logo

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པར་སྐྱེས་སུ་ཕུལ་བ།

རྩོམ་པ་པོ།:ཡོངས་འཛིན་ལེ་ཚན་གྱི་གཙོ་སྒྲིག་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-22 ཀློག་གྲངས།:
     ཡོངས་འཛིན་པར་རིས་ཀྱི་སྐོར།
     ཡོངས་འཛིན་པར་རིས་ནི་བོད་ཡིག་གི་དྲ་ཚིགས200ལྷག་ལས་དྲངས་པའི་འདྲ་པར་སྣ་ཚོགས་དང་སྤྱོད་མཁན་དག་གིས་ཡར་སྤྲོད་བྱས་པའི་འདྲ་པར་ལས་གྲུབ་པའི་འཛམ་གླིང་ན་ཆེས་ཆེ་བའི་བོད་ཡིག་གི་པར་མཛོད་དེ་ཡིན། ཡོངས་འཛིན་ཤར་གཏོང་བྱས་པ་ནས་ལོ་ངོ་གཅིག་གི་རིང་ལ་ཡོངས་འཛིན་པར་རིས་ལ་འཚོལ་བཤེར་བྱས་ཆོག་པའི་པར་གྲངས་ཁྲི179ལྷག་ཡོད། ད་དུང་མུ་མཐུད་དུ་ཁ་སྣོན་རྒྱག་གིན་ཡོད།

    ཡོངས་འཛིན་པར་རིས་ལ་གསར་འགྱུར་དང་། ཡུལ་ལྗོངས། སྒྱུ་རྩལ། སྐར་ཆེན། སྲོག་ཆགས། ལུས་རྩལ་བཅས་ལེ་ཚན6ཡོད་ལ། ཡོངས་འཛིན་གསར་འགྱུར་པར་རིས་ནི་བོད་ཡིག་གི་གསར་འགྱུར་དྲ་ངོས་ལས་བླངས་པའི་གསར་འགྱུར་པར་རིས་ཏེ། གསར་འགྱུར་རང་བཞིན་དང་དུས་ཐོག་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན། ཡོངས་འཛིན་ཡུལ་ལྗོངས་པར་རིས་ལ་བོད་ཁམས་ཀྱི་དགོན་པ། གནས་འགངས་ཆེན། རི་ཆུ་ནགས་གསུམ་གྱི་འདྲ་པར་སྣ་མང་འཛོམས་པ་དང་། ཡོངས་འཛིན་སྒྱུ་རྩལ་པར་རིས་ལ་ཡིག་གཟུགས། ཐང་ག འཁྲབ་སྟོན་སོགས་འདུས། ཡོངས་འཛིན་སྐར་ཆེན་པར་རིས་ལ་ད་བར་སྐད་གྲགས་ཆེ་བའི་བོད་ཀྱི་གླུ་བ་གླུ་མའི་པར་རིས་འདུས་ཤིང་། ཡོངས་འཛིན་སྲོག་ཆགས་པར་རིས་ལ་རྨ་བྱ་དང་། གཉན། གཙོད། ངང་བ་སོགས་མདོ་དབུས་མཐོ་སྒང་གི་སྲོག་ཆགས་རྩ་ཆེན་མང་པོས་གྲུབ་ཡོད། ཡོངས་འཛིན་ལུས་རྩལ་པར་རིས་ནི་ལུས་རྩལ་སྐོར་གྱི་པར་རིས་གསར་ཤོས་ཚ་ཤོས་དག་འདུས་ཡོད།


