གནའ་རབས་བོད་ཀྱི་པྲ་ཕབ་རིག་གནས་དང་འབྲེལ་ནས་པྲ་སྒྲུང་སྐོར་ལ་དཔྱད་པ།
རྩོམ་པ་པོ།:གཅོད་པ་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-22
ཀློག་གྲངས།:
གནའ་རབས་བོད་ཀྱི་པྲ་ཕབ་རིག་གནས་དང་འབྲེལ་ནས་པྲ་སྒྲུང་སྐོར་ལ་དཔྱད་པ།
གཅོད་པ་དོན་གྲུབ།
དེ་ཡང་པྲ་ཕབ་རིག་གནས་འདི་ལ་བཤད་ཚུལ་མི་འདྲ་བ་གསུམ་མཆིས་ཏེ། ཁ་ཅིག་གིས་གནའ་རབས་བོད་ཀྱི་གདོད་མའི་སྤྱི་ཚོགས་ནས་དར་ཡོང་བར་བཤད་པ་དང་། དེའི་རྒྱུ་མཚན་ཡང་སྔོན་ལ་མིས་བཟོས་ཆོས་ལུགས་མ་བྱུང་བའི་དུས་སུ་གདོད་མའི་ཆོས་ལུགས་དར་ཆེ་་ཞིང་། སྐབས་དེར་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ཉི་ཟླ་སྐར་གསུམ་དང་རི་དྭགས་གཅན་གཟན་བླ་གནས་སོགས། དེ་མིན་འཇའ་འོད་ཁ་དོག་བཅས་པར་དད་པ་དང་མཆོད་བཀུར་བགྱིད་པའི་དུས་ནས་དར་ཡོང་བའི་རྒྱབ་བརྟེན་གྱི་ལུང་དྲངས། ཁ་ཅིག་གིས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་རྣམས་རང་ཉིད་ཀྱི་བློ་གྲོས་རྩལ་གྱིས་དཔྱད་མ་ནུས་པའི་སྐབས་སུ། ལྷ་དང་ཡི་དམ་ལ་འཕྲིན་བཅོལ་ཏེ་ལེགས་ཉེས་བླང་དོར་བརྟག་པའི་ཐབས་སྣ་ཚོགས་ཤིག་བྱེད་པའི་གནའ་བོའི་ཤེས་རིག་ཡིན་ཞིང་། དེ་ཡང་བསྐལ་བ་ཡ་ཐོག་གི་དུས་ནས་བཟུང་མི་རྣམས་འཚོ་བའི་ཁྲོད་དཀའ་སྡུག་དང་། འཇིགས་སྐྲག་སྣ་ཚོགས་ལ་འཕྲད་ཅིང་། དེ་དག་སེལ་བ་དང་མ་འོངས་པར་དེ་རིགས་བཟློག་ནས་འཚོ་ཕྱིར་བློ་ཕུགས་ལྷ་ལ་བཅོལ་ཏེ་བྱ་བ་བསྒྲུབ་པའི་སྲོལ་བྱུང་ནས་དར་བར་མངོན་ཞེས་བརྗོད། ཁ་ཅིག་གིས་བོད་པའི་གནའ་ཆོས་ཏེ་བོན་པོའི་ཆོས་ལུགས་ལས་དར་ཡོང་བའི་མོ་རྩིས་ཀྱི་རིགས་ཤིག་ཡིན་པར་དཔྱད་གཏམ་བརྗོད། གོང་གསལ་གྱི་ལྟ་བ་དང་པོ་དང་གཉིས་པའི་ལྟ་བ་གཙོ་བོ་དོན་གཅིག་ལ་འབབ་པ་འདྲ་ན་ཡང་མི་རྣམས་ཀྱིས་ལས་བཅོལ་བྱ་བའི་ཡུལ་ལམ་གཞི་སོ་སོ་ཡིན་པ་གསལ་བོ་རྟོགས་ཐུབ། གང་ལྟར་ཡང《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། པྲ་ཞེས་པ་ནི་མེ་ལོང་སོགས་ཀྱི་ནང་དུ་འཆར་བའི་སྣང་ཚུལ་ལ་བལྟས་ནས་བཟང་ངན་བརྟག་པའི་ཆོ་ག་ཞིག་ཡིན་པར་མཚན་ཉིད་བཞག པྲ་མཁན་ནི་མེ་ལོང་དང་མཐེ་བོང་སོགས་ལ་བརྟེན་ནས་མོ་འདེབས་མཁན་ལ་ཟེར་ཞེས་བཀོད་འདུག 《དག་ཡིག་གསར་བསྒྲིགས》ལས། སྤྱིར་པྲ་ཞེས་པའི་དོན་ནི་དབྱིབས་དང་རྣམ་པའི་མིང་སྟེ། ཁང་བ་པྲ་ལེགས་པ་ཞེས་པ་ལྟ་བུར་ཟེར། ཆོས་ལུགས་ཀྱི་འགྲེལ་བ་ལྟར་ན། པྲ་མཁན་ཀྱིས་མེ་ལོང་དང་སྒྲོན་མེའི་འོད་ལ་བལྟས་ནས་མོ་འདེབས་པའི་ཆོ་ག་ཞིག་གི་མིང་ཡིན་ཞེས་མཚན་ཉིན་བཞག མཁས་དབང་ནམ་མཁའ་ནོར་བུ་ལགས་ཀྱིས་མོ་ནི་ལེགས་ཉེས་ཤན་འབྱེད་བྱེད་ཀྱི་བརྟག་པའི་རིགས་གང་ཅིའང་རུང་བ་ཞིག་ལ་ཟེར་ཞིང་། གཞན་དུ་མོ་པྲ་ཞེས་པ་གཅིག་གྱུར་གྱི་མིང་ལྟ་བུ་ཞིག་ཏུ་སྣང་མོད། དངོས་དོན་དུ་མོ་དང་པྲ་ཞེས་པ་ལྐོག་གྱུར་གསལ་བར་སྟོན་བྱེད་ཀྱི་ཆ་རྐྱེན་མི་འདྲ་བ་གཉིས་ཀྱི་མཚན་དུ་གོ པྲ་ཞེས་པ་ནི་ལེགས་ཉེས་མཚོན་པའི་རྟགས་ཅི་དང་ཅི་ཞིག་ཤར་བ་དེ་ལ་ཟེར་བ་ཡིན་ཞེས་གསུངས་འདུག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི《ཆོས་སྲིད་ཟུང་འབྲེལ་སྐོར་བརྗོད་པ》བྱ་བའི་ནང་། ལྷག་པར་དུ་སློབ་དཔོན་པདྨས་ཕ་མ་གཉིས་འཛོམས་ཀྱི་བུ་དང་བུ་མོ་ཁག་གཅིག་ལ་པྲ་འབེབས་པ་ཟེར་བ་མི་ལ་ལྷ་འདྲེ་ཁོག་ཞུགས་བྱས་པའི་ལུགས་སྲོལ་ཐོག་མར་བཙུགས་ཤིང་དེང་སང་ལྷ་ཕེབས་ཟེར་བ་དེའི་སྐབས་ཐོག་མར་བྱུང་བ་རེད་ཅེས་གསུངས་འདུག
འདིར་ཁོ་བོས་མཁས་པ་རྣམས་ཀྱི་གསུང་དང་འབྲེལ་ནས་པྲ་ཕབ་དང་པྲ་མོ་འདེབས་པའི་གོ་དོན་ཅུང་རྒྱས་པར་སྤྲོས་ན། དེར་ཡང་ཐོག་མ་སྔགས་པའི་པྲ་སྒྲུབ་ཀྱི་ཆོ་གའི་ཤེས་བྱ་དང་རྟོགས་པ་ངེས་ཅན་ལྡན་པའི་པྲ་མཁན་ཞིག་དགོས་ལ། དེའི་འཕྲོར་ལྷ་དང་ལྷ་མོར་མཆོད་པ་མཆོད་བཤམས་ལེགས་པོ་ཚང་དགོས་པ། དེ་ནས་པྲ་རྟེན་སོགས་ཀྱི་ལས་སྦྱོར་རྣམ་དག་སྒྲུབ་པ་དང་གང་འཚམ་གྱིས་སྔགས་གང་མང་བཟླས་རྗེས། མེ་ལོང་དང་མཐེ་བོང་བཅས་སུ་བལྟས་ཚེ་ལེགས་ཉེས་ཅི་ཡང་འཆར་ཐུབ་པ་དེ་ལ་བཤད་པ་ཡིན།
འདིར་པྲ་སྒྲུང་ཕབ་པའི་གོ་དོན་གཙོ་བོ་ཡང་ཅུང་རྒྱས་པར་བརྗོད་ན།སྤྱིར་པྲ་སྒྲུང་ཞེས་པའི་ཐ་སྙད་འདི་དར་བའི་ལོ་རྒྱུས་ཅང་མ་འགོར་བར་སྙམ། དེའི་རྒྱུ་མཚན་ཡང་གནའ་སྔ་མོའི་ཡིག་རྙིང་དང་དེབ་ཐེར་ལས་མཐོང་རྒྱུ་མེད་པ་དང་གེ་སར་རྒྱལ་པོ་ཡང་འཁྲུངས་ནས་བགྲང་བྱ་སྟོང་ཕྲག་གཅིག་ལས་འདས་མེད་པའི་རྐྱེན་ནོ།། ད་ལྟ་དར་ཅུང་ཆེ་བའི་པྲ་སྒྲུང་ཞེས་པའི་གོ་དོན་ཡང་ཕལ་ཆེར་གོང་དུ་འཆད་པའི་པྲ་ཕབ་དང་མཚུངས་ཀྱང་ད་དུང་མི་མཚུངས་པ་སྟེ། སྒྲུང་མཁན་གྱིས་པྲ་སྒྲུང་མ་ཕབ་བའི་གོང་ལ་རང་གི་མཆོད་པའི་ལྷ་དང་ལྷ་མོ། གཞི་བདག་བཅས་པར་གསོལ་མཆོད་གང་ལེགས་བགྱིས་རྗེས།སྤྱན་འདྲེན་གྱི་སྔགས་བཟླས་པ་དང་། དེ་ནས་བཞག་པའི་པྲ་རྟེན་དང་རྫས་བཅས་པ་ལས་སྦྱོར་གང་འཚམ་བྱས་མཐར་མེ་ལོང་དང་མཐེ་བོང་། ཡང་ན་འོད་ལྡན་གྱི་ཤོག་དཀར་སྟོང་བའི་ཐོག་ཏུ་བལྟས་ནས་སྒྲུང་བཤད་པ་ལ་ཟེར། པྲ་སྒྲུང་པ་ལའང་རིགས་གཉིས་ཏེ། འགའ་ཞིག་གིས་མེ་ལོང་སོགས་ལ་བལྟས་ནས་སྒྲུང་ངག་ལས་བཤད་པ་དང་། ལ་ལས་མེ་ལོང་སོགས་ལ་བལྟས་ནས་ལག་པས་འབྲི་གནང་མཛད་བཞིན་འདུག ད་དུང་སྒྲུང་ཁག་བརྒྱ་ཉིས་བརྒྱ་བཤད་ཤེས། ལར་ད་ལྟ་མདོ་དབུས་ཁམས་གསུམ་དུ་བབས་སྒྲུང་སྒྲུང་པ་དང་ཐོས་སྒྲུང་། གཏེར་སྒྲུང་། བརྒྱུད་སྒྲུང་བཅས་པ་མཐོང་རྒྱུ་ཅུང་མང་ནའང་པྲ་སྒྲུང་ཕབ་པའི་སྒྲུང་པ་ཤིན་ཏུ་ཉུང་། ད་དུང་ཁོང་རྣམ་པའི་ལོ་རྒྱུས་དང་བྱུང་འཕེལ་སོགས་ལ་ཞིབ་འཇུག་བགྱིད་མཁན་གྱི་མཁས་པ་ཡང་དེ་བས་ཉུང་། དེའི་རྒྱུ་མཚན་ཡང་གསང་བ་ལྐོག་གྱུར་ཀྱི་ཆོས་ལུགས་རིག་གནས་ཀྱི་གྲས་ཡིན་པས་དཔྱད་པ་གཏོང་དཀའ་བ་དང་དཔྱད་གཞིའི་རྒྱུ་ཆ་ཡང་ཧ་ཅང་དཀོན་པ།འདི་ཕྱོགས་ཀྱི་པྲ་མཁན་དང་སྒྲུང་པ་ཡང་མཐོང་དཀོན་པོ་བཅས་ཀྱི་རྐྱེན་མ་ཡིན་ནམ། ལོ་འགའི་རིང་ལ་ཁོ་བོས་ད་ལྟ་མདོ་དབུས་ཁམས་གསུམ་དུ་འཚོ་བཞེས་གནང་བའི་པྲ་མཁན་མཁས་ཅན་ཡོད་དོ་ཅོག་རྒྱུས་ལོན་གསལ་བོ་བྱེད་པའི་གོ་སྐབས་མ་ལྡན་མོད། ཡིན་ནའང་ད་ལྟ་བོད་ཁམས་ན་གྲགས་པ་ཆེ་བའི་པྲ་སྒྲུང་སྒྲུང་པར་གཏོགས་པའི་སྒྲུང་མཁན་བཞིའི་ལོ་རྒྱུས་རགས་ཙམ་རྒྱུས་ལོན་བྱུང་འདུག ད་དུང་ཁོང་བཞིའི་འདྲ་པར་ཡང་ལག་ཏུ་སོན་ཡོད། ཁོང་བཞི་པོ་ལས་གཅིག་སྟེ། བོད་ལྗོངས་ཆབ་མདོ་རི་བོ་ཆེ་རྫོང་གི་པྲ་སྒྲུང་པ་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོ་ཡིན། ཁོང་ནི་མེ་ལོང་ལ་བལྟས་ནས་སྒྲུང་བཤད་པ་དང་འབྲི་བ་གཉིས་ཐུབ། ད་དུང་པྲ་མོ་ཡང་འདེབས་ཤེས་པའི་མི་སྙན་གྲགས་ཅན་ཞིག་ཀྱང་ཡིན། ཁོས་གླིང་སྒྲུང་གསར་པ11བྲིས་ཚར་བ་དང་དེ་དག་ལས་སྒྲུང་དཔེ་གཅིག་བོད་ལྗོངས་ཀྱི་ཡེ་ཤེས་དབང་མོ་ལགས་ཀྱིས་དག་སྒྲིག་གནང་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དུ་པར་བསྐྲུན་བྱས། ད་དུང་རྒྱལ་ཁབ་རིམ་པ་དང་ཞིང་ལྗོངས་རིམ་པའི་བྱ་དགའ་ཡང་ཐོབ་མྱོང་།
