logo

༄༅།།ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་རྗེས་སུ་དྲན་པ།

རྩོམ་པ་པོ།:པདྨ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-01-17 ཀློག་གྲངས།:
ལྔ། པཎ་ཆེན་རིན་པོ་ཆེ་དང་མཇལ་ཐེངས་ལྔ་པ། གཟིགས་སྐྱོང་གནང་བ།
1987ལོའི་ཟླ4པར། ང་རང་ཀྲུང་དབྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་ལ་ཉེ་སྐབས། པཎ་ཆེན་རིན་པོ་ཆེས་དངོས་སུ་རྩ་འཛུགས་བྱས་པའི་བོད་ལྗོངས་གངས་ཅན་ཀུང་ཟིར་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཞིང་། བྱ་བའི་ཉམས་མྱོང་དང་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ལྡན་པའི་བོད་རིགས་ལས་གཉེར་པ་ཞིག་མཁོ་བ་དང་། སྐུ་ཞབས་བློ་བཟང་གིས་ང་རང་འོས་སྦྱོར་བྱས། ཉིན་གཉིས་ཀྱི་རྗེས་སུ་པཎ་ཆེན་རིན་པོ་ཆེའི་ཕ་སྤུན་ནུ་བོ་མཆོད་རྟེན་ལགས་ཀྱིས་ང་རང་བཙལ་ནས་ཁ་བརྡ་བྱས། སྐབས་དེར་རང་གི་ཁྱིམ་ཚང་གི་རྐྱེན་གྱིས་བདག་གིས་གོ་སྐབས་དེ་མི་བསྐྱུར་ཀ་མེད་བྱུང་། ཕྱིས་སུ། པཎ་ཆེན་རིན་པོ་ཆེས་ཡང་བསྐྱར་སྐུ་ཞབས་བློ་བཟང་ལགས་བདག་ལ་ཁ་བརྡ་བྱེད་དུ་མངགས་པ་དང་། ང་རང་པེ་ཅིན་དུ་བསྡད་དེ་པཎ་ཆེན་རིན་པོ་ཆེའི་བོད་ཁུལ་རོགས་སྐྱོར་ཐེབས་རྩ་ཚོགས་པའི་ཚོགས་གཙོ་གཞོན་པའི་འགར་འཁུར་དགོས་པའི་ཁ་བརྡ་བྱས། ཡིན་ཡང་བདག་གིས་བུ་ཕྲུག་རྣམས་ལོ་ན་ཕྲ་བ་དང་། ཆུང་མ་ཡིག་རྨོངས་ཡིན་པ་བཅས་ལ་བསམས་ནས་ཁས་མ་བླངས། སྐབས་དེར་སྐུ་ཞབས་བློ་བཟང་ལགས་ཁྲོས་ཏེ་ང་ལ་བཀའ་བཀྱོན་ཡང་གནང་ཞིང་། རང་ཉིད་དངོས་སུ་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཞུ་རུ་སོང་ཞིག་ཅེས་བཤད་བྱུང་། དེ་ནས་ང་རང་དངོས་སུ་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཕྱིན་ནས་ཁྱིམ་ཚང་གི་དཀའ་ཁག་ཡར་ཞུ་བྱས་ཤིང་དགོངས་དག་ཞུས་པ་དང་། ལོ་གཅིག་གི་རྗེས་སུ་ད་དུང་ལས་མི་མཁོ་ན་ང་རང་བོད་ལྗོངས་དང་པེ་ཅིན་གང་ལ་ཡོང་དགོས་ཀྱང་པཎ་ཆེན་རིན་པོ་ཆེའི་བཀའ་བརྩི་ངེས་ཡིན་ཞེས་ཞུས་པ་ན། ཁོང་གིས་བདག་ལ་བཀའ་བཀྱོན་མ་གནང་བར་མ་ཟད། ད་དུང་བདག་ལ་ཁྱོད་རང་འདིར་བྱ་བ་བྱེད་དུ་ཡོང་མིན་ཁྱོད་རང་ཉིད་ལ་རག་ལས་པས། ཁྱོད་ལ་བཙན་པོ་མི་བྱེད། ཡོང་མི་ཡོང་དང་། ད་ལོ་ཡོང་དང་ཕྱི་ལོ་ཡོང་བ་ཁྱོད་རང་གིས་ལྟོས། ཞེས་གསུངས། ཁྱིམ་ཚང་གི་ཆེད་དུ། བདག་གིས་མཐར་ཐུག་པཎ་ཆེན་རིན་པོ་ཆེའི་ཉེ་གམ་དུ་ལས་དོན་སྒྲུབ་པའི་གོ་སྐབས་མི་བསྐྱུར་ཀ་མེད་བྱུང་སོང་། ཡིན་ཡང་ཁོང་གི་གཟིགས་སྐྱོང་དང་བཀའ་དྲིན་ནམ་ཡང་སེམས་ལ་བརྟན་པོར་ཉར་ཡོད།
གསུམ་པ། པཎ་ཆེན་རིན་པོ་ཆེས་མཚོ་ལྷོར་བཅངས་པའི་བརྩེ་བ།
གཅིག བདེ་སྐྱིད་རྩྭ་ཐང་དུ་བཀའ་ཆོས་གསུངས་པ།
1987ལོའི་ཟླ7པར། གུང་ཧོ་རྫོང་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་ང་རང་གུང་ཧོང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དུ་བདམས། ལོ་དེའི་ཟླ10པར། བདག་གིས་ཨུ་ཡོན་ཀྲང་གཞོན་པ་ཁོང་མཚོ་ལྷོ་ཁུལ་དུ་གཟིགས་ཞིབ་ལ་ཕེབས་པའི་གཏམ་ཐོས་པ་དང་། ཟླ10པའི་ཚེས12ཉིན། ཁུལ་དང་རྫོང་གི་མགོ་ཁྲིད་དག་གིས་རི་བོ་ཉི་ཟླའི་ཤར་ངོས་སུ་པཎ་ཆེན་རིན་པོ་ཆེ་ལ་ཕེབས་བསུ་བྱས་པ་དང་། ཉིན་དེར་པཎ་ཆེན་རིན་པོ་ཆེ་ཁོང་རྒྱ་བོད་མཛའ་འབྲེལ་གྱི་དཔང་བོར་གྱུར་པའི་ཉི་ཟླ་རི་བོའི་རྩེར་ཕེབས་པ་དང་། རྒྱ་བོད་མཛའ་འབྲེལ་དང་མི་རིགས་མཐུན་སྒྲིལ་ཡུན་དུ་བརྟན་པར་གསོལ་འདེབས་མཛད། དེ་ནས་པཎ་ཆེན་རིན་པོ་ཆེ་རླངས་འཁོར་དུ་བསྡད་དེ་རྟ་བ་སུམ་བརྒྱ་ལྷག་གིས་གཡས་གཡོན་གཉིས་ནས་བསྐོར་ཏེ་རིག་སྨོན་དང་མཚོ་ཆུང་རྩྭ་ཐང་བརྒྱུད་དེ། བདེ་སྐྱིད་ཐང་གི་ཕྱོགས་སུ་ཆིབས་ཁ་བསྒྱུར། སྐབས་དེར། མཚོ་ལྷོ་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཡིད་སྤྲོ་བས་བརྟས་ཤིང་། ཁ་བཏགས་འཕེན་པ་དང་རྟའི་འཚེར་སྐད། རྟ་བ་སྟོང་ཕྲག་ལྷག་གི་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་པའི་དགའ་འབོད་ཀྱིས་གནམ་ས་འགེངས་པར་བྱས་ཤིང་། ང་ཚོས་ཧ་ཅང་གཟབ་རྒྱས་ཀྱིས་ངང་ནས་ལེ་བར་འགའ་ཡི་མཚམས