logo

《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རིན་ཐང་དཔྱད་བརྗོད།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-29 ཀློག་གྲངས།:

       གཅིག་ནས་འདི་ནི་བྱ་གཞག་རླབས་ཆེན་ཞིག་ཡིན་པ་སྟེ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འདིས་ལོ་རྒྱུས་ལ་བརྩི་འཇོག་བྱས་པའི་འོག་མི་རིགས་སོ་སོའི་ལོ་རྒྱུས་ཀྱི་ཚད་ལྡན་དཔྱད་གཞི་ཡིག་ཆ་དང་ས་གནས་སོ་སོའི་ངག་རྒྱུན་སོགས་དམ་པོར་འབྲེལ་ནས་མཚོ་ལྷོ་ཁུལ་གྱི་ས་མིང་མཆེད་ཁུངས་དང་དེའི་རིག་གནས་ཀྱི་གོ་དོན་ལ་རྩད་ཞིབ་རྒྱ་ཆེན་པོ་བྱས་ཤིང་། ལོ་ངོ་བཞིའི་རིང་ལ་མཚོ་ལྷོ་ཁུལ་གྱི་ས་མིང་སུམ་སྟོང་ལྷག་ལ་རེ་རེ་བཞིན་ཞིབ་སྡུར་བྱས་ནས་འགྲེལ་བརྒྱབ་ཡོད། གཉིས་ནས་ཡིག་ཆ་ཚད་ལྡན་ཡིན་པ་སྟེ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ནང་བཀོད་པའི་ས་མིང་རེ་རེའི་སྒྲུབ་བྱེད་ཀྱི་ཁུངས་བཙུན་པ་དང་། དོན་གསལ་བ། བདེན་པ་བདེན་ཐོག་གིས་ར་སྤྲོད་བྱས་ཡོད་པ་མ་ཟད། མཚོ་ལྷོའི་ཡུལ་ཁོངས་ཀྱི་ས་མིང་ཉམས་དམས་སུ་འགྲོ་བ་དང་། ཡང་དག་མ་ཡིན་པའི་ས་མིང་རྒྱུན་འབྱམས་སུ་འགྲོ་བ། ཐ་དད་དུ་འགྱུར་བ། རྒྱ་བོད་གཉིས་ཀྱི་ཡིག་ཐོག་ཏུ་ལོག་པར་འབྲི་བ་སོགས་ཀྱི་གནད་དོན་སེལ་ནས་ཚད་ལྡན་གཅིག་གྱུར་གྱི་ས་མིང་ཞིག་ཏུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་བའི་ཁར། མཚོ་ལྷོ་ཁུལ་གྱི་ས་མིང་གི་ལོ་རྒྱུས་རང་བཞིན་དང་། མི་རིགས་རང་བཞིན། སྣ་མང་རང་བཞིན། ཡུལ་ཁོངས་རང་བཞིན་བཅས་འབུར་དུ་ཐོན་ཡོད། གསུམ་ནས་སྔོན་དུ་བསྐྱོད་པའི་སྙིང་སྟོབས་མཚོན་ཐུབ།《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་རྩོམ་སྒྲིག་དང་པར་སྐྲུན་ནི་ཞིང་ཆེན་ཡོངས་སུ་ཐོག་མར་ཁུལ་རིམ་པའི་སྲིད་འཛིན་ས་ཁོངས་སྡེ་ཚན་དུ་བྱས་ནས་ས་མིང་རིག་གནས་དང་དམངས་ཁྲོད་རིག་གནས་འཚོལ་སྡུད་དང་། ལེགས་སྒྲིག མྱུར་སྐྱོབ་བྱེད་པར་ལོ་རྒྱུས་དང་དོན་དངོས་ཀྱི་ཐད་ནས་ཞིབ་འཇུག་རྒྱ་ཆེན་པོ་བྱས་ཡོད། བཞི་ནས་དོན་དངོས་དང་མཐུན་ཞིང་བེད་སྤྱོད་རང་བཞིན་ལྡན་པ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཁྲོད་མཚོ་ལྷོའི་ས་མིང་དག་གི་བཀོལ་སྤྱོད་དང་། ལོ་ཙཱ། ཡིག་ཐོག་ཏུ་བཀོད་པ།  