logo

བོད་རིགས་བུད་མེད་རྩོམ་པ་པོ་གྲགས་ཅན་རྒན་རྡོར་དབྱིངས་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།:དཔང་སྒྲོལ་སྐྱིད། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-11-07 ཀློག་གྲངས།:


རྒན་རྡོར་དབྱིངས་ལགས་ཀྱི་དཔེ་དེབ་ཐོག་མ།

 བཅར་འདྲི་བ། དགེ་རྒན་གྱིས་གསར་དུ་བཏོན་པའི《བུམ་ནང་གི་མེ་ཏོག》ཞེས་པའི་དེབ་འདི་གཙོ་བོ་འབོལ་རྩོམ་རེད་དམ།《བུམ་ནང་གི་མེ་ཏོག》ཞེས་པའི་དེབ་འདིའི་ཁ་བྱང་གི་མཚོན་དོན་ཅི་ཞིག་ཡིན།བུད་མེད་ཚོའི་ལས་དབང་དང་འབྲེལ་བ་ཡོད་པ་རེད་དམ།
 རྒན་རྡོར་དབྱིངས་ལགས། དེབ་འདིར་མཚོན་ན་འབོལ་རྩོམ་གཙོ་བོ་ཡིན།རྩོམ་ཁ་ཤས་འབྲི་ཐབས་ཚིག་བཅད་ཀྱི་ལམ་ནས་བྲིས་ཡོད་ནའང་དཀྱུས་གཞུང་འབོལ་རྩོམ་གྱི་འབྲི་ཐབས་སྤྱད་པ་ཡིན།དེབ་འདིའི་ནང་རྩོམ་ཡིག་བརྒྱ་ཐམ་པ་ཡོད།ད་ཆ་པར་ཐེངས་གཉིས་པར་སླེབས་གྲབས་ཡོད།དེབ་འདིའི་ཁ་བྱང་སྐོར་ལ་ང་ལ་ཨ་མདོ་དང་ཁམས་པ།དེ་མིན་དགེ་གྲོགས་དང་སློབ་ཕྲུག་ཚོ་སོགས་ཀྱིས་འདྲི་མྱོང་ཡོད།མི་རེ་རེ་ལ་གོ་བ་ལེན་སྟངས་རེ་རེ་ཡོད་པ་རེད།ངས་ཁོ་ཚོར་དེབ་འདི་བཀླགས་ཚར་ན་དེབ་ཀྱི་ཁ་བྱང་གི་ནང་དོན་རང་ཤུགས་ཀྱིས་གོ་འོང་ཞེས་བཤད་པ་ཡིན།དེབ་འདིའི་མིང་ལ་བུམ་ནང་གི་མེ་ཏོག་ཞེས་འདོགས་དོན་ཡང་དེབ་ནང་གི་རྩོམ་ཡིག་ཞིག་དང་འབྲེལ་བ་དམ་པོ་ཡོད།རྩོམ་ཡིག་དེ་བཀླགས་ན་དེབ་མིང་ཧ་གོ་བ་རེད།
 བཅར་འདྲི་བ།  བོད་ཀྱི་སྐྱེས་མའི་རྩོམ་རིག་དུས་དེབ་ཐོག་མ་གངས་རིའི་བུ་མོ་ཞེས་པར་མཚོན་ནའང་དགེ་རྒན་ཁྱེད་རང་རྩོམ་སྒྲིག་པའི་ཁོངས་མི་རེད།དེབ་འདིའི་སྐོར་ལ་རང་གི་བསམ་ཚུལ་གང་འདྲ་ཡོད་ལགས།