གཅིག་སྟེ། མཚོ་སྔོན་ཡུལ་ཤུལ་ཁུལ་གྱི་པྲ་སྒྲུང་སྒྲུང་པ་བསྟན་པ་རྒྱལ་མཚན་ཡིན། སྤྱི་ལོ2009ལོར་ཁོ་བོ་དངོས་སུ་ཡུལ་ཤུལ་ཁུལ་སྐྱེ་རྒུ་མདོ་ནས་ཁོ་དང་མཇལ་ཞིང་ཉིན་ཕྱེད་ཙམ་ལ་ཁོའི་རྒྱུ་མཚན་དག་གསལ་བོར་བཅར་འདྲི་བྱས་མྱོང་། ད་དུང་ཁོའི་ལོ་རྒྱུས་ཀྱང་ཡིག་ཐོག་ཏུ་བཀོད་ཟིན། ཁོ་རང་ལ་མཚོན་ན་ལག་ཏུ་ཤོག་སྟོང་དཀར་པོ་ཞིག་བཟུང་ནས་སྒྲུང་བཤད་པའི་སྲོལ་ཆགས་འདུག ཁོས་གླིང་སྒྲུང་མི་འདྲ་བ300ལྷག་བཤད་ཤེས་ཟེར་ཞིང་། དེ་དག་ལས་བརྒྱ་ལྷག་ཙམ་གྱི་སྒྲུང་ཡིག་གི་ཁ་བྱང་ང་ལ་སྤྲད། ད་ལྟ་ཁོ་རང་ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་གདན་འདྲེན་ཞུས་ནས་སྒྲུང་སྒྲ་ཕབ་པ་དང་། དག་སྒྲིག་བྱེད་བཞིན་མཆིས།
གཅིག་སྟེ། བོད་ལྗོངས་ཆབ་མདོ་མཇོ་མདའ་རྫོང་གི་སྒྲུང་པ་གྲགས་པ་སེང་གེ་ཡིན། ཁོས་ཀྱང་ཤོག་སྟོང་དཀར་པོ་ཞིག་གི་ཐོག་ཏུ་བལྟས་ནས་སྒྲུང་བཤད་པའི་སྲོལ་ཆགས་ཡོད། ཁོས་གླིང་སྒྲུང་མང་པོ་བཤད་ཤེས་ཤིང་། བཤད་པའང་ཆུ་བོའི་རྒྱུན་བཞིན་ཐོགས་པ་མེད་ལ་མི་འཇོན་ཐང་ལྡན་པ་ཞིག་ཡིན་པར་སྐད།
གཅིག་སྟེ། མགོ་ལོག་གཅིག་སྒྲིལ་གྱི་པྲ་སྒྲུང་པ་ཚེ་སྒྲུབ་ལགས་ཡིན། ཁོང་དང་ངེད་གཉིས་ཆ་རྒྱུས་ཅུང་ཞིབ་མོ་མཆིས། ཁོང་གི་ཁྱད་ཆོས་གཙོ་བོ་ནི་མེ་ལོང་ལ་བལྟས་ནས་སྒྲུང་བཤད་པ་དང་གེ་སར་སྐབས་ཀྱི་མི་རྟ་མཚོན་གསུམ་གྱི་རི་མོ་ཕབ་ནུས་པ་དེ་ཡིན། ད་ལྟ་ཁོང་གིས་གླིང་སྒྲུང《རྟ་རྒྱུག་རྒྱལ་འཇོག》ནང་གི་མི་རྟ་མཚོན་གསུམ་གྱི་གཟུགས་རིས་གཙོ་བོ་རྣམས་ཐང་ཀའི་རྣམ་པར་བྲིས་ཚར་བ་མ་ཟད་རྒྱལ་ས་པེ་ཅིན་ནས་འགྲེམས་སྟོན་བགྱིས་མྱོང་ཞིང་། གེ་སར་ཆེད་མཁས་པ་དང་ལྟད་མོ་པ་ཚོས་གདེང་འཇོག་ཚད་མཐོན་པོ་གནང་། འདིར་ཡང་གླེང་དགོས་པ་ཞིག་སྟེ་མགོ་ལོག་གི་པྲ་སྒྲུང་པ་རྡོ་རྗེ་བཟང་བོ་ལགས་ཡིན། ཁོང་ལ་མཚན་སྙན་གྲགས་དེ་འདྲ་ཆེན་པོ་མེད་ཀྱང་པྲ་ཕབ་ཀྱི་རྒྱུད་ཡོད་ལ་པྲ་སྒྲུང་ཡང་ཕབ་དང་ཕབ་བཞིན་མཆིས། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། གང་ལྟར་ཡང་པྲ་སྒྲུང་སྒྲུང་བའི་ཁྱད་ཆོས་དང་འགྲོ་རིམ་སོགས་ལ་བརྟག་ན་པྲ་སྒྲུང་ཞེས་པ་འདི་པྲ་ཕབ་རིག་གནས་ཀྱི་ནང་གསེས་ཤིག་ཡིན་ལ་ཡང་ན་པྲ་སྒྲུང་གི་རིགས་འདི་གནའ་རབས་བོད་ཀྱི་པྲ་ཕབ་ལས་བྱུང་བ་རེད་ཟེར་ན་ཡང་མི་ཆོག་རྒྱུ་ག་ལ་ཡོད། དེའི་རྒྱུ་མཚན་ཡང་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལས་གསལ་བོ་རྟོགས་ཐུབ་བོ།། ད་དུང་པྲ་སྒྲུང་གི་བརྒྱུད་རིམ་མང་པོ་པྲ་མོའི་འགྲོ་རིམ་དང་གཉིས་སུ་མ་མཆིས། འཇུ་མི་ཕམ་གྱི《སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