འགྲེལ་བཤད་སོགས་ཡང་དག་པ་བྱས་ནས། འགྲིམ་འགྲུལ་དང་། གནས་སྐོར། ས་ཁྲའི་དཔེ་རིས་འགོད་པ། མི་རིགས་རིག་པ། ས་མིང་རིག་པ་སོགས་ཀྱི་འབྲེལ་ཡོད་མི་སྣས་ལྟ་ཀློག་དང་ཞིབ་འཇུག་བྱེད་པར་མཐུན་རྐྱེན་བསྐྲུན་པ་རེད། ལྔ་ནས་བོད་རྒྱ་ཡིག་རིགས་གཉིས་ཟུང་འབྲེལ་བྱས་པ། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ནང་དུ་བཀོད་པའི་ས་མིང་སོ་སོ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསལ་བཤད་དང་འགྲེལ་བརྒྱབ་པ་འདིས་སྐད་བརྡའི་གལ་ཆེན་རང་བཞིན་གཟེངས་སུ་ཐོན་ཡོད། དཔེར་ན་སྡེ་དགེ་ནས་སེར་ཤུལ་བར་གྱི་ལམ་དུ“ཁྲོ་ལ”ཞེས་པའི་རི་ཞིག་ཡོད་པ་དེ་རྒྱ་སྐད་དུ“雀儿山”ཞེས་ནས་བསྒྱུར་བས་ནང་དོན་ལ་རི་བོ་མཐོ་ཞིང་བྱ་བྱེའུ་གཅིག་ཀྱང་འཕུར་མི་ཐུབ་པས་དེ་ལྟར་འབོད་ཅེས་ལོག་པར་འགྲེལ་ཡོད། དོན་དངོས་ཐོག་བོད་སྐད་དུ་སྲ་ཞིང་མཁྲེགས་པའི་ཁྲོ་ལྟ་བུ་ཞིག་ཡིན་པས་དེ་ལྟར་འབོད་པ་ཡིན། གཞན་དཔེར་ན་སི་ཁྲོན་རྔ་བ་ཁུལ་དུ་ཡོད་པའི་“སྐུ་བླ”ཞེས་པར་རྒྱ་སྐད་དུ“四姑娘山”ཞེས་ལོག་པར་བསྒྱུར་བ་མ་ཟད་། དེ་དང་འབྲེལ་ནས་བུ་མོ་སྤུན་བཞིའི་ལྷ་སྒྲུང་ཞིག་སྒྲིག་ཡོད། དཔེ་འདི་གཉིས་ལས་བོད་རྒྱ་ཡིག་རིགས་གཉིས་ཟུང་འབྲེལ་གྱི་གལ་ཆེན་རང་བཞིན་མཚོན་ཐུབ་ཅིང་།《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》 གྱིས་ས་མིང་གི་གདོད་མའི་ནང་དོན་ཡང་དག་པར་ར་སྤྲོད་ཐུབ་པ་རེད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་ལགས་ཀྱི་དཔྱད་བརྗོད།


       《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》ཞེས་པའི་དཔེ་དེབ་འདི་ལོ་ངོ་བཞིའི་རིང་ལ་ཧུར་བརྩོན་བྱས་པར་བརྟེན་ནས་ཀུན་གྱི་སྤྱན་ལམ་དུ་བཀྲམ་པ་རེད།། དེ་བས་དེ་རིང་གི་འགྲེམ་སྤེལ་མཛད་སྒོ་འདིས་མཚོ་ལྷོ་ཁུལ་གྱི་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པར་མཚོན་པ་མ་ཟད། མཚོ་ལྷོ་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བློ་ཐག་བརྟན་མོ་ཞིག་ཀྱང་མཚོན་ཐུབ། དེ་བས་ངས་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》པར་སྐྲུན་དང་འགྲེམ་སྤེལ་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་ཡིན། དེ་ནས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》རྩོམ་སྒྲིག་བྱེད་པར་ནུས་པ་དང་སེམས་ཤུགས་བཏོན་པའི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། མཚོ་ལྷོ་ཁུལ་གྱིས་དཔེ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་སྤྱི་ལོ2007ལོ་ནས་རྩོམ་སྒྲིག་བྱེད་འགོ་བརྩམས་ཤིང་། རྩོམ་སྒྲིག་ཁོངས་མི་ཉུང་བ་དང་། དུས་ཚོད་བྲེལ་ཆེ་བ། ཡིག་ཆ་འཚོལ་སྡུད་བྱེད་དཀའ་བ་སོགས་ཀྱི་དཀའ་ཁག་ཁྱད་དུ་བསད་ནས་ཐོག་མར་ཁུལ་རིམ་པའི་སྲིད་འཛིན་ས་ཁོངས་སྡེ་ཚན་དུ་བྱས་ནས་ས་གནས་རིག་གནས་འཚོལ་སྡུད་དང་། ལེགས་སྒྲིག མྱུར་སྐྱོབ་བྱས་ཤིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་མཚོ་ལྷོ་ཁུལ་གྱི་ས་མིང་དང་། དེའི་ནང་དོན། འབྱུང་ཁུངས་སོགས་ལ་ཆ་ཚང་ཞིང་དོན་དངོས་དང་མཐུན་པར་གསལ་ལེར་བཀོད་ཡོད། ཞོལ་ནས་དཔེ་དེབ་འདི་དང་འབྲེལ་ནས་རང་ཉིད་ཀྱི་ལྟ་བ་བཞི་བརྗོད། གཅིག་ནས་ལས་ཀ་འདི་ད་དུང་མཇུག་རྫོགས་མེད་པ་སྟེ། རིག་གནས་དང་ལོ་རྒྱུས་ཀྱི་ཟུར་ནས་སྤྱི་ལེ་གྲུ་བཞི་མ་བཞི་ཁྲི་ལ་ཉེ་བའི་མཚོ་ལྷོ་ཡུལ་གྱི་ས་མིང་རེ་རེ་ལ་འགྲེལ་རྒྱག་ཐུབ་པ་ནི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་ཞིང་། རྗེས་མར་ཡང་ཕྱོགས་སོ་སོའི་ཧུར་བརྩོན་དང་རྒྱབ་སྐྱོར་ལ་བརྟེན་དགོས། གཉིས་ནས《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》གྱི་དྲིལ་སྒྲོག་དང་། མཚམས་སྦྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། དཔེ་དེབ་འདི་སྒྲིག་པའི་དམིགས་འབེན་ནི་རིག་གནས་འཛིན་སྤེལ་བྱེད་པ་མ་ཟད། ཕྱི་ཕྱོགས་ལ་མཚོ་ལྷོ་དྲིལ་སྒྲོག་བྱེད་པ་དེ་ཡིན་པས་དྲིལ་སྒྲོག་དང་མཚམས་སྦྱོར་ལེགས་པོ་བྱེད་དགོས། གསུམ་ནས་འགྲེལ་བཤད་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། ས་མིང་གི་ཡང་དག་རང་བཞིན་དང་། ཆ་ཚང་རང་བཞིན། རྙོག་འཛིང་རང་བཞིན་ལ་དམིགས་ནས་འགྲེལ་བཤད་ལེགས་པོ་རྒྱག་དགོས། བཞི་ནས་གྲུབ་འབྲས་མངོན་འགྱུར་གྱི་བྱ་བ་ལེགས་པོར་སྒྲུབ་དགོས་པ་སྟེ། དཔེ་དེབ་འདིའི་ནང་དོན་ཁག་ཅིག་ས་གནས་ཀྱི་བསླབ་དེབ་ཏུ་སྒྲིག་ནས་སློབ་མ་རྣམས་ཀྱིས་རང་ཡུལ་གྱི་ལོ་རྒྱུས་ལ་ངོས་འཛིན་གསལ་བོ་ཞིག་ལོན་དགོས། དེ་ལས་གཞན་གནས་སྐོར་ཕྱོགས་སྟོན་གྱི་དཔེ་དེབ་ཏུ་སྒྲིག་སྟེ་ཕྱི་ཕྱོགས་སུ་མཚོ་ལྷོ་ཡང་དག་པར་ཁྱབ་སྒྲོག་བྱེད་དགོས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།