logo

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པར་སྐྱེས་སུ་ཕུལ་བ།

རྩོམ་པ་པོ།:ཡོངས་འཛིན་ལེ་ཚན་གྱི་གཙོ་སྒྲིག་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-22 ཀློག་གྲངས།:
     སྒྲིག་མཆན། 2017ལོའི་ཟླ8པའི་ཚེས22ཉིན། བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་འཚོལ་བཤེར་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པའི་ཉིན་མོ་ཡིན་ལ། ཡོངས་འཛིན་འཚོལ་བཤེརAPPསྤྱིའི་ཕབ་ལེན་གྲངས་ཚད་ནི218187དང་། ཀློག་གྲངས་དུང་ཕྱུར1ལས་བརྒལ་ལ། “ཞི་ཅིན་ཕིང”དང་། “སྐྱེ་ཁམས་སྲུང་སྐྱོབ”། “མི་རིགས་མཐུན་སྒྲིལ”།  “དག་ཡིག”དང“གཏམ་དཔེ”། “ས་སྐྱ་ལེགས་བཤད”། “ལོ་རྒྱུས”། “རྩོམ་རིག” “བོད་ལུགས་གསོ་རིག” “སློབ་གསོ”སོགས་ཐ་སྙད་ནི་འཚོལ་བཤེར་མང་བརྡ་ཚ་ཤོས་ཡིན། སྤྱོད་མཁན་གྱི་ཐད་ནས་རྒྱལ་ཡོངས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས31ལ་ཁེབས་པ་མ་ཟད། ཨ་རི་དང་དབྱིན་ཇི། ཧྥ་རན་སི། སུའེ་ཙེར། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ66ལ་ཁྱབ།

     ཡོངས་འཛིན་འཚོལ་བཤེར་གྱི་གསར་འབྱེད་པ་ཚེ་ལོ་ཡིས་ཡོངས་འཛིན་འཚོལ་བཤེར་ལོ་འཁོར་གཅིག་ལོན་པར་ཤིས་ཚིག་ཕུལ་བ།

     ཁུལ་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དེ་མིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་དུས་འདིར། འཛམ་བུ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་འཚོལ་བཤེར་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པའི་དུས་ཕུན་སུམ་ཚོགས་པར་ཁེལ། བགྲང་བྱ་གཅིག་གི་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགོ་ཁྲིད་ཡང་དག་པ་དང་རོགས་སྐྱོར་ཤུགས་ཆེན་པོ་གནང་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རྒྱབ་སྐྱོར་གང་ལེགས་གནང་བ། ཡོངས་འཛིན་ལས་མི་ཡོངས་ཀྱིས་རྣམ་ཀུན་བརྩོན་པ་ལྷུར་ལེན་དང་ཕྱར་བ་གྲུ་འདེགས་བྱས་པར་བརྒྱུད། ཡོངས་འཛིན་འཚོལ་བཤེར་དེ་ཐོག་མ་མེད་པ་ནས་རིམ་གྱིས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་པའི་རིམ་པ་ཞིག་ལ་བསྙེགས་ཐུབ་བྱུང། དེ་བས་ཡོངས་འཛིན་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པའི་བཀྲ་ཤིས་དུས་བཟང་གི་སྐབས་ཉིད་འདིར་ཡོངས་འཛིན་གྱི་ཤར་གཏོང་དང་འཕེལ་རྒྱས་ལ་ཐུགས་ཁུར་གནང་བ་དང་། རྔུལ་ཆུ་གང་མང་བཏོན་མྱོང་བའི་འགོ་ཁྲིད་རྣམ་པ་དང་ལས་གྲོགས། དྲ་གྲོགས་རྣམ་པར་གུས་འདུད་དང་ཐུགས་རྗེ་ཆེ་ཞུ།
     2016ལོའི་ཟླ8པའི་ཚེས22ཉིན། ང་ཚོས་གསར་གཏོད་ཀྱི་སྙིང་སྟོབས་དང་འཚོལ་ཞིབ་ཀྱི་བློ་སྤོབས་སྙིང་ཁོངས་སུ་རུམ་ནས། འཛམ་བུ་གླིང་དུ་སྐད་གྲགས་ཆེ་བའི་སྨྱན་སྦྱོར་བ་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་དང་ལྷན་དུ་ཡོངས་འཛིན་འཚོལ་བཤེར་ལས་གཞི་འདོན་སྤེལ་གྱི་འབྲས་བུ་དོན་དུ་སྨིན་པའི་དགའ་སྤྲོ་དང་གཟི་ཉམས་ལ་རོལ་མྱོང་བྱས། ཡོངས་འཛིན་མདུན་སྐྱོད་ཀྱི་གོམ་འགྲོས་རེ་རེའི་ཁྲོད་ང་ཚོའི་རྔུལ་ཆུའི་ཕྲེང་རྡོག་རེ་རེ་འཐིམས་ཡོད་ལ། ཉིན་མཚན་དབྱེར་མེད་དུ་བརྩོན་པ་ལྷུར་ལེན་བྱས་པར་བརྟེན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་མཆོག་གྱུར་གྱི་རིམ་པར་ཐོད་བརྒལ་བྱུང་སྟེ། གོ་ལ་ཟླུམ་པོ་ཆ་འཕྲིན་ཅན་དུ་འགྱུར་བཞིན་པའི་དུས་རབས་དང་མཐུན་ཞིང་གསར་གཏོད་ཀྱི་ཉིང་བཅུད་དང་བློ་གྲོས་ཀྱི་དྭངས་མས་ཕྱུག་པའི་ཁྱད་ཆོས་མངོན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་རྟེན་བྱེད་དུ་བྱས་པའི་འཚོལ་བཤེར་མ་ལག་འཐུས་ཚང་ཞིག་གྲུབ། ཡོངས་འཛིན་འཚོལ་བཤེར་གྱི་ལས་མི་སོ་སོའི་རྔུལ་ཆུའི་ཟེགས་མ་རེ་རེ་ཡིས་ཡོངས་འཛིན་རིམ་གྱིས་འཚར་ལོངས་འབྱུང་བཞིན་པའི་གོམ་པ་རེ་རེ་མཚོན་ཐུབ་པར་མ་ཟད། དེ་ལས་མཚར་སྡུག་འོད་སྟོང་འབར་བའི་མ་འོངས་མདུན་ལམ་ཡངས་པོ་ཞིག་ཀྱང་མངོན་ཡོང་། ཡོངས་འཛིན་ཤར་གཏོང་བྱས་པ་ནས་མིག་སྔའི་བར་ཡོངས་འཛིན་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་བརྒྱད་པོ་ཡོངས་སུ་ལེགས་འགྲུབ་བྱུང་ལ། སྲིད་འབྱོར་རིག་གསུམ་དང་། སྒྱུ་རྩལ། ནང་དོན་རིག་པ། གསོ་རིག  