logo

《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རིན་ཐང་དཔྱད་བརྗོད།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-29 ཀློག་གྲངས།:

       ང་རང་མཚོ་ལྷོ་རུ་ཡོང་བ་དང་བསྟུན་ནས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་འགྲེམ་སྤེལ་མཛད་སྒོ་ལ་ཞུགས་པའི་གོ་སྐབས་རེག་སོང་། ཐོག་མར་ས་མིང་རིག་གནས་བརྡ་འགྲེལ་འདི་ལྟ་བུ་ཞིག་པར་སྐྲུན་བྱས་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། དཔེ་ཆ་འདི་ཐོག་མར་སྒྲིག་སྐབས་ཀྱི་མཐའ་དཔྱོད་ཚོགས་འདུ་ལའང་ང་རང་ཞུགས་མྱོང་ཞིང་རང་གིས་ཤེས་ཚད་གོ་ཚོད་ཀྱིས་བསམ་འཆར་བཏོན་པ་ཡིན། པར་དུ་བསྐྲུན་རྗེས་ངེད་སློབ་གྲྭར་བསྐུར་ཡོང་བས་དཔེ་ཆ་ལག་སོན་བྱུང་བས་གསལ་བོར་བལྟས་ཡོད། ཀུན་གྱིས་བཤད་པ་ལྟར་དཔེ་ཆ་འདི་ནི་བོད་ཁམས་སུ་ས་མིང་རིག་གནས་པར་སྐྲུན་བྱས་པ་ཐོག་དང་པོ་རེད། ནང་དོན་ཕུན་སུམ་ཚོགས་ཤིང་སྒྲིག་རིམ་ཚད་དང་མཐུན་པ་ཞིག་རེད། ཕར་བལྟས་ན་དཔེ་ཆ་འདི་ལ་ཁྱད་ཆོས་དྲུག་ཚང་སྟེ། ལོ་རྒྱུས་ཀྱི་དོན་དངོས་ངོ་མ་མཚོན་པའི་ཁྱད་ཆོས་ལྡན་པ་དང་གཅིག གོ་རིམ་ཡོད་ཅིང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་བའི་ཁྱད་ཆོས་ལྡན་པ་དང་གཉིས། ས་གནས་ཁག་གི་རྒྱུས་ཡོད་མི་སྣ་དང་ཆེད་མཁས་མི་སྣ་ཟུང་འབྲེལ་བྱས་པའི་ཁྱད་ཆོས་ལྡན་པ་དང་གསུམ། ཅུང་ཙམ་ཆ་ཚང་བའི་ས་མིང་མིང་མཛོད་ཅིག་ཏུ་གྱུར་ཡོད་པའི་ཁྱད་ཆོས་ལྡན་པ་དང་བཞི། མ་འོངས་པར་བོད་ཁུལ་ས་མིང་རིག་གནས་ཇི་ལྟར་འཛུགས་སྐྲུན་བྱེད་པའི་མིག་དཔེ་རུ་འགྱུར་བའི་ཁྱད་ཆོས་ལྡན་པ་དང་ལྔ། ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པ་དང་དྲུག་བཅས་སོ། །དོན་ཚན་དྲུག་པོ་རེ་རེ་བཞིན་བཤད་ན་དུས་ཚོད་ཀྱིས་མི་འདང་བས། འདིའི་ཁྲོད་འབུར་དུ་ཐོན་པའི་ཁྱད་ཆོས་གཙོ་བོ་སྟེ་ལོ་རྒྱུས་ཀྱི་དོན་དངོས་ངོ་མ་མཚོན་པའི་ཁྱད་ཆོས་ཅུང་ཙམ་བཤད་ན། དཔེ་ཆ་འདིར་མཚོ་ལྷོའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་འདུག བོད་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་སྟེ། ཧན་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་དུས་སྐབས། མཚོ་ཐོག་ནས་བགྲོད་པའི་ལམ་མེད་པའི་དུས་སྐབས། མཁའ་ལམ་མེད་པའི་དུས་སྐབས་སུ་ཤར་ནུབ་ཏུ་བགྲོད་པའི་ལམ་ནི་ཨ་མདོ་ས་ཁུལ་འདི་ཡིན་པ་དང་ནང་ལོགས་ནས་ལྷ་ས་སོགས་སུ་འགྲོ་བའི་འདུས་མདོ་ལྟ་བུར་གྱུར་ཡོད། མཚོ་སྔོན་པོ་ནས་ཟི་ལིང་ཁོག་དང་། གསེར་ཆེན་རྫོང་གི་ཆོས་རྗེ་ཐང་། མང་རྫོང་། འབའ་རྫོང་སོགས་བརྒྱུད་ནས་ཤར་ནུབ་ཏུ་འགྲོ་ཞིང་། དེ་དག་ཤར་ནུབ་ཀྱི་མགྲོན་པོ་མང་པོ་རྒྱུན་ཆད་མེད་པར་འགྲོ་བའི་གནས་ཡིན་པ་དང་བཙན་རྫོང་མང་པོ་བརྩིགས་ཡོད།  