ཡོངས་འཛིན་བརྙན་རིས་ཀྱི་པར་རིས།

     ཡོངས་འཛིན་བརྙན་རིས་ཀྱི་སྐོར།

     ཡོངས་འཛིན་བརྙན་རིས་ནི་གསར་འགྱུར་དང་གཏམ་གླེང་། གློག་བརྙན། རིག་རྩལ། བརྙན་འཕྲིན་ཟློས་གར། སྣ་ཚོགས་བཅས་ལེ་ཚན་ཆེན་པོ6གིས་གྲུབ་པར་མ་ཟད། གསར་འགྱུར་ལེ་ཚན་གྱི་ནང་དུ་ཨམ་སྐད་དང་དབུས་སྐད། ཁམས་སྐད་བཅས་ཡོད་ལ། གཏམ་གླེང་ལེ་ཚན་གྱི་ནང་དུ་དཔེ་ཁྲིད་དང་བགྲོ་གླེང་། བཀའ་སློབ། བཅར་འདྲི་བཅས་དང་། གློག་བརྙན་ལེ་ཚན་གྱི་ནང་དུ་གློག་བརྙན་དང་བརྙན་ཐུང་། འགུལ་རིས། དངོས་བྲིས་བཅས་ཡོད་ལ། རིག་རྩལ་ལེ་ཚན་གྱི་ནང་དུ་གར་ཆུང་དང་སྤྲོ་ཚོགས། གླུ་གར་བཅས་ཡོད། བརྙན་འཕྲིན་ཟློས་གར་ལེ་ཚན་གྱི་ནང་དུ་ཨམ་སྐད་དང་དབུས་སྐད། ཁམས་སྐད་གསུམ་ཡོད་པ་དང་། སྣ་ཚོགས་ལེ་ཚན་གྱི་ནང་དུ་བོད་སྐད་ཀྱི་བརྙན་ཐུང་སྣ་ཁ་འཛོམས་པོ་དག་འདུས་ཡོད།

     ཡོངས་འཛིན་འཚོལ་བཤེར་དངོས་སུ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་དུ་ཡོངས་འཛིན་བརྙན་རིས་སུ་དྲ་འབུ་གཙོས་པའི་རྒྱ་ཆེ་བའི་བོད་རིགས་དྲ་དམངས་ཡོངས་དང་ཡོངས་འཛིན་གྱི་ལས་སྒྲུབ་པ་དག་གིས་ཡར་སྤྲོད་བྱས་པའི་བརྙན་རིས་ཀྱི་ཁ་གྲངས་ནི་ཁྱོན་བསྡོམས87066ལྷག་ཡོད། ཡོངས་འཛིན་བརྙན་རིས་ནི་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་ལྟར་རིགས་བཀར་ཡོད་ཅིང་། འདིར་ཡོད་པའི་བརྙན་རིས་ཚང་མ་ནི་བོད་ཡིག་བོད་སྐད་རྐྱང་རྐྱང་གིས་གྲུབ་པས། ཡོངས་འཛིན་བརྙན་རིས་ཀྱི་སྡིངས་ཆ་འདིར་བརྒྱུད་ནས། བོད་སྐད་ཀྱི་གསར་འགྱུར་དང་འཆད་ཁྲིད། གླུ་གར། གློག་བརྙན་འཕྲིན་བཅས་གང་རུང་ལ་བལྟས་ཆོག་པར་མ་ཟད། ད་དུང་སྤྱི་ཚོགས་སྦྲེལ་མཐུད་མཉེན་ཆས་སྐད་འཕྲིན་དང་གླེང་མོལ་སོགས་སུ་མཉམ་སྤྱོད་དང་བརྒྱུད་བསྐུར་གནང་ཆོག

     འདི་ནི་དྲ་ཐོག་འཚོལ་བཤེར་གྱི་བྱེད་ནུས་ལྡན་པའི་བོད་སྐད་བརྙན་རིས་ཀུན་འདུས་ཀྱི་ལྡིངས་ཆ་ཞིག་གམ་བརྙན་རིས་རིགས་དགར་འཚོལ་བཤེར་དང་འབྲེལ་ཡོད་བརྙན་རིས་མཐུད་སྦྲེལ་སོགས་ཀྱི་བྱེད་ནུས་ཕུན་སུམ་ཚོགས་པ་ལྡན་པའི་བརྙན་མཛོད་ཆེན་མོ་ཞིག་ཡིན།

     ཡོངས་འཛིན་གླུ་དབྱངས་ཀྱི་སྐོར།
     ཡོངས་འཛིན་གླུ་དབྱངས་ནི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ཡིག་གི་གླུ་དབྱངས་དང་སྒྲ་མཛོད། དམངས་གླུ། རྡུང་ལེན་བཅས་ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་གླུ་དབྱངས་ཀྱི་དྲ་ཚིགས་ཆེན་མོ་ཞིག་ཡིན་ལ། འདིས་དྲ་དམངས་ཡོངས་ལ་དྲ་ཐོག་ཏུ་གླུ་གཞས་ཉན་པ་དང་བསྡུ་ཉར། དེ་མིན་ཕབ་ལེན་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་མ་ཟད། གླུ་བ་གླུ་མ་དག་ལ་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་ངོམ་པའི་སྟེགས་བུ་ཞིག་ཏུའང་བསྐྲུན།

     ཡོངས་འཛིན་གླུ་དབྱངས་ལ་ཆེད་བསྒྲིགས་གསར་བ་དང་། གླུ་དབྱངས་གསར་བ། གླུ་གཞས་མིང་གྲགས། དེ་མིན་ལེགས་འདེམས་གླུ་བ་གླུ་བ་སོགས་ལེ་ཚན་བགར་ལ། སྤྱོད་མཁན་གྱིས་གླུ་གཞས་གསར་བ་དང་མིང་གྲགས་གླུ་བ་གླུ་མའི་ཆ་འཕྲིན་རྒྱུས་ལོན་བྱེད་པར་སྟབས་བདེ་ཞིང་། འདི་ནི་སྤྱོད་མཁན་གྱིས་ཆེས་སྟབས་བདེའི་ངང་གླུ་གཞས་ལ་ཉན་པའི་སྟེགས་བུ་ཞིག་ཡིན།

     འདི་ནས་སྤུས་ཀ་ལེགས་པའི་གླུ་གཞས་རྒྱུ་ཆ་དང་། སྒྲ་མཛོད་ལས་དཔེ་ཁྲིད་དང་གྱེར་འདོན། གེ་སར་སྒྲུང་སོགས་རྒྱ་ཆེའི་སྤྱོད་མཁན་རྣམས་ལ་མཁོ་སྤྲོད་བྱེད་པ་ཡིན་ལ། མིག་སྔར་ཡོངས་འཛིན་གླུ་དབྱངས་སུ་གླུ་དབྱངས5936དང་གཞས་མཁན623ཡོད་པས་རང་ཉིད་ལ་མཁོ་བའི་གླུ་དབྱངས་དང་གླུ་བ་གླུ་མ་སོགས་གང་མཁོ་ཡོད་ཚད་འདོན་སྤྲོད་བྱེད་ངེས། འདིར་མི་རིགས་ཤིག་གི་དམངས་ཁྲོད་རིག་གནས་ལ་རོལ་མྱོང་བྱེད་ཐུབ་ལ་སྙན་འཇེབས་ངག་གི་བདུད་རྩིའང་འདི་ན་འཁྱིལ་ཡོད
    ཡོངས་འཛིན་དྲ་ལམ་གླེང་ཕྱོགས་ཞིབ་དཔྱད་མ་ལག་གི་སྐོར།

     ཡོངས་འཛིན་དྲ་ལམ་གླེང་ཕྱོགས་ཞིབ་དཔྱད་མ་ལག་ནི་མཚོ་ལྷོ་ཁུལ་བོད་སྐད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ནས་གསར་བཟོ་གནང་བའི་ཡོངས་འཛིན་འཚོལ་བཤེར་དྲ་བའི་ཕྱོགས་སོ་སོར་ལྟ་རྟོག་དང་སྐབས་བབ་ཀྱི་དྲ་ལམ་གླེང་བརྗོད་ལ་ཚན་རིག་སྒོས་འཚོལ་བསྡུ་དང་དབྱེ་ཞིབ་བྱ་ནུས་པའི་སྣ་འཛོམས་རང་བཞིན་གྱི་མཉེན་ཆས་ཞིག་ཡིན།  གཙོ་ཆེར་གཤམ་གསལ་གྱི་ཆ་འདུས།
དང་པོ།  ཆེད་དོན་དབྱེ་ཞིབ། 
     ཆེད་དོན་དབྱེ་ཞིབ་ནི་ཡོངས་འཛིན་འཚོལ་བཤེར་གྱི་གླེང་ཕྱོགས་ཆ་འཕྲིན་ལ་ལྟ་ཞིབ་དོ་དམ་དང་རྒྱུས་ལོན་དབྱེ་ཞིབ་ཀྱི་ནུས་པ་ལྡན་པའི་དཔེ་དུམ་ཞིག་ལས་ཏེ། གཙོ་ཆེར་ངེས་གཏན་དྲ་རྒྱའི་གནད་ཚིག་ག་གེ་མོའི་ནང་དོན་འཚོལ་བཤེར་དང་གཅིག་སྒྲིལ་བྱེད་ཅིང་། དེའི་ཁྲོད་བོད་ཡིག་མིང་མཚམས་དབྱེ་འབྱེད་མ་ལག་བེད་སྤྱོད་བྱེད་པ་དང་། དེར་ཕྱོགས་ཡོངས་ནས་བཤེར་ཕབ་དང་གྲལ་སྒྲིག་སྟེ་འཆར་ལ། ནང་དོན་ཐད་གླེང་ཕྱོགས་ཚ་ཤོས་དང་གླེང་ཕྱོགས་གསར་ཤོས་སོགས་རྒྱུས་ལོན་དང་ངེས་དགོས་པའི་ཞིབ་ཕྲའི་གླེང་ཕྱོགས་ནང་དོན་འདུས།
གཉིས་པ།  གཞི་གྲངས་དབྱེ་ཞིབ།
     ཡོངས་འཛིན་འཚོལ་བཤེར་མ་ལག་ཁྲོད་ཀྱི་ཞིབ་ཕྲའི་ལྟ་ཞིབ་དོ་དམ་ཆ་འཕྲིན་དང་། དུས་ཚོད་འཁོར་མདའི་སྒྲིག་རིམ་ལྟར། ཡོངས་འཛིན་འཚོལ་བཤེར་ཁྲོད་ཀྱི་ངོས་པང་ཆེན་པོར་བསྡོམས་རྩིས་དང་དབྱེ་ཞིབ་བྱེད་ཅིང་། དེར་སྤྱོད་མཁན་གྱི་ཟླ་རེའི་འཕར་ཚད་དང་ཟླ་རེའི་ཀློག་གྲངས། དེ་མིན་དཔེ་དུམ་ཡོངས་ཀྱི་ནང་དོན་གྱི་ཟླ་རེའི་འཕར་ཚད་སོགས་གཞི་གྲངས་བསྡོམས་རྩིས་འདུས་པ་དང་། ནུས་ལྡན་གྱིས་ང་ཚོའི་བྱ་བའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་ལྡན་པ་ཡིན།
གསུམ་པ། སྙན་ཞུ།
     སྙན་ཞུ་ནི་རེའུ་མིག་ཡོངས་ལ་སྙན་ཞུ་བྱེད་པ་ཡིན་ཞིང་། ཡོངས་འཛིན་འཁོར་སྐྱོད་བྱས་པ་ནས་བཟུང་གཞུ་གྲངས་ཡོངས་ཀྱི་བསྡོམས་རྩིས་དང་དབྱེ་ཞིབ། ཞིབ་ཕྲའི་དཔེ་དུམ་གྱི་ལྟ་ཞིབ་དོ་དམ་གནས་ཚུལ། ཀློག་གྲངས། འཚོལ་བཤེར་མིང་བརྡ་ཚ་ཤོས། སྤྱོད་མཁན་གྱི་འཕར་གྲངས་སོགས་རབས་དང་རིམ་པའི་ནང་དོན་འདུས། དེ་མིན་སྤྱོད་མཁན་ལ་ལར་ཆེད་དུ་གླེང་ཕྱོགས་དབྱེ་ཞིབ་བྱེད་ཆོག་སྟེ། སྤྱོད་མཁན་གྱི་འཚོལ་བཤེར་དང་ལྟ་ཀློག་ཟིན་ཐོར་ཁ་གཏད་དེ་སྤྱོད་མཁན་འདིའི་བྱ་སྤྱོད་དང་དགོས་མཁོར་དབྱེ་ཞིབ་བྱས་ཏེ། རྗེས་ཕྱོགས་ཀྱི་འཐུས་ཚང་བྱ་བའི་ཁྲོད་སྤྱོད་མཁན་འོས་སྦྱོར་སོགས་དངོས་སྤྱོད་རང་བཞིན་གྱི་སྤྱོད་ནུས་བཟོས་ཆོག
བཞི། དཔེ་དུམ་རེ་རེའི་གླེང་ཕྱོགས།
     ཡོངས་འཛིན་འཚོལ་བཤེར་གྱི་དཔེ་དུམ་བརྒྱད་ལ་གཞིག་སྟེ། སོ་སོར་ཁ་གཏད་ཀྱི་གླེང་ཕྱོགས་དབྱེ་ཞིབ་དང་། ཞིབ་ཕྲའི་སྒོ་ནས་དཔེ་དུམ་སོ་སོའི་སྤྱོད་མཁན་གྱི་དགོས་མཁོ་རྒྱུས་ལོན་བྱེད་པ་དང་། ང་ཚོས་དེའི་ཁྲོད་ཀྱི་དཔེ་དུམ་འཐུས་ཚང་དང་གསར་སྤེལ་བྱེད་པར་སྔར་ལས་སྟབས་བདེ་བཟོ་བ་དང་། སྤྱོད་མཁན་ལ་ངོས་སོ་སོའི་དགོས་མཁོ་བསྐངས་ཏེ། སྤྱོད་མཁན་གྱིས་སེམས་གཏིང་ནས་ཡོངས་འཛིན་འཚོལ་བཤེར་གྱི་སྟབས་བདེ་ཆེན་པོ་མྱོང་ཐུབ་པར་བྱེད་པ།

