logo

གནའ་རབས་བོད་ཀྱི་པྲ་ཕབ་རིག་གནས་དང་འབྲེལ་ནས་པྲ་སྒྲུང་སྐོར་ལ་དཔྱད་པ།

རྩོམ་པ་པོ།:གཅོད་པ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-22 ཀློག་གྲངས།:
གཉིས་པ། པྲ་སྒྲུང་སྒྲུང་བའི་ཐུན་མིན་གྱི་ཁྱད་ཆོས།
     པྲ་སྒྲུང་སྒྲུང་པར་གཏོགས་པའི་སྒྲུང་པ་སུ་ཡིན་ཡང་ཐམས་ཅད་ཀྱིས་མེ་ལོང་ངམ་མཐེ་བོང་། ཤོག་སྟོང་དཀར་བོ་བཅས་སུ་བལྟས་ནས་གླིང་སྒྲུང་བཤད་པ་དང་འབྲི་བའི་ཁྱད་ཆོས་ལྡན་ཞིང་། འབྲི་བཤད་ཐུབ་པའི་སྒྲུང་གྲངས་ཀྱང་མང་བ་ཡིན། པྲ་སྒྲུང་སྒྲུང་པ་ཞིག་ཡིན་ཕྱིན་ངེས་པར་དུ་ཡི་གེ་ཅུང་བྱང་ཆུབ་པ་ཞིག་ཤེས་པ་མ་ཟད། རིག་གནས་ཆེ་ཆུང་བཅུ་ཡི་ཆུ་ཚད་ཀྱང་མཐོ་བ་དང་། ད་དུང་ལྷ་དང་ལྷ་མོ་སྒྲུབ་པའི་སྔགས་ཀྱང་བྱང་ཆུབ་པ་ཀློག་ཤེས་ལ། སྒྲུབ་སྔགས་ཀྱི་མཐུ་ནུས་ཀྱང་རང་ལ་མངའ་བ། ཆོ་ག་དང་ལས་སྦྱོར་སོགས་ཀྱང་སྒྲུབ་ཤེས་པའི་ཁྱད་ཆོས་ཡོད། པྲ་སྒྲུང་སྒྲུང་པས་བཤད་པའི་སྒྲུང་དང་བྲིས་པའི་སྒྲུང་གང་ཡིན་རུང་གཞན་གྱི་སྒྲུང་པ་དང་བསྡུར་ན་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་འདུག དེ་ཡང་བཀོལ་པའི་ཡུལ་སྐད་དང་ཁ་སྐད་ཉུང་ལ་ཡིག་སྐད་དང་བརྡ་རྙིང་མང་པོའི་ཁྱད་ཆོས་ལྡན། ད་དུང་སྒྲུང་གི་ཚིག་ཕྲེང་ནང་དུ་ཆོས་ཚིག་དང་ཚིག་རྒྱན་བཀོལ་པ་མང་པོ་མཆིས་པ་མ་ཟད་ཚིགས་བཅད་རྗེས་སུ་གཏེར་ཚེག་ཀྱང་བཀོལ་ཡོད། པྲ་སྒྲུང་སྒྲུང་པས་བཤད་པའི་སྒྲུང་དཔེ་ཐམས་ཅད་རང་གི་བློར་ཤེས་པ་མིན་ཏེ། དེ་ཡང་ལྷ་དང་ལྷ་མོ་རྣམས་ཀྱིས་རོགས་ཁྲིད་ལ་བརྟེན་ནས་མེ་ལོང་དང་མཐེ་བོང་། ཤོག་དཀར་ཐོག་ཤར་བ་ཡིན་པར་སྐད། གལ་སྲིད་་པྲ་ཆས་དེ་དག་ལས་མ་ཤར་ན་ཅི་ཡང་བཤད་མི་ཤེས་ཟེར། སྒྲུང་པས་སྒྲུང་དཔེ་གང་བཤད་འདོད་ན་དེ་ཕབ་པའི་གསོལ་འདེབས་བགྱིས་ན་དེ་ཤར་ཐུབ་པར་བཤད་ཅིང་།གཞན་མི་ཕལ་བས་པྲ་ཆས་དེ་དག་ལ་ཅི་ལྟར་བལྟས་ཀྱང་ཅི་ཡང་མཐོང་ཐབས་མེད་དོ།།
     པྲ་སྒྲུང་ཕབ་པའི་སྒྲུང་པ་དང་པྲ་མཁན་རྣམས་ཀྱི་གྲུབ་མཐའ་ནི་སྤྱིར་བཏང་དུ་སྔ་འགྱུར་རྙིང་མ་ཡིན་ཞིང་། པྲ་ཕབ་དང་སྒྲུང་ཕབ་པའི་སྒྲུབ་སྔགས་ལས་སྦྱོར་ཐམས་ཅད་རྙིང་མའི་ལུགས་ལྟར་ཡིན། ད་དུང་གྲུབ་མཐའ་གཞན་དེ་བཀའ་བརྒྱུད་པ་དང་ས་སྐྱ་བ། དགེ་ལུགས་པ་ལ་སོགས་ཀྱིས་པྲ་ཕབ་པ་དང་པྲ་སྒྲུང་ཕབ་པ་བཅས་པར་གོམས་སྲོལ་དང་ཆོ་ག་སྒྲུབ་ལུགས་གསལ་བོ་རྟོགས་མ་ཐུབ་ཀྱང་གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་ཁྱབ་རྒྱ་དང་དར་རྒྱ་ཆུང་བ་སུས་ཀྱང་ཤེས་གསལ་ལྟར་རོ།།
གསུམ་པ། པྲ་མོ་དང་པྲ་སྒྲུང་ཕབ་པའི་ཐབས་ལམ།
     བོད་གནའ་རབས་ཀྱི་པྲ་མཁན་དང་པྲ་སྒྲུང་གི་སྒྲུང་པ་གང་ཡིན་ཡང་ཚང་མས་པྲ་མོ་ཕབ་པ་དང་པྲ་སྒྲུང་ཕབ་པའི་གསང་བ་ལྐོག་གྱུར་གྱི་བརྒྱུད་རིམ་དང་ཐབས་ལམ་རྣམས་གསལ་བོར་མ་ཤེས་ན་ཞིབ་འཇུག་ལེགས་པོ་ཞིག་བྱེད་ཐབས་མེད་པ་བསྙོན་དུ་མེད། དེས་ན་སྐབས་བབས་ཀྱི་པྲ་ཕབ་དང་པྲ་སྒྲུང་གི་སྒྲུབ་ཐབས་ཀྱི་ཐད་དུ་རྒྱུས་ལོན་རགས་ཙམ་བྱེད་ན་གཤམ་གྱི་རྨང་གཞིའི་ཤེས་བྱ་དང་ཐབས་ལམ་འདི་དག་ཡིད་ལ་ངེས་དགོས། པྲ་ཕབ་ཀྱི་ཐོག་མའི་ཆོ་ག པྲ་ཕབ་ཀྱི་ཐོག་མའི་ཆོ་གའི་སྐོར་ལ་གནའ་བའི་གསུང་རབ་གང་མང་ལས་ཅུང་ཞིབ་མོར་གླེང་ཡོད་ཀྱང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ་ལས། རྡོ་རྗེ་གཡུ་སྒྲོན་མའི《པྲ་སྒྲུང་སྣང་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ》ཞེས་པའི་ནང་དུ། དེ་ལ་འདིར་སྨན་བཙུན་ཆེན་མོའི་ཐུགས་ཀྱི་སྒོ་ནས་རྣོ་མཐོང་པྲ་ཕབ་པའི་ཆོ་ག་ལ་བསྟེན་བསྒྲུབ་ལས་གསུམ་གྱི་དང་པོ། ས་གཙང་བཀྲ་ཤིས་དབེན་གནས་སུ་ལེབ་ཕྱིང་དཀར་བོ་གཙང་མའི་སྟེང་དབུས་སུ་རིན་པོ་ཆེའི་སྣོད་འབྲུ་དཀར་ཀྱིས་བཀང་བའི་སྟེང་དུ་མེ་ལོང་དྲི་བྲལ་ལ་ལི་ཁྲིའི་སིནྡྟུ་ར་ཆང་སྦྱར་བས་རྩ་སྔགས་བཟླ་ཞིང་མཁན་འགྲོ་ལྔར་མོས་པའི་ཐིག་ལེ་ལྔ་ཚོམ་བཀོད། དེའི་མདུན་དུ་ཤེལ་གྱི་མཆོད་རྟེན་ནམ་རང་བྱུང་གི་ཤེལ་རྡོ་བཞགརྒྱབ་ཏུ་མདའ་དར་ཚོན་སྣ་ལྔ་བཏགས་པ་བཤམས།མདུན་དུ་མར་གྱི་ལྷ་གཡག