ཕྱིས་སུ་མཚོ་ཐོག་གི་འགྲིམ་ལམ་དར་བ་ནས་ས་ཆ་མང་པོ་ཞིག་བེད་མེད་གྱུར་སོང་། ད་ཐེངས་དཔེ་ཆ་འདིར་ཇིད་པར་ལ་སོགས་ལོ་རྒྱུས་ལ་ཁུངས་གཏུག་ནས་བྲིས་འདུག འདི་ཧ་ཅང་གལ་ཆེན་རེད། དེ་སྔོན་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ལྷ་མཆོག་རྒྱལ་གྱིས་ཅོང་རྙིང་ཞིག་བརྙེད་ཡོད། དེའི་སྟེང་གི་ཅོང་ཡིག་མེས་ཨག་ཚོམ་སྐབས་སུ་བྲིས་པ་རེད། དེ་ལྟ་ན་ཅོང་ཡིག་གི་ཐོག་མ་ཨ་མདོ་ས་ཆ་རུ་བྱུང་བ་ཤེས་ཐུབ། དེ་བཞིན་དུ་ཏུང་ཧོང་ཤོག་དྲིལ་ལས་བྱུང་བའི་རྨ་ཁྲོམ་ཞེས་པའི་དམག་སྲིད་སྡེ་ཚན་དེ་འབའ་ཁ་སྒང་གི་ས་ཆ་ཡིན་པ་དང་། ཇིད་པར་ནི་ཐང་རྒྱལ་རབས་སྐབས་སུ་ཚོང་འགྲུལ་གྱི་ལམ་ཁ་ཡིན་པ། ཡང་ཏུང་ཧོང་ཤོག་དྲིལ་ལས་བྱུང་བའི་ཆུ་བཟང་ནི་མང་རྫོང་ཟླ་ཚང་གི་ཆུ་བཟང་ཁ་ཡིན་ཞིང་། འདུས་སྲོང་མང་པོ་རྗེ་དངོས་སུ་ཕེབས་མྱོང་། དེར་བརྟེན་ས་མིང་བརྡ་འགྲེལ་འདི་ནི་ས་རྒྱུས་རིག་པ་དང་། ལོ་རྒྱུས་རིག་པ། བོད་རིག་པ། མིའི་རིགས་རིག་པ་སོགས་ཀྱི་ཞིབ་འཇུག་ལ་ནུས་པ་གལ་ཆེན་འདོན་ཐུབ་ངེས་རེད། དེ་ཡང་མཚོ་ལྷོ་སྲིད་གཞུང་དང་སྐད་ཡིག་ལས་ཁུངས་ཀྱི་ཁུངས་མི་རྣམ་པས་སྔོན་ཆད་ཀྱི་ལོ་རྒྱུས་ཚུར་སྣང་བྱེད་ཐུབ་པ་དང་ད་ལྟའི་ལོ་རྒྱུས་གསལ་བོར་མཚོན་ཐུབ་པའི་དཔེ་ཆ་འདི་འདྲ་ལེགས་པོ་ཞིག་དཔེ་སྐྲུན་བྱས་པ་ནི་བོད་ཀྱི་རིག་གནས་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་སོང་། དེ་ནི་ལམ་གསལ་གྱི་རྡོ་རིང་ལྟ་བུ་ཞིག་རེད། ཡིན་ཡང་ས་མིང་འདི་དག་བེད་སྤྱོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། བེད་སྤྱོད་བྱེད་མ་ཐུབ་ན་ལོ་རྒྱུས་ཀྱི་དཔྱད་གཞི་ཞིག་ཏུ་གྱུར་བ་མ་གཏོགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་གོ་མི་ཆོད། དེར་བརྟེན་ས་མིང་འདི་དག་བེད་སྤྱོད་ལེགས་པོ་བྱས་ཏེ་མ་འོངས་པར་མཚོ་ལྷོ་རིག་གནས་དང་སྤྱི་ཚོགས་ཡར་སྐུལ་ལ་ནུས་པ་འདོན་ཐུབ་རྒྱུ་ནི་ངའི་རེ་བ་ཡིན་ནོ། །
དེ་སྔའི་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོའམ་མཚོ་ལྷོ་ཁུལ་གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཆབ་འགག་རྡོ་རྗེ་ཚེ་རིང་ལགས་ཀྱི་དཔྱད་བརྗོད།
     

འབྲེལ་ཡོད་འོས་སྦྱོར།