སློབ་གསོ། ལོ་རྒྱུས། ཆ་འཕྲིན་ལག་རྩལ་སོགས་རྒྱུ་ཆ་རིགས30ལྷག་འཚོལ་སྡུད་བྱས་ཤིང་། བོད་ཡིག་བསྟན་བཅོས་ཁྲི1ལ་ཉེ་བ་ལེགས་སྒྲིག་བྱས་ཡོད། ཏག་ཏག་ལོ་གཅིག་གི་རིང་ལ། ཡོངས་འཛིན་རིག་མཛོད་དུ་བརྡ་འགྲེལ་ཁྲི2ལྷག་དང་། ཡིག་ཚང་དུ་ཡིག་ཚགས་ཁྲི1ལྷག དྲིས་ལན་དུ་དྲི་བ་ཁྲི2ལྷག་སྤེལ་ཡོད། ཡོངས་འཛིན་འཚོལ་བཤེར་བཀོལ་སྤྱོད་བྱས་ཚད་དུང་ཕྱུར1ལས་བརྒལ་བ་དང་། ཐོ་འགོད་བྱས་པའི་སྤྱོད་མཁན་མི་ཁྲི1ལྷག་ལ་བསླེབས།
 


དྲ་འབུའི་དྲ་ངོས་འཚོལ་བསྡུ་རི་མོ།

     ཡོངས་འཛིན་གྱི་བོད་ཡིག་མིང་མཚམས་དབྱེ་འབྱེད་སྐོར།
     བོད་ཡིག་མིང་གི་རྟགས་མཆན་འགོད་ལུགས་ཀྱི་ཞིབ་འཇུག་ནི་རང་བྱུང་སྐད་བརྡར་རྒྱུས་ལོན་པའི་བྱ་གཞག་གལ་ཆེན་ཞིག་ཡིན་ལ། འདིའི་ཞིབ་འཇུག་གི་གྲུབ་འབྲས་ཀྱིས་འཕྲུལ་ཆས་ལོ་ཙཱ་དང་འཚོལ་བཤེར་མ་ལག  དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སོགས་ཁྱབ་ཁོངས་དུ་མའི་ཞིབ་འཇུག་གི་རྨང་བསྐྲུན་པ་མ་ཟད། བོད་ཡིག་ཆ་འཕྲིན་བསྒྱུར་ལས་རྒྱུན་མཐུད་ཀྱི་ཚིག་དང་ཚིག་དོན། རྗོད་པ་དབྱེ་ཞིབ་ལ་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན།

     ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་ལག་རྩལ་གཙོ་སྙིང་སྟེ། བོད་ཡིག་རང་འགུལ་མིང་དབྱེ་དང་སྐད་བརྡའི་རིག་སྟོབས་བསྒྱུར་ལས་ཞིབ་འཇུག་ཐད་གྲུབ་འབྲས་བཟང་པོ་ཞིག་བླངས་ཡོད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚད་གཞི་ལྟར་གཏན་ལ་ཕབ་པའི《ཆ་འཕྲིན་བསྒྱུར་ལས་ལ་སྤྱོད་པའི་བོད་སྐད་ཀྱི་མིང་གི་རྟགས་མཆན་འགོད་ལུགས》དང《ཆ་འཕྲིན་བསྒྱུར་ལས་ལ་སྤྱོད་པའི་བོད་ཚིག་མིང་མཚམས་འབྱེད་པའི་ཚད་གཞི》གཉིས་གཞིར་བཟུང་ནས། བོད་ཡིག་རང་འགུལ་མིང་དབྱེ་དང་གཞི་རྒྱ་ཆེ་བའི་སྐད་ཆའི་མཛོད་བསྐྲུན་པ་མ་ཟད། འཚོལ་བཤེར་མ་ལག་གི་སྒྲོམ་གཞིའི་གྲུབ་ཚུལ་དང་འདུས་གྲུབ་ཀྱིས། ཡོངས་སུ་མཐུད་ཅིང་མཉམ་པོར་འདྲེས་བར་མངོན་འགྱུར་བྱུང་ནས། ལག་རྩལ་གཙོ་བོའི་དཀའ་གནད་སེལ་ཐུབ་པ་བྱུང་། དུས་མཚུངས་སུ། བོད་ཡིག་ཆ་འཕྲིན་ལག་རྩལ་ལས་གཞིའི་ཁྱབ་ཁོངས་ཀྱི་ལག་རྩལ་སྣ་མང་ཞིག་གི་སྟོང་ཆ་བསྐངས་ཤིང་། བོད་ཡིག་གི་དོན་གཅིག་པའམ་དོན་མཚུངས་མིང་གི་འཚོལ་བཤེར་དང་། བོད་ཡིག་གི་ལ་ཏིང་སྐད་དོད་འཚོལ་བཤེར། བོད་ཡིག་ཚེག་རྡར་ཞིབ་བཤེར་མ་ལག  བོད་ཡིག་གི་ཚིག་དོན་དཔྱད་འཚོལ། བོད་ཡིག་གི་སྒྲིག་ཨང་མི་འདྲ་བ་རང་འགུལ་བརྗེ་སྒྱུར་བྱེད་པའི་བྱེད་ནུས་སོགས་ལྡན་པ་ཡིན།  ད་ལོའི་སྤྱི་ཟླ་གསུམ་པའི་མགོར། ངེད་ཅག་མི་བཞི་ཆེད་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་དུ་སོང་ནས་ཟླ་བ་གསུམ་རིང་ལ་བོད་ཡིག་གི་མིང་མཚམས་འབྱེད་པའི་ལག་རྩལ་སྐོར་ལ་སློབ་སྦྱོང་བྱས་ཤིང་། མིག་སྔར་སྐད་ཆའི་མཛོད་དབྱེ་ཞིབ་དང་ལས་སྣོན་གཏིང་ཟབ་གཏོང་བའི་གཞུང་ལུགས་ལ་ཅུང་བྱང་ཆ་ངེས་ཤིང་། ལག་ལེན་དངོས་ཐོག་སྦྱོང་བརྡར་ཡང་ཡང་བྱས་པས། སྐད་ཆའི་མཛོད་ཚད་ལྡན་ཞིག་ལ་བཤེར་བསྡུར་བྱེད་པའི་རྩལ་ནུས་འཛོམས་ཡོད་པ་ཡིན།

ཡོངས་འཛིན་རིག་མཛོད་ཀྱི་པར་རིས།

        ཡོངས་འཛིན་རིག་མཛོད་ཀྱི་སྐོར།
     ཡོངས་འཛིན་རིག་མཛོད་ནི་རང་བྱུང་ཁམས་དང་རིག་གནས། སློབ་གསོ། ས་ཁམས། ལོ་རྒྱུས། འཚོ་བ། སྤྱི་ཚོགས། སྒྱུ་རྩལ། མི་སྣ། ཚན་རིག  ལུས་རྩལ། ལག་རྩལ་བཅས་སྡེ་ཚན་ཆེན་པོ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། རིག་གནས་ཀྱི་མ་ལག་ཆ་ཚང་ཞིང་གཅིག་སྡུད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་ཡིག་ཆ་འཕྲིན་མ་ལག་ཐོག་མ་ཡིན་ལ། འཛམ་གླིང་ཧྲིལ་བོའི་བོད་ཡིག་བེད་སྤྱོད་པའི་དྲ་དམངས་རྣམས་ཀྱི་འཚོལ་བཤེར་གྱི་དགོས་མཁོ་བསྐང་ནུས་པའི་ཆ་འཕྲིན་འཚོལ་བཤེར་གྱི་སྒོ་མོ་ལྟ་བུ་ཡིན་པ་མ་ཟད། རྒྱ་ཆེའི་བོད་རིགས་མི་དམངས་ལ་འཛམ་གླིང་རང་བཞིན་གྱི་རིག་གནས་དང་མི་རིགས་རིག་གནས་སློབ་སྦྱོང་བྱེད་པར་སྟབས་བདེ་གང་ལེགས་བཟོས་ཡོད་པས། བོད་ཀྱི་རིག་གནས་དང་བོད་ཡིག་གི་ལམ་ནས་འཛམ་གླིང་གི་རིག་གནས་སྣ་མང་ལ་རྒྱུས་ལོན་དང་མཉམ་རོལ་བྱེད་པར་མཐུན་རྐྱེན་གལ་ཆེན་ཞིག་བསྐྲུན་ཡོད་ཅིང་། མི་རིགས་རང་ཉིད་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་པོའི་བོད་ཡིག་བེད་སྤྱོད་པའི་མི་རིགས་མང་པོར་བོད་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་བྱེད་པའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད། མིག་སྔར་རིག་མཛོད་ཀྱི་ནང་དུ་བརྡ་འགྲེལ20135གསར་སྤེལ་བྱས་ཡོད་ཅིང་། མ་འོངས་པར་ཡོངས་འཛིན་རིག་མཛོད་ནི་བོད་ཡིག་བེད་སྤྱོད་པའི་དྲ་དམངས་རྣམས་ཀྱི་འཚོལ་བཤེར་གྱི་དགོས་མཁོ་བསྐང་ནུས་པའི་དཔག་བསམ་ལྗོན་ཤིང་ལྟ་བུ་དང་།འཛམ་གླིང་ས་ཕྱོགས་ཀུན་ནས་བོད་ཡིག་གི་མིང་བརྡ་སོགས་རིག་གནས་སྣ་འཛོམས་འཚོལ་བཤེར་བྱེད་ཐུབ་པའི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་ཏུ་འགྱུར་ངེས་སོ།།
     ཡོངས་འཛིན་ཡིག་ཚང་གི་སྐོར།

     ཡོངས་འཛིན་ཡིག་ཚང་ལེ་ཚན་ནི་ཡོངས་འཛིན་འཚོལ་བཤེར་མ་ལག་གིས་དྲ་གྲོགས་རྣམས་ལ་དྲ་ལམ་ནས་ཡིག་ཚགས་མཉམ་སྤྱོད་བྱེད་རྒྱུའི་ཆེད་སྤེལ་བའི་སྡིངས་ཆ་ཞིག་ཡིན། ཡོངས་འཛིན་ཡིག་ཚང་ལེ་ཚན་གྱི་ཡིག་ཚགས་ནི་ཡོངས་འཛིན་སྤྱོད་མཁན་གྱིས་ཡར་སྤྲོད་བྱེད་དགོས་ཤིང་། ཡོངས་འཛིན་གྱི་དོ་དམ་པའི་ཞིབ་བཤེར་བརྒྱུད་རྗེས་ད་གཟོད་ཁྱབ་བསྒྲགས་བྱེད་ཐུབ། ཡོངས་འཛིན་རང་ངོས་ནས་སྤྱོད་མཁན་གྱིས་ཡར་སྤྲོད་བྱས་པའི་ཡིག་ཚགས་ཀྱི་ནང་དོན་ལ་རྩོམ་སྒྲིག་དང་བཟོ་བཅོས་མི་བྱ། དྲ་གྲོགས་ཚོས་དྲ་ལམ་ནས་ཡིག་ཚགས་འདི་དག་ལ་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། ཡོངས་འཛིན་ཡིག་ཚང་གི་ཡིག་ཚགས་ནི་ལོ་རྒྱུས་དང་སློབ་གསོ། རིག་གནས། pptདང་དཔྱད་རྩོམ་བཅས་ཁག་ཆེན་པོ་ལྔ་རུ་བགོས་པའི་དཔྱད་གཞིའི་ཡིག་རིགས་མང་པོ་ཞིག་གིས་གྲུབ་ཡོད་ཅིང་། དེའི་ཁྲོད་དུ་ཡིག་ཚགས་གཅེས་བསྡུས་ཀྱི་ཨང་གྲངས་ཅན་དང་སློབ་གསོ་ཆ་འཕྲིན་ཅན་ནི་ཁྱད་ཆོས་ལྡན་པའི་ནང་དོན་ཡིན། ཡོངས་འཛིན་སྤྱོད་མཁན་གྱིས་ཡིག་ཚགས་ཡར་སྤྲད་ན་ཆ་བསགས་ངེས་ཅན་ཞིག་ཐོབ་ཐུབ། རིན་གོང་གསལ་འགོད་བྱས་ཡོད་པའི་ཡིག་ཚགས་ཕབ་ལེན་བྱས་ན་ཆ་བསགས་འཛད་ཡོང་། མིག་སྔར་སྡིངས་ཆས་རྒྱབ་སྐྱོར་བྱེད་པའི་ཡིག་ཆའི་ཚད་གཞི་ནིdoc(.docx)、.ppt(.pptx)、.xls(.xlsx)、.pot、.pps、.vsd、.rtf、.wps、.et、.dps、.pdf、.txtབཅས་ཡིན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་2016ལོའི་ཟླ་8པའི་ཚེས22ཉིན་ཤར་གཏོང་བྱས་པ་ནས་ད་བར་དུ་ཡོངས་འཛིན་ཡིག་ཚང་དུ་ཡིག་ཚགས་10282ཡར་སྤྲོད་བྱས་ཟིན་པ་དང་། ཐོ་འགོད་བྱས་པའི་སྤྱོད་མཁན་གྱི་གྲངས་འབོར་ནི་མི་3363ཡོད། ཡིག་ཚགས་ཕབ་ལེན་བྱེད་ཚད་ཐེངས་12828དང་། ཡིག་ཚགས་རྡེབ་ཚད་ཐེངས725261ཡིན། ཡོངས་འཛིན་ཡིག་ཚང་ལེ་ཚན་གྱི་བྱེད་ནུས་གཙོ་བོ་ནི་དྲ་ལམ་ནས་ཡིག་ཚགས་ལྟ་ཀློག་བྱེད་པ་དང་། ཡིག་ཚགས་ཡར་སྤྲོད་དང་ཕབ་ལེན། བསྡུ་ཉར་དང་མཉམ་རོལ་བྱེད་པ་བཅས་ཡིན།


ཡོངས་འཛིན་དྲིས་ལན་གྱི་པར་རིས།

     ཡོངས་འཛིན་དྲིས་ལན་གྱི་སྐོར།

     ཡོངས་འཛིན་དྲིས་ལན་ནི་འཚོལ་བཤེར་རྨང་གཞི་བྱས་ནས་ཕན་ཚུན་འབྲེལ་འདྲིས་རྣམ་པའི་རིག་གནས་དྲིས་ལན་མཉམ་སྤྱོད་བྱེད་པའི་སྟེགས་བུ་ཞིག་ཡིན་ལ། དྲིས་ལན་ལ་སློབ་གསོའི་ཚན་རྩལ་དང་། རིག་གནས་སྒྱུ་རྩལ། ལོ་རྒྱུས་མི་སྣ རྩོམ་རིག་ཡིག་བསྒྱུར། སྲིད་ཇུས་ཁྲིམས་སྲོལ། གསོ་རིགས་བདེ་སྲུང་། དྲ་རྒྱའི་ཆ་འཕྲིན། ཚོང་ལས་དངུལ་དོན། སྤྱི་ཚོགས་དམངས་འཚོ། སྐྱེ་ཁམས་ཐོན་ཁུངས། མཚན་ཉིད་རིག་པ་ཆོས་ལུགས་སོགས་རིམ་པ་དང་པོའི་ལེ་ཚན11དང་རིམ་པ་གཉིས་པའི་ལེ་ཚན68ཡོད།