གཡས་སུ་དཀར་གསུམ་ལས་སྤྲུལ་བའི་གཏོར་ཟླུམ། གཡོན་དུ་བཀའ་གསུང་གི་དམར་གཏོར། མཐར་ཉོར་སྤྱོད། ཕྱེ་མར། སྐྱེམས་ཕུད། བསང་མཆོད། འབུལ་གཏོར། ཤིང་སྣ་སྤོས་དཀར་བཅས་པའི་འབྱོར་བའི་མཆོད་པ་བཤམས། རང་གི་མདུན་དུ་རྡོར་དྲིལ་ཌཱ་རུ་མཐོང་ནས། བསྔགས་པའི་འབྲུ་ཆང་ལ་སྦྱར་བའི་སིནྡྟུར་སོགས་དགོས་པའི་ཡོ་བྱད་དང་མདའ་ལ་དཀར་བཏགས་པ་བཞག་ཅེས་གསལ་ལེར་བཀོད་འདུག གོང་གི་མཆོད་པ་ཐམས་ཅད་ལེགས་པར་གྲུབ་རྗེས་སུ། པྲ་མཁན་གྱིས་ཡི་དམ་གང་རུང་ངམ། རྗེ་བཙུན་སྒྲོལ་མ་བཅས་པར་གདན་ཞུའི་གསོལ་འདེབས་བགྱིས་པ། དཔེར་ན། རྡོ་རྗེ་གཡུ་སྒྲོན་མའི《པྲ་སྒྲུབ་སྣང་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས། ཀྱེཿའབོད་དོ་རྡོ་རྗེ་གཡུ་སྒྲོན་མ༔ བསྐུལ་ལོ་རྣོ་མཐོང་པྲ་ཡི་བདག༔ མིང་བོས་འབོད་པའི་དུས་བྱུང་ན༔སྲིང་གཅིག་འོང་བར་མ་ཆད་དམ༔ རྟེན་ལ་འབེབ་པར་མ་ཆད་དམ༔ རྣོ་མཐོང་སྟོན་པར་མ་ཆད་དམ༔ དྲི་མེད་དཀར་གསལ་མཛེས་འཛུམ་སྐུ༔མངོན་སུམ་ཉིད་དུ་འདིར་གཤེགས་ཤིག༔ ཕྱག་གཡས་མདའ་དར་གཡབ་པ་ཡིས༔ སྣང་གསལ་པྲ་ཡིས་དངོས་གྲུབ་བསྡུས༔གཡོན་པ་དངུལ་དཀར་མེ་ལོང་གིས༔ སྲིད་པ་གསུམ་གྱི་ལེགས་ཉེས་སྟོན༔ སྒེག་མཛེས་ཆགས་པའི་ཉམས་འགྱུར་གྱིས༔པྲ་རྟེན་འདི་ཡི་སྙིང་ལ་ཞུགས༔ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་ན། མེ་ལོང་དང་མཐེབ་ཆེན་དང་ནམ་མཁའ་ལ་སོགས་པ་ལ་པྲ་དབབ་པར་འགྲུབ་པར་འགྱུར་རོ།། ད་དུང་གང་སྔོན་བྱུང་བ་དང་ད་ལྟ་ཕྱིས་འོང་བ་དེ་སྟོན་པར་བྱེད་དོ། ། ཡང་ན་སོ་ཤིང་ལ་ཉེར་གཅིག་བཏགས་ཏེ་ནུབ་མོ་ཉལ་ཁར་འཆོས་ནས་མི་སྨྲ་བར་ཉལ་ན། དགོས་པ་གང་ཡིན་པ་རྨི་ལམ་ན་བསླུ་བ་མེད་པར་སྟོན་པར་བྱེད་དོ་ཞེས་གསུངས་ཡིད་ཆེས་མའོ་ཞེས་གསུངས་འདུག་པ་ལས་པྲ་སྒྲུབ་ཀྱི་ཆོ་གར་པྲ་རྟེན་ཆ་ཚང་ཞིག་དགོས་པ་མ་ཟད་པྲ་དབབ་པའི་ལྷའམ་ཡི་དམ་ལ་གསོལ་འདེབས་གང་ལེགས་དང་མཆོད་པ་གང་བཟང་བགྱིད་པ་དང་། དེ་ནི་འདས་མ་འོང་ད་ལྟའམ་ཡང་ན་ཅི་དགོས་ཐམས་ཅད་མཐེབ་ཆེན་དང་མེ་ལོང་ནང་ནས་གསལ་བོར་སྟོན་པའི་བརྒྱུད་རིམ་བསྟན་འདུག ད་དུང་པྲ་རྟེན་དེ་འདྲ་ལེགས་པོ་བསྒྲུབས་པའི་དགོས་པ་ཡང་། རྡོ་རྗེ་གཡུ་སྒྲོན་མའི《པྲ་སྒྲུབ་སྣང་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས། པྲ་གདན་དྲི་མེད་དཀར་པོའི་སྟེང༔ ན་བཟའ་དཀར་མོ་བྲེ་གང་འདི༔སྨན་བཙུན་ཁྱེད་ཉིད་བཞུགས་པའི་གདན༔ དྲི་མེད་ཤེལ་གྱི་མཆོད་རྟེན་འདི༔ སྨན་བཙུན་ཁྱེད་ཉིད་དགྱེས་པའི་རྟེན༔དངུལ་དཀར་མེ་ལོང་གཡའ་བཏགས་འདི༔ ཁམས་གསུམ་གསལ་བའི་རྟེན་དུ་འཛུགས༔ མདའ་བཟང་དེ་ནི་བྱ་རྒོད་ལ༔མདེའུ་གཞུ་དང་བཅས་པ་འདི༔ སྨན་བཙུན་ཁྱེད་ཀྱི་སྲོག་གི་རྟེན༔ དཀར་གཏོར་དམར་གསུམ་བརྒྱན་པ་འདི༔དཀོན་མཆོག་བླ་མ་ཡི་དམ་དང༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔དཀར་གཏོར་ཤ་ཁྲག་བརྒྱན་པ་འདི༔མཁའ་འགྲོ་ཆོས་སྐྱོང་གཞི་བདག་དང༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔ འབྲང་རྒྱས་ཞལ་དཀར་བརྒྱན་པ་དང༔ཕྱེ་མར་གྲོ་ཡོས་སྡེར་གང་བཅས༔སྨན་བཙུན་ཁྱེད་ལ་གསོས་སུ་འབུལ༔ བསེ་སྡེར་ཤ་གཟུགས་བརྒྱན་པ་འདི༔ སྨན་བཙུན་ཁྱེད་ལ་ཚོགས་སུ་འབུལ༔མགྲོན་བུ་མོན་ལུག་གླ་སྒང་འདི༔སྨན་བཙུན་དགྱེས་པའི་རྟེན་དུ་འབུལ༔ སྨན་ལེབ་རྒྱན་གྱིས་བརྒྱན་པ་འདི༔སྨན་འཁོར་རྣམས་ལ་ཚོགས་སུ་འབུལ༔ དམ་རྫས་གཏོར་མ་འདི་རྣམས་ནི༔ འདིར་བྱོན་དགྱེས་པར་བཞེས་སུ་གསོལ༔ཞེས་བཀོད་འདུགགོང་གསལ་གྱི་འདི་ལས་རྡོ་རྗེ་གཡུ་སྒྲོན་མ་སྤྱན་དྲངས་པའི་མཆོད་པ་དང་། མཚུངས་སུ་པྲ་སྒྲུབ་ཀྱི་ཆོ་གའི་དམིགས་ཡུལ་དང་པྲ་རྟེན་གྱི་དགེ་མཚན།སྤྱོད་ཡུལ་སོགས་གསལ་བོར་ངོ་སྤྲོད་བགྱིས་འདུགགླིང་སྒྲུང་གི་སྒྲུང་པ་ལས་པྲ་སྒྲུང་ལ་མཚོན་ན་ཡང་གོང་གསལ་གྱི་པྲ་ཕབ་པའི་འགྲོ་རིམ་ཞིབ་མོ་ཞིག་ད་ལྟའི་པྲ་སྒྲུང་སྒྲུང་པའི་སྟེང་དུ་མཐོང་དཀའ་ཡང་། ཆེ་ཕྱོགས་ཀྱི་འགྲོ་རིམ་ཕལ་ཆེར་གཅིག་མཚུངས་ཡིན། དཔེར་ན། ཆབ་མདོའི་པྲ་སྒྲུང་པ་ཁ་ཚེ་གྲགས་པ་དང་ཡུལ་ཤུལ་གྱི་པྲ་སྒྲུང་པ་བསྟན་པ་རྒྱལ་མཚན་གཉིས་ཀྱིས་ཀྱང་ཐོག་མར་མཆོད་པ་གང་ལེགས་བཤམས་པ་དང་། དེའི་རྗེས་སུ་ལྷའམ་གཞི་བདགཁྱད་པར་དུ་སློབ་དཔོན་པད་མ་འབྱུང་གནས་ལ་གསོལ་འདེབས་ཕུར་ཚུགས་སུ་བགྱིས་ནས་རེ་ཞིག་འདས་པ་ན། མེ་ལོང་ངམ་མཐེབ་ཆེན། ཡང་ན་ཤོག་སྟོང་ཞིག་གི་སྟེང་དུ་གཟིགས་ནས་སྒྲུང་མང་པོ་བཤད་ཐུབ་པ་རེད། ཁོ་ཚོ་མི་གཅིག་གིས་སྒྲུང་ཁག་མི་གཅིག་པ་བརྒྱ་ཉིས་བརྒྱ་འཆད་ཐུབ་པ་ཡིན། པྲ་སྒྲུང་པ་རབ་ཅིག་ཡིན་ན་དུས་གསུམ་གྱི་བརྟག་བྱ་ཡིད་ལ་ཝ་ལེར་འཆར། འབྲིང་བ་ཞིག་ཡིན་ན་ལྷའི་ལུང་བསྟན་གྱི་ཡིག་གཟུགས་གསལ་ལེར་འཆར། ཐ་མ་བརྡའ་ཡི་རྣམ་པ་འཆར། དེ་བཞིན་དུ་པྲ་མཁན་ལའང་རབ་འབྲིང་ཐ་གསུམ་མཆིས་ཏེ། ཐ་མ་ཞིག་གིས་པྲ་ཆོས་ཏེ་མེ་ལོང་ནང་དུ་བལྟས་ཚེ་གཟུགས་མཐོང་བ་དང་།འབྲིང་བ་ཞིག་གིས་རེས་ཐོས་མཐོང་གཉིས་ཀ་མཐོང་། རབ་ཡིན་ན་རེས་ཐོས་མཐོང་ཤེས་པ་གསུམ་པའི་མངོན་ཤེས་ཀྱང་འོང་ངོ་།། ཞེས་བཤད་སྲོལ་ཡང་ཡོད་ལ། ད་ལྟའི་སྒྲུང་པའི་རིགས་ལ་བརྟག་ཀྱང་འདི་ཕྱོགས་ཀྱི་རྟོགས་པ་ཉམས་ཤར་ཀྱི་སྒྲུང་པའི་ཆུ་ཚད་མི་མཐུན་པ་ལ་ལ་མཆིས་པ་ཡང་གོང་གསལ་གྱི་བརྗོད་པ་དང་གཉིས་སུ་མ་མཆིས། པྲ་ཕབ་པར་རྫས་སྣ་ཚང་དགོས། པྲ་སྒྲུབ་པའི་སྐབས་སུ་རྫས་ལའང་། 《ལས་སྣ་ཚོགས་པའི་སྔགས་བཅོས་བེའུ་བུམ》ཞེས་པ་ལས། ཕ་ཝཾ་ལོང་བུ་ཆ་གསུམ། ཨ་རུ་ར་ཆ་གཉིས། གསེར་ཆ་གཅིག དངུལ་ཆ་གཅིག དངུལ་ཆ་གསུམ། ཚ་ལ་ཆ་ལྔ། རྒྱ་ཚ་ཆ་ལྔ། གུར་བུམ་ཆ་གཉིས། གི་ཝཾ་ཆ་གཉིས། ཤིང་མངར་ཆ་གཅིགགཡུ་དང་མུ་ཏིག་མིག་མེད་པའི་ཐལ་བ།སྲིན་བྱའི་ཤ་ཆ་གཅིག དེའི་སྙིང་ཆ་གཉིས་རྣམས་ཕྱེ་མར་བྱས་ལ་སྔགས། ཨོཾ་སིངྔྷི་གུ་རུ་སིག་མ་ཧྲིང་ཧྲིང་ཛ། མ་མ་ཙ་ཏི་ཏྲིའུ་ཛ། ཞེས་པ་འབུམ་བཟླས་ཏེ་རྫས་ལ་བཏབ་ནས་མིག་ལ་བྱུག་ན་སྒྲོམ་གྱི་ནང་དུ་ཅི་ཡོད་ཀྱང་མཐོང། རྣ་བར་བྱུག་ན་འཇིག་རྟེན་པའི་སྒྲ་རྣམས་ཐོས། ཟོས་ན་འགྲོ་བའི་བསམ་པ་ཤེས། དེར་མ་ཟད་འཆད་རྩོད་རྩོམ་གསུམ་ལ་ཡང་མཁས་པར་འགྱུར་རོ།།ཞེས་གསུངས་སོ། །ངོ་མཚར་བའི་སྨན་གྱི་རྫས་མཆོག་འདི་དག་བསྒྲིག་དཀའ་བ་དང་བསྒྲིགས་ཐུབ་པའི་དབང་དུ་བཏང་ན་ཡང་སྔགས་བཟླས་ནས་མིག་ལ་བྱུག་པ་དང་རྣ་བར་བྱུག་པ། ཟོས་ཟིན་ན་སྒྲོམ་གྱི་ནང་དུ་ཅི་ཡོད་མཐོང་བ་དང་འཇིག་རྟེན་གྱི་སྒྲ་ཐམས་ཅད་གོ་ཐུབ་པ། འགྲོ་བའི་བསམ་པ་ཐམས་ཅད་ཤེས་ཐུབ་པ་ཞིག་ཡོང་བ་བརྒྱ་ལས་