མའི་པྲ་སྒྲུབ་བཞུགས》ཞེས་པ་ལས། ཆོས་ཀུན་རང་བྱུང་ཡེ་ཤེས་ཆེན་པོའི་ངང་། །མཐའ་བྲལ་སྟོང་བ་རིག་པའི་རྩལ་སྣང་ལས།།སྣོད་བཅུད་རྣམ་དག་འོད་ལྔ་འཁྱིལ་བའི་ཀློང་། །ཀུན་གསལ་བདེ་ཆེན་འབར་བའི་གཞལ་ཡས་ན། །རྩ་གསུམ་རྒྱལ་བའི་འཕྲིན་ལས་ཕོ་ཉ་བ།།སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ནི། །དཀར་གསལ་ཤེལ་འདྲ་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་སྒྲོན་མེ་སྣང་གསལ་མེ་ལོང་འཛིན།།དར་དཀར་གོས་དང་འཇའ་སྤྲིན་མེ་ཏོག་བརྒྱན། །དགྱེས་ཡུམ་རྣམ་ལྔ་མདའ་དར་མེ་ལོང་འཛིན། །འཁོར་དུ་སྣང་སྲིད་གསལ་བའི་ཝེར་མ་འབུམ།།རྡོ་རྗེའི་བྲོ་གར་བརྡའ་གླུ་སྣ་ཚོགས་བསྒྱུར། །དྲན་པས་སྣང་གསལ་པྲ་ཡི་མཆོག་སྩོལ་བ། །ཞེས་ཅུང་མང་པོ་གསུངས་པ་ལས།པྲ་ཕབ་པ་དང་པྲ་སྒྲུང་ཕབ་པའི་སྐབས་སུ་སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ལགས་སྤྱན་འདྲེན་ཞུ་བའི་པྲ་སྒྲུང་ཀྱི་ཆོ་གར་འདོན་པའི་གསོལ་ཚིག་ཡིན།
འདིར་བརྟག་ན་པྲ་ཕབ་དང་པྲ་སྒྲུང་གཉིས་ལས་སྒྲུབ་བྱེད་པའི་སྐབས་སུ་བཀོལ་སྤྱོད་ཆོག་ལ། པྲ་ཕབ་ཀྱི་གསོལ་ཚིག་དང་སྒྲུང་ཕབ་ཀྱི་གསོལ་ཚིག་འདི་གཉིས་དབྱེར་མེད་དུ་གནས་པ་གསལ་བོར་རྟོགས་ཐུབ། ཡིན་ནའང་པྲ་སྒྲུང་ལ་རང་གི་ཐུན་མིན་གྱི་ཁྱད་ཆོས་དག་མཆིས་པ་ཡང་ཁས་མ་བླངས་ན་མི་ཆོག འདི་གཉིས་ཀྱི་འབྲེལ་བ་ནི་མ་བུའི་འབྲེལ་བ་ཡིན་པར་སྙམ། པྲ་ཕབ་བམ་པྲ་མོ་མ་ཡུམ་ཡིན་ལ་པྲ་སྒྲུང་བུ་སྒྲུང་ཡིན། མ་མེད་ན་བུ་མེད་ལ། བུ་ཡོད་ན་བུར་ཡང་རང་ཚུགས་ཅི་ཡང་མེད་པར་མ་དང་ཇི་མ་ཇི་བཞིན་རེད་ཟེར་ནའང་དོན་ལ་གནས་པ་ཞིག་མིན་ནོ།། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》དེབ་དང་པོ་ལས་བཀོད་པ་ལྟར་ན། སྤྱིར་མོ་ཞེས་པ་ནི་ལེགས་ཉེས་ཤན་འབྱེད་བྱེད་ཀྱི་བརྟག་པའི་རིག་པ་ཞིག་དང་། པྲ་ནི་ལེགས་ཉེས་མཚོན་པའི་རྟགས་ཅི་རིགས་ཤིག་ཤར་བར་གོ་དགོས་ལ། དེ་ཡང་མོ་པྲའི་སྐོར་གྱི་རིག་པ་འདི་ཤིན་ཏུ་གཏིང་ཟབ་ལ་རྒྱ་ཆེ་ཞིང་རྣམ་གྲངས་མང་སྟེ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》དུ། པྲ་ལྟས་མོ་ཞེས་པ་འདི་ལ་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། ཡེ་མཁྱེན་སྒྲ་བླའི་མངོན་ཤེས།ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷའི་བཀའ་བབས་ཏེ། མོའི་གཙོ་བོ་རྣམ་པ་བཞི་ཡོད་ཅེས་བྱུང་བ་ལྟར་ཇུ་ཐིག་དང་། སྒྲ་བླའི་མངོན་ཤེས། རྨི་ལམ། ལྷའི་བཀའ་བབས་བཅས་ཤིན་ཏུ་རྒྱས་པར་བསྟན། ཇུ་ཐིག་ལའང《ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ》ལས། ད་ལྟར་སྲིད་པའི་བླ་མདུད་ལ། །ཞིབ་ཚགས་བྱས་ན་དྲུག་བརྒྱ་ཡོད།།སངས་ཁྲི་ཕྲག་འབུམ་ཞེས་སོགས་བཤད། །བབ་སྐྱེན་པ་བསྡུས་པས་སུམ་བརྒྱ་དྲུག་ཅུ་ཡོད། །བརྒྱག་གིས་བསྒྱུར་བ་མི་འདྲ་ཁྲི་ཙམ་ཡོད།།བརྒྱག་གཙོ་བོ་བདུན་བརྒྱ་ཉི་ཤུར་འདུས། །ཞེས་གསུངས་པ་ལྟར་ཤིན་ཏུ་མང་ལ། མདུད་པའི་གཙོ་བོ། དེང་དེང་དང་། ཁྱུང་བརྒྱད། སྐྱམ་ཞེས་པ་ལྟ་བུ་དྭངས་མའི་མདུད་པ་དང་། མཛངས་མའི་མདུད་པ། སྙིགས་མའི་མདུད་པ་སོགས་རིགས་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ཡོད་པར་གསུངས་སོ། ། རྨི་ལམ་གྱི་སྐོར་ནི་ཕྱྭ་གཤེན་པའི་ལུགས་སུ། ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་སུ་གྲགས་ཏེ། དེ་ནི་ཟླ་བའི་ཉ་གང་བ་དང་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དུས་བཟང་ལ་བརྟེན་ནས་རྨི་ལམ་ལ་བརྟག་པ་དང་།ཁྱད་པར་ཅན་གྱི་གནས་ལ་བརྟེན་ནས་རྨི་ལམ་བརྟག་པ། ཕུ་ཝེར་སོགས་ཕྱྭའི་ལྷ་བསྟེན་ཅིང་དེ་དག་གི་ཐུགས་རྗེ་ལ་བརྟེན་ནས་རྨི་ལམ་བརྟག་པ་སོགས་ཀྱིས་མཚོན་མང་པོ་ཡོད་ལ། རྨི་ལམ་གསལ་བོར་འབྱུང་བ་དང་རྨི་ལམ་རང་ཐོག་ཏུ་ངོ་ཤེས་ཐུབ་པ། རྨི་ལམ་དབང་བསྒྱུར་བ་སོགས་ཀྱི་ཐབས་ཚུལ་མི་འདྲ་བ་ཅི་རིགས་ཤིག་བྱུང་ཡོད་ཅིང་། དེ་རིགས་ནི་གནའ་དུས་སུ་མི་རྣམས་ཀྱིས་ལྐོག་གྱུར་གྱི་ཆོས་རྣམས་གསལ་བོར་བརྟག་ཅིང་སྟོན་པའི་ཤེས་རིག་ཅིག་རེད།ཡེ་དབང་ལྷའི་བཀའ་བབས་ཞེས་པ་ནི། ཕུ་ཝེར་སོགས་ཕྱྭ་ལྷ་ཞིག་གམ། ཡང་ན་ཤིན་ཏུ་བཀའ་གཉན་པའི་ལྷ་ཞང་ཞུང་མགོན་པོ་རྣམ་གསུམ་དུ་གྲགས་པ་སྟེ། ཨ་ཏི་མུ་ཝེར། ཀུ་བྱི་མང་ཀེ གེ་ཁོད་རྣམས་ཀྱིས་གཙོས་པའི་ལྷ་གང་ཡང་རུང་བ་ཞིག་མར་བབས་ནས་ལེགས་ཉེས་ཀྱི་ལུང་བསྟན་པ་ཞིག་ཡིན་ཞིང་། དེའི་སྲོལ་མ་ཉམས་པ་ནི་ཡོངས་གྲགས་སུ་གནས་ཆུང་ཆོས་སྐྱོང་གིས་མཚོན་པའི་ཆོས་སྐྱོང་མང་བོ་ཞིག་མིར་བབས་ནས་བླང་དོར་གྱི་གནས་བསྟན་པ་དེ་རིགས་ལགས་སོ།།