     སྤྱོད་མཁན་གྱིས་རང་སྟེང་དགོས་མཁོར་ལྟར་ཁ་གཏད་རང་བཞིན་གྱིས་དྲི་བ་འདོན་པ་དང་། སྤྱོད་མཁན་གཞན་དག་གིས་དྲི་བར་ལན་བཏབ་ཆོག་ཅིང་། དྲིས་ལན་འདི་དག་ཀྱང་ཆེས་མཐའ་འཇུག་གི་འཚོལ་བཤེར་མཇུག་འབྲས་བཞིན་འདིའི་སྐོར་གྱི་དྲི་བ་འདོན་མཁན་ཚོར་མཁོ་སྤྲོད་བྱས་ཆོག  འདི་ལྟར་ཕན་ཚུན་འབྲེལ་འདྲིས་རྣམ་པས་ཤེས་བྱའི་དྲིས་ལན་མཉམ་སྤྱོད་བྱེད་པ་ཡིན།
      སྤྱོད་མཁན་གྱིས་དྲི་བ་འདོན་པའམ་དྲིས་ལན་འདེབས་སྐབས་ཐོ་འགོད་དང་ཐོ་ཞུགས་བྱས་རྗེས་ལེ་ཚན་སོ་སོའི་ནང་རང་ཉིད་སྤྲོ་བ་ཡོད་པ་དང་དོགས་གཞི་ཡོད་པའི་དྲི་བར་དྲིས་ལན་སོགས་བཏབ་ཆོག་ལ། ཁ་ཚ་དགོས་གཏུགས་ཀྱི་དྲི་བ་དག་ལ་རི་མོ་སྦྱར་ནས་དྲི་བ་འདོན་པའམ་དྲིས་ལན་བཏབ་ཆོག་པ་མ་ཟད་དྲིས་ལན་སོགས་ལ་དཔྱད་བརྗོད་ཀྱང་སྤེལ་ཆོག  གཙོ་ངོས་སུ་ཐག་བཅད་དྲི་བ་དང་ཐག་གཅོད་དྲི་བ། དྲི་བ་གསར་བ། དང་ལེན་བྱས་ཟིན་པ་དང་དང་ལེན་མ་བྱས་པའི་དྲི་བ་སོགས་བཀར་ནས་དྲ་དམངས་ཀྱིས་བཀོལ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད། དྲི་བ་དང་དྲིས་ལན་མྱུར་འདེབས་བྱེད་མཁན་དག་དྲིས་ལན་སྐར་རྒྱན་དུ་བདམས་པ་མ་ཟད་ཆ་བསགས་ཀྱང་ལེན་ཐུབ།
     ཡོངས་འཛིན་དྲིས་ལན་གྱིས་སྤྱི་ཚོགས་ཀྱི་ཀུན་གླེང་དྲི་བ་དང་གསར་སྣོན་ཤེས་བྱ་སོགས་དྲིས་ལན་ལས་ཁྱབ་བརྡལ་གཏོང་ཞིང་། གཟའ་འཁོར་རེར་ཐེངས་གསུམ་ཡན་གྱི་དྲིས་ལན་ཡར་འཇོག་དང་།  དྲིས་ལན་ཆེད་དོན། དྲིས་ལན་ཚ་དོན་སོགས་དྲ་ངོས་གསར་སྤེལ་བྱེད་ལ། ཉིན་རེར་དྲི་བར་ལན་འདེབས་པ་དང་ཤེས་བྱའི་གཙོ་གནད་ཡར་སྤྲོད་བྱེད་པ། དྲིས་ལན་ཞིབ་བཤེར་སོགས་སྒྲུབ་དགོས་པ་དང་། ཡོངས་འཛིན་ཤར་གཏོང་བྱས་པ་ནས་བཟུང་དྲ་དམངས་ཀྱིས་དྲིས་ལན་ལེ་ཚན་དུ་དྲི་བ་འདོན་པ་དང་དྲིས་ལན་འདེབས་པ། རི་མོ་སྦྱར་ཏེ་དྲིས་ལན་ཡར་སྤྲོད། དྲི་བ་དང་ལེན་སོགས་ཀྱི་གནས་ཚུལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ད་སྔའི་བར་དྲིས་ལན་ཁྲི2ལྷག་ཡར་སྤྲོད་བྱས་ཡོད།
    ཡོངས་འཛིན་གསར་འགྱུར་གྱི་སྐོར།