 རྒན་རྡོར་དབྱིངས་ལགས།དེབ་འདི་ཧ་ཅང་ཡག་པོ་རེད།དེབ་འདི་བོད་ཁུལ་གྱི་ས་ཆ་མང་པོ་ལ་ཁྱབ་བཞིན་ཡོད་པས་མི་མང་པོ་ཞིག་ལ་སྐུལ་མ་དང་བག་ཆགས་ཟབ་མོ་ཐེབས་པ་མ་ཟད།མི་ཚོར་བསམ་བློ་གཏོང་ས་རེ་ཡོད་པ་རེད།སྔོན་ཆད་ཀྱང་བུད་མེད་ཀྱི་དུས་དེབ་འགའ་ཞིག་ཡོད་པ་རེད།དཔེར་ན་མཚོ་སྔོན་གྱི་སྒྲོལ་མ་དང་ཁམས་ཕྱོགས་སུའང་ཡོད།འོན་ཀྱང་མང་པོ་ཞིག་ཁྱབ་མ་ཐུབ་པར་མཚམས་ཆད་པ་རེད།ད་རེབ་ཀྱི་དེབ་འདི་ལ་མཚོན་ན་མི་མང་པོས་ལྟ་བཞིན་ཡོད།དེ་མིན་ང་རང་དེབ་མིང་གངས་རིའི་བུ་མོ་ཞེས་པ་ལ་དགའ་པོ་ཆེན་པོ་ཡོད།གཞན་ཡང་བོད་ཀྱི་བུད་མེད་རྩོམ་པོ་པོར་མཚོན་ནའང་རང་གི་བརྩམས་ཆོས་སམ་བཤད་འདོད་པའི་སྐད་ཆ་བཤད་ས་ཞིག་རྙེད་པ་རེད།དེབ་འདིའི་ནང་སྙན་ངག་དང་ལྷུག་རྩོམ།བརྩམས་སྒྲུང་སོགས་ཡོད་པ་རེད།སྔར་ཡིན་ན་གཙོ་སྒྲིག་པས་དེབ་འདི་དཔྱད་རྩོམ་རྐྱང་པའི་དེབ་ཞིག་ཏུ་བཟོ་རྒྱུ་ཡིན་ཞེས་ཟེར་ཀྱང་།སྙན་ངག་དང་ལྷུག་རྩོམ་ལ་མཚོན་ནའང་དཔྱད་རྩོམ་ལས་ཁྱབ་རྒྱ་ཆེ་བ་མ་ཟད།ན་གཞོན་ཚོ་སྐུལ་སློང་ཡང་བྱེད་ཐུབ་ཀྱི་ཡོད་ལ་མི་མང་པོར་ཕན་ཐོགས་ཡོད་པས་སྣ་མང་དུས་དེབ་ཞིག་ཏུ་བཟོས་པ་རེད།
 བཅར་འདྲི་བ།ང་རང་ཉིད་ལ་མཚོན་ནའང་དེ་སྔོན་ཟིན་བྲིས་སོགས་བརྒྱུད་དེ་དགེ་རྒན་གྱི་རྩོམ་ཡིག་ལ་བལྟས་མྱོང་ཡོད།དགེ་རྒན་གྱི་རྩོམ་ཡིག་ལ་མཚོན་ན་གཙོ་བོ་འབོལ་རྩོམ་གྱི་སྐོར་རེད།སྤྱིར་བོད་ཀྱི་བུད་མེད་རྩོམ་པ་པོའི་སྤྱིའི་ཁ་ཕྱོགས་ལ་བལྟས་ན་མང་ཆེ་བ་སྙན་ངག་དང་ལྷུག་རྩོམ་འབའ་ཞིག་རེད།དགེ་རྒན་ལ་མཚོན་ན་འབོལ་རྩོམ་བྲིས་པ་ནི་ང་རང་སྟེང་ནས་བརྗོད་ན་བུད་མེད་རྩོམ་པ་པོ་ཞིག་གི་རྩོམ་རྣམ་གྱི་ཐོལ་བརྒལ་ལྟ་བུ་ཞིག་རེད་སེམས།དགེ་རྒན་ཁྱེད་ལ་མཚོན་ན་འདིའི་སྐོར་ལ་བསམ་ཚུལ་ཅི་འདྲ་ཡོད་ལགས།
