡང་བོད་ཡིག་དགེ་རྒན་དང་དེའི་སྐོར་གྱི་ཆ་རྐྱེན་མང་པོ་ཞིག་མེད་པས་ལོ་གཉིས་ལ་བསྡད་རྗེས་ང་ཚོ་ཕྱིར་ལྷ་སར་མངགས་ནས་བོད་ལྗོངས་སློབ་ཆེན་དུ་སློབ་སྦྱོང་བྱས་པ་ཡིན། 1985ལོར་སློབ་གྲྭ་ནས་ཐོན་རྗེས་ཐད་ཀར་ལས་ཀའི་ནང་ཞུགས་ཏེ། ཐོག་མར་ལྷ་སའི་སློབ་འབྲིང་ཐོག་མ་ལྷ་ས་སློབ་འབྲིང་དུ་དགེ་རྒན་བྱས་པ་ཡིན། དེའི་རྗེས་ནས་ལྷ་སའི་སློབ་འབྲིང་ལྔ་བ་ནས་ད་བར་དུ་དགེ་རྒན་གྱི་ལས་ཀ་བྱས་པ་ཡིན། སྐབས་དེར་རྒྱལ་ནང་དུའང་ཐེངས་འགར་ཕྱིན། རྒྱལ་ནང་གི་ཧུ་ནན་ཞིང་ཆེན་ཀྲུའུ་ཀྲུ་ཡི་ནོར་རྩིས་ཆེད་ལས་ཀྱི་བོད་ལྗོངས་འཛིན་གྲྭ་དང་ཅང་སུའུ་ནན་ཐུང་ནང་སའི་བོད་ལྗོངས་སློབ་འབྲིང་དུ་བོད་ཡིག་དགེ་རྒན་ཞིག་མཁོ་བས་ང་རང་ཕྱིན་ནས་ལོ་གཉིས་ལ་བསྡད་པ་ཡིན། རྩོམ་རིག་གི་སྐོར་བཤད་ན་ང་རང་ཆུང་དུས་ནས་རྩོམ་རིག་ལ་དགའ་པོ་ཆེན་པོ་ཡོད། ལྷག་པར་ང་ཚོ་འདམ་གཞུང་ནས་མཐར་ཕྱིན་པའི་སློབ་མ་ལ་བོད་ཡིག་གི་རྨང་གཞི་བཟང་བོ་ཡོད་པས་སློབ་ཆེན་འགྲིམ་པ་ནས་རྩོམ་ཡིག་རེ་གཉིས་བྲིས་པ་ཡིན། 1990ལོ་ནས་བོད་ལྗོངས་ཉིན་རེའི་ཚགས་པར་དང་གངས་ལྗོངས་རིག་གནས་སོགས་སུ་རྩོམ་ཡིག་ཁ་ཤས་བཏོན་པ་ཡིན། རིམ་བཞིན་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་ཀ་བྱས། ང་རང་ལ་མཚོན་ན་ཐོག་མར་རྩོམ་ཡིག་འབྲི་བའི་ཀུན་སློང་ནི་ང་རང་ཉིད་རྗེས་མ་སྐད་གྲགས་ཅན་དུ་འགྲོ་རྒྱུ་དང་རྩོམ་ཡིག་ལ་བརྟེན་ནས་དངུལ་ལེན་བསམ་པ་མ་ཡིན།དངོས་ཡོད་འཚོ་བའི་ཁྲོད་མི་དང་མིའི་བར་མཐུན་པོ་མི་ཡོང་བའི་སྐབས་ཡང་ཡོད་པས་རང་གི་སེམས་ཀྱི་སྐད་ཆ་བཤད་ས་མེད་པས་རང་གི་སེམས་ཀྱི་སྐད་ཆ་བཤད་དགོས་ན་རྩོམ་ཡིག་གི་ལམ་ལ་བརྟེན་དགོས་སེམས་ནས་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན།2000ལོའི་རྗེས་ནས་བཟུང་རྩོམ་ཡིག་མང་པོ་བྲིས་པ་ཡིན།དེའི་རྒྱུ་མཚན་ཡང་ང་རང་དགེ་རྒན་བྱས་ནས་ལོ་མང་པོ་ཕྱིན་པས་རེད།སློབ་ཕྲུག་མང་པོ་བསྐྱངས་པས་བོད་ཡིག་གི་གལ་ཆེན་རང་བཞིན་རྟོགས་པ་དང་།ང་རང་གཞི་རིམ་ནས་ནར་སོན་པའི་འབྲོག་མོ་ཞིག་ཡིན་ཡང་ཕ་མའི་བྱམས་བརྩེའི་འོག་སློབ་གྲྭ་འགྲིམ་པའི་བསྐལ་བ་བྱུང་བས་ང་རང་ཉིད་ལ་མཚོན་ན་རང་གི་སེམས་ལ་དྲན་པ་དེ་འབྲི་ཐུབ་པས་ཡོན་ཏན་འདི་མ་བཀོལ་ན་འཕྲོ་བརླག་དང་།ཡང་ན་ངས་ང་འཚོ་སྡོད་བྱེད་སའི་ཁོར་ཡུག་འདིའི་ད་ལྟའི་རྣམ་པ་དེ་ཡི་གེར་བྲིས་ན་ལོ་དུ་མའི་རྗེས་སུ་ངས་བྲིས་པ་འདི་ལོ་རྒྱུས་སུ་ཆགས་འགྲོ་བར་སེམས།ང་ཚོ་བོད་ལ་རྩོམ་པ་པོ་མང་པོ་ཡོད་པ་རེད།ཁོང་ཚོས་གཙོ་བོ་ཞིབ་འཇུག་སྐོར་འབྲི་བཞིན་ཡོད་པས་བྲིས་ཚར་བའི་འབྲས་བུ་དེ་དེ་འདྲ་ཁྱབ་ཐུབ་ཀྱི་མེད་ལ་ལྷག་པར་མི་མང་པོ་ཞིག་གིས་གོ་བ་ལེན་ཐུབ་ཀྱི་མེད་པས།ངས་རྩོམ་ཡིག་གོ་བདེ་བ་གཙོ་བོར་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་མི་མང་ཆེ་བས་བལྟ་ཐུབ་པ།གོ་ཐུབ་པ་ཞིག་འབྲི་འདོད་པ་ཡིན།ངས་སློབ་ཁྲིད་བྱེད་སའི་སློབ་ཕྲུག་དག་ལ་མཚོན་ནའང་རྨང་གཞི་ཡག་པོ་ཡོད་པ་མ་རེད།ཞིབ་འཇུག་གི་ནང་དོན་ལྡན་པའི་རྩོམ་ཆེན་པོ་ཞིག་བྲིས་པ་ཡིན་ན་ཁོ་ཚོས་གོ་བ་ལེན་མི་ཐུབ་པས།ངས་རང་གི་རྩོམ་ཡིག་དེ་སློབ་ཆུང་བོད་ཡིག་གི་རྨང་གཞི་ཙམ་ཡོད་ན་ལྟ་ཐུབ་པ་དང་དགེ་རྒན་ཚོ་ལའང་ཕན་ཐོགས་པ་གཙོ་བོར་བྱས་ཏེ་བྲིས་པ་ཡིན།ངས་ནམ་རྒྱུན་རྩོམ་ཡིག་བྲིས་ཚར་མ་ཐག་སློབ་མ་ཚོའི་མདུན་དུ་བཀླག་ནས་ཁོ་ཚོས་དང་ལེན་བྱེད་ཐུབ་མིན་ལ་བརྟག་པ་ཡིན།དེ་བས་ངའི་རྩོམ་ཡིག་འབྲི་བའང་སྤྱི་ཡོངས་ཀྱིས་གོ་ཐུབ་པ་དང་ཡོངས་ལ་ཕན་ཐོགས་པ་གཙོར་བྱས་ཏེ་བྲིས་པ་ཡིན།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།