     ཡོངས་འཛིན་འཚོལ་བཤེར་གྱི་གསར་འགྱུར་ནི་རྒྱལ་ནང་གི་གཞུང་ཕྱོགས་ཀྱི་བོད་ཡིག་དྲ་བ་གཙོ་བྱས་གཞུང་སྒེར་གང་རུང་གི་དྲ་བ་ལས་སྤེལ་བའི་གསར་འགྱུར་དག་དྲ་འབུ་ལ་བརྟེན་ནས་དུས་ཐོག་ཏུ་བསྡུ་ལེན་བྱས་པའི་ལེ་ཚན་ཞིག་ཡིན། གཙོ་ཆེར་བོད་ཁམས་ཡོངས་སུ་ཁ་གཏད་དེ། རྒྱལ་ཁབ་ཕྱི་ནང་གི་སྲིད་དོན་དང་དཔལ་འབྱོར། སློབ་གསོ་སོགས་ལེ་ཚན་ཆེན་པོ13དུ་བགར་ཏེ་དུས་ཐོག་ཏུ་བོད་ཀྱི་དྲ་དམངས་ཡོངས་ལ་ཤེས་སུ་འཇུག་པའི་ལེ་ཚན་ཞིག་ཡིན་པར་མ་ཟད། བོད་ཁམས་ཀྱི་གནས་ཚུལ་དག་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྒྲོག་པའི་ལེ་ཚན་ཞིག་ཀྱང་ཡིན།
     སྤྱི་ལོ2016ལོའི་ཟླ8པའི་ཚེས22ཉིན་ཡོངས་འཛིན་དངོས་སུ་ཤར་གཏོང་བྱས་པ་ནས་ད་ཚུན་གྱི་ལོ་ངོ་གཅིག་གི་རིང་འདིར། ཡོངས་འཛིན་གསར་འགྱུར་དུ་ཡིག་ཐོག་གསར་འགྱུར35847དང་བརྙན་རིས་གསར་འགྱུར7145། པར་རིས་གསར་འགྱུར178934བསྡུ་ལེན་བྱས་པར་མ་ཟད། དུས་རྒྱུན་གྱི་གསར་འགྱུར་གཙོ་གྲས་སུ་ཡིག་ཐོག་གསར་འགྱུར14400དང་བརྙན་རིས་གསར་འགྱུར1440དང་། པར་རིས་གསར་འགྱུར9720བརྒྱུད་བཀོད་བྱས་ཟིན། འདི་ལས་བོད་ཡིག་གསར་འགྱུར་གྱི་ཐར་ཐོར་རྣམ་པ་གཅིག་བསྡུས་བྱས་ཏེ། དྲ་དམངས་ཀྱི་བོད་ཡིག་གི་གསར་འགྱུར་འཚོལ་དཀའ་བའི་གནས་བབ་ཁྱད་དུ་བསད་ཡོད་ལ། གསར་འགྱུར་རེ་རེ་བཞིན་རིགས་དགར་ཏེ་རང་རང་གི་འདོད་མོས་ལྟར་སྟབས་བདེ་དང་མྱུར་མོའི་ངང་ཀློག་འཚོལ་བྱེད་པའི་དགོས་མཁོ་བསྐངས་ཡོད། ལྷག་ཏུ་མང་འཚོལ་གསར་འགྱུར་གྱི་བརྡ་ཚིག་གཙོ་བོ་དག་ཕྱོགས་བསྒྲིགས་བྱས་ཏེ་མང་འཚོལ་མང་བརྡ་ཞེས་པའི་སྟེགས་བུ་ཆུང་ཆུང་ཞིག་བཟོས་སྟེ་དྲ་དམངས་ཡོངས་ཀྱི་མྱུར་ཀློག་གི་རེ་བ་བསྐངས་ཡོད།
     ཡོངས་འཛིན་གསར་འགྱུར་རང་ངོས་ཀྱི་ལག་རྩལ་གོང་སྤེལ་དང་དྲ་དམངས་ཀྱི་བསམ་འཆར་བསྡུ་ལེན། རྒྱལ་ཁབ་ཕྱི་ནང་གི་དྲ་བར་དཔེ་བལྟས་ནས་མ་འོངས་པ་ན་བོད་ཡིག་གི་ལམ་ནས་འཛམ་གླིང་ལ་བལྟ་བའི་སྒོ་མོ་མཆོག་གྱུར་དེར་བརྩོན་བཞིན་ཡོད།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།