 རྒན་རྡོར་དབྱིངས་ལགས། ང་ལ་མཚོན་ན་ཆུང་དུས་ནས་དཔེ་དེབ་ལ་ལྟ་རྒྱུར་དགའ་པོ་ཡོད།རང་རྒྱལ་གྱི་རྩོམ་པོ་པོ་ལུའུ་ཞུན་གྱི་རྩོམ་ཡིག་ལ་ང་རང་དགའ་པོ་ཡོད་ལ་བག་ཆགས་ཀྱང་ཟབ་མོ་བཞག་ཡོད།དེ་མིན་ངས་ནམ་རྒྱུན་བུད་མེད་རྩོམ་པ་པོ་ཆོན་ཡོ﹙琼瑶﹚དང་སན་མའོ﹙三毛﹚གཉིས་ཀྱི་རྩོམ་ཞིབ་བསྡུར་བྱེད་བཞིན་ཡོད།ཆོན་ཡོ་ཡི་རྩོམ་ལ་མཚོན་ན་དངོས་ཡོད་འཚོ་བ་དང་བར་ཐག་ཆེན་པོ་ཡོད་པ་རེད།མོས་དངོས་ཡོད་ལས་བརྒལ་བའི་ཚོར་སྣང་མང་པོ་ཞིག་བྲིས་ཏེ་མི་རྣམས་ཀྱི་སེམས་འགུག་བཞིན་ཡོད་པ་རེད།འོན་ཀྱང་སན་མའོ་ནི་དེ་འདྲ་མ་ཡིན་ཏེ་ཁོ་མོས་བྲིས་པ་ནི་དངོས་ཡོད་རྐྱང་རྐྱང་རེད།མོས་དངོས་ཡོད་འཚོ་བ་དང་དངོས་ཡོད་ཀྱི་བརྩེ་དུང་བྲིས་ཡོད་པས་ང་སན་མའོ་ཡི་རྩོམ་ལ་དགའ་པོ་ཡོད།བོད་རང་ལ་མཚོན་ནའང་དེ་འདྲ་རེད།བོད་ཀྱི་རིག་གནས་ཀྱི་རྩ་བ་དེ་ཆོས་ལུགས་རིག་གནས་ཡིན་པས་བོད་ཀྱི་རྩོམ་རིག་མང་པོ་ཞིག་བླ་མ་དང་དགེ་བཤེས་ཀྱིས་བྲིས་པ་རེད།དེ་བཞིན་ཁོང་ཚོས་བྲིས་པའང་འཇིག་རྟེན་འཁོར་བ་ལས་ཐར་ཚུལ་དང་བླ་མར་བསྟོད་པ་སོགས་དངོས་ཡོད་འཚོ་བ་དང་བར་ཐག་ངེས་ཅན་ཡོད་པ་རེད།དེ་བས་ང་ལ་མཚོན་ན་བོད་ཀྱི་ཆོས་ལུགས་རིག་གནས་སྐོར་གྱི་དེབ་མང་པོར་བལྟས་མྱོང་ཡང་དེ་དག་དངོས་ཡོད་དང་བར་ཐག་རིང་བའི་ཚོར་བ་བྱིན་པས་ང་རང་ཉིད་ལ་མཚོན་ན་ངའི་མཐའ་འཁོར་གྱི་འཚོ་བ་བརྗོད་གཞིར་བྱས་ཏེ་རྩོམ་ཡིག་བྲིས་པ་ཡིན།བོད་ཀྱི་རྩོམ་པ་པོའི་ནང་ང་དགེ་འདུན་ཆོས་འཕེལ་གྱི་རྩོམ་ལ་དགའ་པོ་ཆེན་པོ་ཡོད།ཁོང་རང་ལ་མཚོན་ན་དགོན་སྡེའི་མི་ཡིན་ཡང་ཁོང་གི་བྲིས་པའི་རྩོམ་ཡིག་དག་དངོས་ཡོད་འཚོ་བ་ལ་འབྲེལ་བ་ཡོད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དག་ཡིན་པས་ང་རང་ལ་མཚོན་ན་ལམ་འདི་ལྟ་བུ་ལ་ཞུགས་པར་ཧུར་བརྩོན་བྱེད་བཞིན་ཡོད།
 བཅར་འདྲི་བ།  དགེ་རྒན་ལགས།དེ་རིང་དུས་ཚོད་ཀྱི་དབང་གིས་འདི་ནས་མཚམས་འཇོག་དགོས་བྱུང་།རྗེས་མ་རྒན་ལགས་ལ་དུས་ཚོད་འདྲ་བྱུང་ན་འདིའི་སྐོར་ནས་མུ་མཐུད་དུ་གསུང་རྒྱུ་མཁྱེན།ཐུགས་རྗེ་ཆེ་ཞུ།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།