     ཡོངས་འཛིན་གྱི་དངོས་སྤྱོད་རང་བཞིན་དང་ཡང་དག་རང་བཞིན། ཁྱད་འཕགས་རང་བཞིན་བཅས་ཁྱད་ཆོས་གསུམ་གྱིས་ཡོངས་འཛིན་གླེང་ཕྱོགས་དེ་ཡོངས་འཛིན་འཚོལ་བཤེར་ཁྲོད་ཀྱི་གལ་ཆེའི་རང་བཞིན་ངོམ་ཐུབ་ཅིང་། གླེང་ཕྱོགས་དབྱེ་ཞིབ་མ་ལག་གིས་དེའི་དགོས་མཁོར་ཡང་དག་པའི་རྒྱུས་ལོན་བྱེད་པར་བརྒྱུད། མ་ལག་གསར་རྗེས་དང་འཐུས་ཚང་སྒོས་སྤྱོད་མཁན་ལ་དེའི་བེད་སྤྱོད་རང་བཞིན་མྱོང་ཐུབ་པར་བྱེད། གླེང་ཕྱོགས་མ་ལག་ནི་སྣ་གཅིག་གིས་ནང་དོན་ཡོངས་ལ་བསྡོམས་རྩིས་ཁོ་ནར་མ་ཡིན་པར། ང་ཚོར་གཞི་གྲངས་དབྱེ་ཞིབ་དང་ལག་གི་ཐོན་ཁུངས་ཕན་ནུས་སྒོས་བེད་སྤྱོད་བྱེད་ལ། སྔར་ལས་ལེགས་པའི་སྒོ་ནས་ཡོངས་འཛིན་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན།

མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་རྟེན་གཞིའི(ཡོངས་འཛིན་གྲངས་མཛོད་ལྟེ་གནས)པར་རིས།