བྱེ་བྲག་ཏུ་ཡེ་མཁྱེན་སྒྲ་བླའི་མངོན་ཤེས་སུ་གྲགས་པའི་ཁོངས་སུ་སྒྲ་བླ་ཝེར་མའི་ཚོགས་སམ་ལྷ་དང་སྲུང་མའི་ཚོགས་ལ་གསོལ་འདེབས་བདེན་བདར་གྱི་སྒོ་ནས། མེ་ལོང་ལ་བརྟེན་པའི་པྲ་མོ། རྡེའུ་ཞེ་གཉིས་ལ་བརྟེན་པའི་འཕྲུལ་མོ། མཚོན་བྱེད་ཀྱི་བརྡ་རིས་སྣ་ཚོགས་ལ་བརྟེན་པའི་བརྡ་མོ། ལུག་གི་སོག་རུས་ལ་བརྟེན་པའི་སོག་མོ། ཤྭོ་ལ་བརྟེན་པའི་ཤྭོ་མོ། ཕྲེང་བ་ལ་བརྟེན་པའི་ཕྲེང་མོ། ཤིང་བྱང་ལྔ་ལ་བརྟེན་པའི་ཆོ་ལོ་རྣམས་ཀྱིས་མཚོན་པའི་མོའི་རིགས་མི་འདྲ་བ་དུ་མ་ཞིག་བྱུང་མྱོང་ལ། ད་ལྟའང་བོད་ཀྱི་ཡུལ་གྲུ་འདིར་དར་ཁྱབ་ཆེ་བར་ཡོད་པ་འདི་དག་སྔ་མ་རྒྱུན་འཛིན་དང་དེ་དར་སྤེལ་གྱི་འབྲས་བུ་ལགས། གོང་གསལ་དེ་དག་གི་མོ་ཚིག་དང་། ལྷ་དང་ཡིད་དམ་ལ་གསོལ་བ་འདེབས་ཚུལ། བདེན་པ་བདར་ཚུལ། བརྟག་ཚུལ་སོགས་མང་དྲག་པས་འདིར་མ་བཀོད་དོ།།ཞེས་བརྗོད་ཡོད། མཁས་པའི་དགའ་སྟོན་དུ། སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་གཡང་འགུགས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་མཚོན་ཅན་གྱིས་ཡས་དང་མདོས་གཏོར་འགལ་རྐྱེན་སེལ། ཆ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད།དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིན་གྱི་རྩིས་བྱེད།ཅེས་པ་བཞིན་དེ་དག་བཞི་བོ་ནི་གཡང་སྒྲུབ་པ་དང་མདོས་རྒྱག་པ། གླུད་གཏོང་བ། མོ་འདེབས་པ།པྲ་ཕབ་པ། གསོན་པོ་དང་གཤིན་པོའི་རྩིས་རྒྱག་པ་སོགས་ཡིན་པ་གསལ་པོར་མཐོང་བས། ང་ཚོས་དང་པོར་མེས་པོ་རྣམས་ཀྱིས་རི་དྭགས་རྔོན་པ་དང་མི་ལ་ན་བ་བྱུང་བའམ།ཡང་ན་དོན་སྙིང་ལྡན་པའི་ལས་ཀ་འདྲ་བྱེད་དུས་རང་གི་བསམ་དོན་བཞིན་འགྲུབ་པའི་ཆེད་དང་ཐུན་མོང་གི་བསམ་པ་གཅིག་ཏུ་བསྒྲིལ་བའི་ཆེད་དུ། རྒྱུན་པར་གོང་ནས་བཤད་པའི་ལྷ་དེ་དག་ལ་མཆོད་བསྟོད་བྱས་ནས་ཐུགས་དགྱེས་པར་བྱས་ཏེ་རང་ཉིད་ཀྱི་རྒྱབ་རྟེན་དང་སྡོང་གྲོགས་བྱེད་པར་འཇུག་བསམ་བཞིན་མཆིས། གོང་གསལ་མོ་པྲ་སོགས་ཀྱི་ཤེས་རིག་དེ་ནི་གནའ་དུས་ནས་དར་བའི་བོད་ཀྱི་ཤེས་རིག་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཏུ་འཁུམས་ཤིང་། དེ་རིགས་ཀྱིས་གནའ་བོའི་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་དང་། བློ་ཕུགས་ཀྱི་གཏད་ས། ལེགས་ཉེས་བླང་དོར་གྱི་དབྱེ་བ།འཇིག་རྟེན་གྱི་ལྟ་ཚུལ། བློ་གྲོས་ཀྱི་རྩལ་སོགས་དངོས་ཤུགས་གང་རུང་དུ་མཚོན་ཡོད་ལ།ཤེས་རིག་དེ་རྣམས་ནི་དུས་དེ་དང་འབྲེལ་ནས་བྱུང་བའི་རྩོམ་རིག་སྟེ། ལྷ་སྒྲུང་དང་། གཏམ་རྒྱུད། གསོལ་བསྟོད་སོགས་ཀྱི་སྲོག་ཤིང་དུ་གྱུར་ཡོད་པ་མ་ཟད། དེས་ཕྱིས་ཀྱི་རྩོམ་རིག་ཤེས་བྱ་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་བག་ཆགས་ཤིན་ཏུ་ཟབ་མོ་བཞག་ཡོད་པ་ཤེས་པར་བྱའོ། །