གཅིག་རེ་མ་གཏོགས་འབྱུང་ཐབས་མེད། དེ་སྔ་རྣར་ཐོས་པ་ལྟར་ན་པྲ་སྒྲུང་ཕབ་པའི་སྒྲུང་པའི་ནང་དུའང་མིག་དང་སེམས་རྣ་ལ་སོགས་མི་ཕལ་བ་དང་མི་མཚུངས་པར་གཞན་གྱིས་མི་མཐོང་བ་མཐོང་ཐུབ་པ་དང་གཞན་གྱིས་མི་ཐོས་པ་ཐོས་ཐུབ་པ།གཞན་སེམས་ཅན་གྱི་བསམ་པ་ཡང་ཤེས་ཐུབ་པའི་མངོན་ཤེས་ཡོད་ཟེར་མོད། འོན་ཏེ་ད་ལྟའི་སྒྲུང་པ་འདི་དག་ལ་དེ་འདྲའི་གསང་བ་ལྐོག་གྱུར་གྱི་ཤེས་བྱ་ཡོད་མེད་ཁ་ཚོན་གཅོད་ཁག་པོ་འདུགཔྲ་ཕབ་ཀྱི་ལས་སྦྱོར་གྱི་ཐད་དུ། གནས་གཙང་མར་གཞི་གཙང་སྟེང་མཆོད་པ་བཤམས། མེ་ལོང་བཞག་ནས་སྔགས་རྣམས་སོ་སོར་ཅི་རིགས་བཟླས་ཟིན་རྗེས། པྲ་རྟེན་ལ་ཁྱེའུ་འམ་བུ་མོ་གཙང་མ་གྲོང་ཆོས་ཀྱིས་མ་གོས་པ་ལོ་བཅུ་གཉིས་སམ་བཅོ་ལྔ་ཡན་ཆད་རིགས་རྒྱུད་བཟང་བ། སྐྱེ་མཆེད་གཙང་བ། ཕ་མ་ཚང་བ། མིང་བཀྲ་ལེགས་པ་སོགས་བཀྲ་ཤིས་པ་ཞིག་ཁྲུས་བྱ་གོས་གཙང་གྱོན། ལུས་དྲི་བཟང་ཆི་ལེ་བ་བྱས།ཁོ་རང་གི་ཡིད་ལ་འཐད་པའི་རྡོ་ཞིག་ལེན་བཅུག་སྟེ་དར་དམར་གྱིས་དྲིལ་ལ་པྲ་མཁན་གྱིས་པུས་མོའི་འོག་ཏུ་བཅུགལི་ཁྲིའམ་སིནྡྟུ་རའི་ཞར་འཐེན། མཁུར་ཚོས་སུ་ཐིག་ལེ་བྱ། སྟན་དཀར་པོ་གཙང་མ་ལ་ནས་ཀྱིས་གཡུང་དྲུང་རིས་བཀྲམ་པ་ལ་འདུག་བཅུག ཆང་ཕུད་གཙང་མ་རུ་ལེགས་ལ་སྔགས་ཀྱིས་བསྒྲུབས་པའི་སིནྡྟུ་ར་བཏབ་ལ་སྦྱིན། ཁྱད་པར་སྔགས་ཀྱིས་བསྒྲུབས་པའི་འབྲུ་ཚོམ་སྤྱི་བོར་བཞག་དར་དཀར་པོས་ཐོད་གཡོགམེ་ལོང་གསལ་བོར་ཕྱིས་ལ། དེའི་མདུན་དུ་མར་མེ་གཙང་མ་གསལ་བོར་སྦར། དེར་ཕྱོགས་པའི་མར་གྱིས་བསང་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ་བཀོད། བདག་ལྷའི་རྣལ་འབྱོར་གྱིས་བསང་ཁྲུས་གསེར་སྐྱེམས་བགེགས་བསྐྲད་མཚམས་གཅོད་མཆོད་རྫས་བརླབས་པ་དང་། རྟེན་བསྐྱེད་ནས་སྤྱན་འདྲེན་པར་བྱ། རྟེན་དང་བྱིས་པ་སོགས་སྨན་བཙུན་མའི་རོལ་བར་གསལ་ལ་གཙང་མའི་གནས་ནས་ཡེ་ཤེས་པ་ཆར་ལྟར་དབབ་ལ་བསྡིམས། སྔགས་པའི་ཆང་སིནྡྟུ་ར་བཏབ་པ་བླུད། རྩ་སྔགས་འབྲུ་བདུན་བཏགས་པ་དང་། ཀམ་ཁོ་ལེ་འབྲུ་དྲུག་བཏགས་པ་བཟླས་པའི་སྔགས་ནས་བྱིས་པ་ལ་གཏོར། བྷི་ལུག་