     ཡོངས་འཛིན་འཚོལ་བཤེར་འཁོར་སྐྱོད་བྱས་ནས་ལོ་འཁོར་གཅིག་གི་ནང་། བྱ་བའི་ཕྱོགས་སོ་སོར་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད་དེ། 2017ལོའི་ཟླ5པར། ཡོངས་འཛིན་གྱིས་སྤྱི་ཚོགས་སྟེང་ཡོངས་འཛིན་འཚོལ་བཤེར་སྤྱོད་ཚུལ་སྐོར་ནས་བརྟག་དཔྱད་གནང་ལ། བརྟག་དཔྱད་དྲི་ཤོག་ལས་གསལ་བ་ལྟར་ན་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་འཚོ་བ་དང་སློབ་སྦྱོང་། ལས་ཀའི་ཁྲོད་ཡོངས་འཛིན་བཀོལ་སྤྱོད་དང་དེར་བརྟེན་པའི་ཚད་རིམ་གྱིས་འཕར་བ་དང་། སློབ་ཆེན་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཡོངས་འཛིན་གྱི་འཕེལ་རྒྱས་ལ་དོ་སྣང་དང་གདེང་འཇོག་ཚད་མཐོན་པོ་གནང་།
     2017ལོའི་ཟླ6པའི་ཚེས8ཉིན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་དེ་དཔྱད་ཞིབ་ཆེད་མཁས་ཚན་ཆུང་གིས《ལས་གཞིའི་ཞིབ་བཤེར་ཚད་ལེན་སྙན་ཞུ》དང《ལས་གཞིའི་རྩིས་བཤེར་སྙན་ཞུ》སོགས་འབྲེལ་ཡོད་རྒྱུ་ཆར་དཔྱད་སྡུར་རབ་དང་རིམ་པ་བྱས་མཐར་ཞིབ་བཤེར་ཚད་ལེན་གྱི་ཆོག་མཆན་གནང་བ་རེད།
     2017ལོའི་ཟླ7པའི་ཚེས24ཉིན། ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྤེལ་རྟེན་གཞི་སྟེ་ཡོངས་འཛིན་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་བདེ་བླག་ངང་བསྡུས། རྟེན་གཞི་དེར་བསྡོམས་པའི་མ་དངུལ་སྒོར་ཕྱེ་བ7.782བཏང་ལ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ16917ཡོད་ཅིང་། འཆར་གཞི་ལྟར་ན་སང་ལོའི་ལོ་མཇུག་ལ་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་རྒྱུ་ཡིན་པར་མ་ཟད། དངོས་སུ་བཀོལ་སྤྱོད་གཏོང་རྒྱུ་རེད།
     ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྤེལ་རྟེན་གཞི་ནི་ཀྲུང་གོའི་བོད་ཡིག་ཆ་འཕྲིན་ལག་རྩལ་གསོ་སྤེལ་རྟེན་གཞི་ཐོག་མ་ཡིན་པ་དང་། རྟེན་གཞི་འདིར་བརྟེན་ནས་ཡོངས་འཛིན་འཚོལ་བཤེར་གྱི་གཞི་གྲངས་མང་པོའི་སྟེགས་བུ་བེད་སྤྱོད་གང་ལེགས་སྒོས། རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་གཞི་གྲངས་མངའ་བའི་ལས་ཁུངས་དང་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། སྔོན་ཐོན་གྱི་གཞི་གྲངས་ཞབས་ཞུའི་སྟེགས་བུ་བསྐྲུན་པ་དང་། གཞི་གྲངས་སྦྲེལ་མཐུད་དང་ཕན་ཚུན་འབྲེལ་འདྲིས། སྒྲིག་གཅོད། ཕྱིར་གཏོང་སོགས་ཀྱི་ཐད་ནས་ནུས་པ་གལ་ཆེན་འདོན་ངེས། ཡོངས་འཛིན་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་འཛུགས་སྐྲུན་དེ་འཛམ་གླིང་གོ་ལ་ཧྲིལ་བོ་གཞི་གྲངས་ཅན་དུ་བསྒྱུར་བ་དང་གཞི་གྲངས་ཆེན་མོའི་དུས་རབས་ལ་སྙེག་པའི་གནད་འགག་གི་སྐབས་ཤིག་ཏུ་ཁེལ་འདུག་པས། མཚོ་སྔོན་ཞིང་ཆེན་ཙམ་མ་ཟད། རྒྱལ་ཁབ་ཡོངས་ཀྱི་ཆ་ནས་བཤད་ན་དུས་བབ་དང་མཐུན་ཞིང་ཚན་རིག་རང་བཞིན་གྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། དེས་མཚོ་ལྷོ་ཁུལ་གྱི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ལ་མཐུན་རྐྱེན་ཆེན་པོ་ཞིག་སྦྱོར་ངེས།
     ཡོངས་འཛིན་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པའི་དུས་འདི་ནས་འགོ་བཟུང་སྟེ། ང་ཚོས་སྔར་བཞིན་བརྟུན་པ་དང་། འཚོལ་སྙེག ཁུར་སེམས། འགན་འཁྲི་བཅས་ཐུན་མོང་གི་དགོངས་པ་རྒྱུན་འཁྱོངས་བྱེད་པའི་ཁར། སྤྱི་བྱིངས་ལ་ཞབས་ཞུ་བསྒྲུབ་པ་དང་སྤྱི་ཚོགས་ཀྱི་མཁོ་འདོད་ཚིམས་པར་བྱེད་པ་ཚངས་ཐིག་ཏུ་བྱེད་པ། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་རིག་གནས་གོང་དུ་སྤེལ་བ་དང་རྒྱལ་ཡོངས་ཀྱི་ཆ་འཕྲིན་ཅན་གྱི་ལས་དོན་གོང་དུ་སྤེལ་བ་དེ་ཁ་ཕྱོགས་སུ་འཛིན་པ། དེ་མིན་བརྟན་བརླིང་དང་ཡར་བརྩོན་གྱི་རྣམ་པ་བཟུང་ནས། འཛམ་གླིང་གོ་ལ་ཧྲིལ་བོའི་རྩོལ་བྱུང་རིག་སྟོབས་ཀྱི་གཞི་གྲངས་ཆེན་མོའི་ཆུ་ཀླུང་ཁྲོད་མུ་མཐུད་དུ་བརྩོན་པ་ལྷུར་ལེན་དང་ཡར་རྒྱས་གོང་སྤེལ་གྱི་ཤོག་ལྷེ་གསར་བ་ཞིག་འབྲི་བཞེངས་བྱ་ངེས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།