གནའི་མོ་དང་པྲ་མོས་མཚོན་དོན་གཙོ་བོ་སྟེ། མི་རྣམས་ཀྱིས་ཞིང་ཕྱུགས་ལས་ཀའི་ཐད་དུ་ཕྱུགས་ཟོག་གི་འཕེལ་ཁ་བཟང་མིན་དང་དེ་བོར་བརླག་ཏུ་སོང་ན་རྙེད་མིན། རི་དྭགས་རྔོན་དུ་སོང་ན་སོད་མིན། རྐུན་པོ་ཡོང་མིན། མི་ལ་ན་བ་འབྱུང་མིན་དང་བྱུང་ན་སོས་མིན། གཉེན་བྱས་ན་འགྲིག་མིན་དང་ཁྱིམ་ལ་མགོན་པོ་འོང་མིན། བྱིས་པ་སྐྱེ་མིན། འཕྲིན་སོགས་འབྱོར་མིན་བཅས་རྒྱུན་སྤྱོད་འཚོ་བའི་ནང་དོན་ཡོངས་སུ་འདུས་ཡོད་པར་མ་ཟད། རླུང་དང་ཁ་བ། ཆར་དྲགས་འགུལ་སོགས་ཡོད་མེད་བཅས་གནམ་གཤིས་དང་ས་གཤིས་ཐད་ཀྱི་ཤེས་བྱའང་འདུས་པའི་ཆུང་ས་ནས་མི་ལ་ན་བ་འབྱུང་མིན་དང་ཆེ་ས་གནམ་གཤིས་འགྱུར་ལྡོག་ཡོང་མིན་བཅས་སྐབས་དེའི་འཚོ་བ་ཡོངས་ཀྱི་ཕྱོགས་གང་ལའང་མཛུབ་སྟོན་དང་བྱ་སྤྱོད་ཀྱི་བཀོད་འདོམས་ཚང་མ་མོ་ཡིས་བྱེད་དེ། ཕོ་གསར་རི་དྭགས་རྔོན་པ་དང་མོ་གསར་བག་མར་འགྲོ་བ། གཉེན་དང་སྟོན་མོ་བྱེད་པ་དང་། ཆོས་ཚོགས་དུས་ཆེན་རོལ་བ། ཐག་རིང་ལམ་དུ་ཆས་པ་དང་དམིགས་བྱའི་དོན་ཆེན་འགྲུབ་མིན་སོགས་བྱེད་སྒོ་ཡོད་ཚད་ཀྱི་སྔ་རྗེས་ལ་ཚོད་དཔག་དང་དུས་ཚོད་གཏན་ཕབ་བྱེད་པའི་ཆེས་མཐོ་བའི་དབང་ཆ་ཡོད་པས་དེའི་སྐབས་སུ་བོད་ཀྱི་སྤྱི་ཚོགས་ནང་མོ་པྲ་ཡི་གོ་གནས་དང་དར་ཁྱབ་ཆེ་ཆུང་གསལ་བོར་མཚོན་ཐུབ་ལ། ད་རུང་མོ་ཚིག་ནང་དུ་དགྲ་འབྱུང་མིན་དང་ཕར་དགྲ་བྱ་རྒོལ་བ་དང་ཚུར་དགྲ་བྱ་བཏབ་ན་བཟང་ངན།རྒྱལ་པོའི་བཀའ་འབྱུང་མིན་དང་། བློང་པོ་ཞང་བློན་སོགས་ཕེབས་མིན། རྗེ་བླ་ལ་ཞུས་ན་གནང་མིན་བཅས་མང་པོ་ཡོད་པར་བརྟགས་ན། གོང་ནས་རྒྱལ་པོའི་བཀའ་གནང་བ་བློན་པོས་ཡུལ་ཕྱོགས་སོ་སོར་བསྒྲགས་པའི་རྗེས་སུ་ཚང་མས་བཀའ་བཞིན་སྒྲུབ་པ་སྟེ། དགྲ་འདུལ་གྱི་དམག་དཔུང་ཕར་འདྲེན་པ་དང་ཚུར་རྒོལ་གྱི་དགྲ་བོའི་གདོང་ལེན་པ། རྒྱལ་པོའི་བཀའ་ཁྲིམས་ལག་བསྟར་འདེབས་པ་སོགས་ཆབ་སྲིད་ལའང་འབྲེལ་བ་ཟབ་མོ་ཡོད་པ་རྔོ་ཐོགས་པ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།
-
གནའ་རབས་བོད་ཀྱི་པྲ་ཕབ་རིག་གནས་དང་འབྲེལ་ནས་པྲ་སྒྲུང...