བཟླས་ལ་མེ་ལོང་ལ་གཏོར།རྩ་སྔགས་དང་ཀ་ར་སྦྲེལ་བ་མིག་ལ་གདབ། ལས་སྦྱོར་བཅོ་ལྔ་བ་བཟླས་ལ་ལྟག་པར་བཏབ། གཙང་སྔགས་བཟླས་པའི་མེ་ཏོག་གཏོར་བས་འོད་ཟེར་གྱི་དྲྭ་བས་སྦྲེལ་ཏེ་གཞན་དུ་གཡེལ་བའི་དབང་མེད་པར་བསམས། སྔགས་རྣམས་པྲ་རྟེན་སོགས་ཀྱིས་མ་ཚོར་བར་བཟླའོ། ། པྲ་རྟེན་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ། མེ་ལོང་རྒྱ་མཚོར་དམིགས་ལ་མ་གཡེང་བར་བལྟ། གལ་ཏེ་རྣལ་འབྱོར་བ་ནུས་ལྡན་ཏིང་འཛིན་བརྟན་ཅིང་བཟླས་གྲངས་ཚད་དུ་སོན་ན་རང་ལ་ཕབ་ཀྱང་རུང་ལ། རིགས་བཟང་དང་ཁམས་ཀྱི་ཁྱད་པར་ལས་པྲ་རྟེན་ལོ་རྒན་ཡང་མཐོང་བར་འདུག་གོ། དེ་ལྟར་བྱས་པས་པྲ་རྟེན་ཤེས་པར་འགྱུར། ཁྱེད་ལ་དེ་རིང་སོགས་འདོན་ཆ་ལྟར་རམ་གང་འདོད་སྟོན་པའི་འཕྲིན་ལས་བཅོལ་ལ། ཅི་དང་ཅི་འདོད་པ་གསལ་ངེས་པར་དྲི་དང་། དེའི་ལན་གསལ་བོར་སྟོན་ངེས་ལགས། ཞེས་རྡོ་རྗེ་གཡུ་སྒྲོན་མའི《པྲ་སྒྲུབ་སྣང་གསལ་མེ་ལོང》བཅས་སུ་གསལ་བོར་བསྟན་འདུག གོང་གསལ་གྱི་ལས་སྦྱོར་གྱི་འགྲོ་རིམ་ཕྲ་ཞིབ་འདི་དག་བསྒྲུབས་པ་དང་ལག་ལེན་བགྱིས་ན་སྔགས་ཆོས་ཅུང་ཟབ་མོ་ཤེས་དགོས་པ་མ་ཟད། རང་ཉིད་ལའང་མཐུ་ནུས་ངེས་ཅན་ཞིག་དགོས་པ་གདོན་མི་ཟའོ།། པྲ་སྒྲུང་གི་ལས་སྦྱོར་ཐད་དུའང་། ལར་གོང་གསལ་གྱི་པྲ་ཕབ་ཀྱི་ལས་སྦྱོར་དང་ཕལ་ཆེར་མཐུན་མོད་ཀྱང་། སྒྲུང་པ་རེ་རེས་སྤྱན་འདྲེན་པའི་ལྷ་དང་གཞི་བདག་གང་ཡིན་པ་གསལ་བོར་མི་ཤེས་པའི་རྐྱེན་གྱིས། ལས་སྦྱོར་གྱི་བསྒྲུབ་ཐབས་དང་འདོན་པ་བཅས་སོ་སོ་ཡིན་ན་པྲ་རྟེན་དང་པྲ་སྒྲུབ་ཀྱི་ཆོ་ག་ལའང་རང་རང་ལ་སྒྲུབ་ཚུལ་རེ་མཆིས། སྒྲུང་པ་ཚེ་རིང་དབང་འདུས་བཅས་ཀྱིས་གསུངས་པ་ལྟར་ན། པྲ་རྟེན་ལ་ཁྱེའུ་བུ་མོ་ལོ་བཅུ་གཉིས་དང་བཅོ་ལྔའི་ཡན་གྱི་རིགས་རྒྱུད་བཟང་བ་ཞིག་འཇོག་པའི་སྲོལ་ཡོད། པྲ་རྟེན་ལའང་མར་གྱི་བསང་གཡག་དཀར་པོའི་མིག་འབུར་ཚུགས་སུ་བཀོད་པ་དང་མར་མེ་གཙང་མ་སྦར་བ། བཟླས་པའི་སྔགས་ནས་ལྷ་གཡག་སྟེང་དུ་གཏོར་བ་བཅས་ཡོད་གསུངས་ལ། དུས་རྒྱུན་ལྷ་མོ་ཚེ་རིང་མའི་མངོན་ཤེས་བསྒྲུབ་ན། གནས་གཙང་མར་གཏོར་མ་གཙང་མར་སྨན་བཟང་དྲུག་གི་སྤོད་བཏབ། དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་སྟེགས་བུར་བཤམས་ལ་བྱིན་རླབས་བྱ།འདས་ལ་འདས་ཀྱི་མཁའ་འགྲོ་མའི་མགྲོན་ལག་བསྔོ་ཞིང་ཆང་ཕུད་དང་ཟས་སྣས་མཆོད་རང་ལ་མངོན་ཤེས་གསལ་བའི་འཕྲིན་བཅོལ་བྱ། དེ་ནས་མཁའ་འགྲོ་སྲོག་སྙིང་ཡང་ཟབ་གསང་སྔགས་འདི་ཞག་གསུམ་སྨྲ་བ་བཅད་དེ་རྒྱུན་མ་ཆད་པར་བཟླའོ།། དམིགས་པ་རང་གི་རྣ་བ་ནས་བུ་མོ་དཀར་སེར་དམར་སྔོ་ནག་མོ་རྣམས་ཀྱི་གཏམ་སྨྲ་བཤད་པར་བསམ་ལ་གཉིད་མ་ལོག་པར་དྲག་ཏུ་བཟླའོ།། དེས་ཞག་དང་པོ་རྨི་ལམ་འོང་། གཉིས་པར་རྣ་བར་གཏམ་སྨྲ་ཞག་གསུམ་ནས་སྣང་སྲིད་གསལ་བའི་མངོན་ཤེས་ཐེ་ཚོམ་མེད་པར་འགྲུབ་བོ།། ཞེས་པྲ་ཕབ་ཀྱི་གླགས་བམ་ལས་གསུངས་འདུག རྒན་ཚེ་རིང་དབང་འདུས་སོགས་སྒྲུང་མཁན་གྱིས་གསུངས་པ་ལྟར་ན་པྲ་སྒྲུང་པས་ལྷ་མོ་ཚེ་རིང་མ་བསྒྲུབ་པ་བཤད་མ་དགོས་མོད། བབས་སྒྲུང་སྒྲུང་པས་ཀྱང་ལྷ་མོ་ཚེ་རིང་མའི་མངོན་ཤེས་བསྒྲུབ་ན། རྨི་ལམ་ནང་དུ་སྒྲུང་དཔེ་གསར་བ་མང་པོ་ཤར་བ་དང་།ཡང་ན་སྣང་སྲིད་གསལ་བའི་མངོན་ཤེས་ཀྱང་འོང་བའི་ཚོར་བ་མཆིས་ཞེས་གསུང་བཞིན་འདུགཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་ན་གཞོན་སྒྲུང་པ་བསོད་ནམས་ནོར་བུས་བཤད་པ་ལྟར་ན། ཁྲ་མོ་གླིང་ལའང་པྲ་པ་སྐད་གྲགས་ཅན་ཞིག་ཡོད་དེ་མིང་ལ་སྨན་དྲུག་སྟག་ལྷ་འཕྲི་དཀར་ཞེས་པ་དང་ཁོས་པྲ་ཕབ་པའི་སྐབས་སུ་པྲ་རྟེན་ལ་རྟ་མཆོག་དཀར་དཀར་ཞིག་འཇོག་དགོས་ལ། པྲ་རྫས་ལ་མིའི་སྐྲ་ཉུང་ཙམ་དང་སེན་མོ་ཉུང་ཙམ་འཇོག་དགོས། དེ་ནས་རང་གིས་གདན་འདྲེན་ཞུ་བའི་ལྷ་དང་ལྷ་མོ་སོགས་ལ་གསོལ་མཆོད་བླ་ན་མ་མཆིས་པ་བགྱིས་ནས་གདུག་སྤོས་བཅས་པ་སྒྲོན་ཏེ་སྨོན་ལམ་བཏབ་རྗེས།པྲ་པས་རྒྱུ་རྩྭ་ལས་གྲུབ་པའི་ཇ་ཤོག་སེར་པའི་སྟེང་བལྟས་ནས་གླིང་དཀར་སྟོད་དུ་ཕྱིས་སུ་ཅི་འབྱུང་ཐམས་ཅད་མ་ནོར་པར་བཤད་པ་མ་ཚད་གཏམ་རྒྱུད་ཀྱང་གློག་ཀླད་ནང་ཤར་བ་ཇི་བཞིན་གསལ་བོར་ཤར་ཐུབ་ཟེར།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།