་ནས་ཕེབས་བསུ་རྒྱ་ཆེན་པོ་བྱས། པཎ་ཆེན་རིན་པོ་ཆེའི་རླངས་འཁོར་མི་ཚོགས་ཀྱི་དབུས་སུ་དལ་གྱིས་སྔོན་དུ་བསྐྱོད། ཕོ་མོ་རྒན་གཞོན་དང་སྐྱ་སེར་མང་ཚོགས་ཁྲི་ཕྲག་ལྷག་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་ཤིང་། ལག་ཏུ་མཇལ་དར་དང་། དར་ཚོན་སྣ་ལྔ་སོགས་བསྣམས་ཏེ་ཕེབས་བསུར་ཐོན་ཞིང་། གྲྭ་བཙུན་རྣམས་ཀྱིས་སེར་ཕྲེང་བསྒྲིགས་ཏེ་དུང་ཆེན་བུས། གདུགས་དང་རྒྱལ་མཚན་བསྐོར་ནས་པཎ་ཆེན་རིན་པོ་ཆེ་ལ་ཕེབས་བསུ་བྱས། དེ་ནས་པཎ་ཆེན་རིན་པོ་ཆེ་ལགས་ཀྱིས་གསོལ་འདེབས་སྨོན་ལམ་གསུངས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འཚམས་འདྲི་བསྐྱལ་ཡོང་བ་མ་ཟད། མཚོ་ལྷོ་ས་ཁུལ་འཕེལ་རྒྱས་དང་རིགས་སོ་སོའི་མི་དམངས་ལ་བདེ་སྐྱིད་ལྡན་པར་གསོལ་འདེབས་སྨོན་ལམ་གསུངས་ཤིང་། དུས་ཚོད་ལྔ་ལྷག་གི་རིང་ལ་དད་ལྡན་ཁྲི་ཕྲག་ལྷག་ལ་མཇལ་ཁ་ཡང་གནངས།
གཉིས། དམངས་ཀྱི་བདེ་སྡུག་སེམས་སུ་ཉར་བ།
ཟླ10པའི་ཚེས14ཉིན། པཎ་ཆེན་རིན་པོ་ཆེས་སྐུ་ཚེགས་ལ་མ་འཛེམ་པར་ཆབ་འགག་ཆུ་མཛོད་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ཕེབས་ཤིང་། བཟོ་སྐྲུན་གྱི་གནས་ཚུལ་དང་མྱུར་ཚད་ཀྱི་སྙན་ཞུ་སོགས་ལ་ཉན་ཞིང་རྒྱུས་ལོན་བྱས་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུང་རྒྱུར། ཆབ་འགག་ཆུ་མཛོད་ཀྱི་བཟོ་སྐྲུན་ནི་མི་རིགས་མཐུན་སྒྲིལ་གྱི་འབྲས་བུ་ཞིག་སྟེ། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག རྒྱ་བོད་སྤུན་ཟླ་མི་རིགས་མཛའ་འབྲེལ་གྱི་སྒོ་ནས་མཉམ་དུ་འབད་པ་བྱས་པའི་བཟོ་སྐྲུན་ཞིག་ཡིན་ལ། སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ཅིག་ཀྱང་ཡིན།……ཞེས་གསུངས། ཁོང་གིས་ད་དུང་ཆབ་འགག་ཆུ་མཛོད་མྱུར་དུ་འགྲུབ་པ་དང་། མི་དམངས་མང་ཚོགས་ལ་མྱུར་དུ་བདེ་སྐྱིད་ལྡན་པར་སྨོན་འདུན་ཞུས། ཆབ་འགག་ཆུ་མཛོད་ནི1985ལོའི་ཟླ8ཚེས1ཉིན་ནས་ལས་མགོ་ཚུགས་ཤིང་། 1989ལོའི་ཟླ10པའི་ཚེས5ཉིན་ལེགས་གྲུབ་བྱུང་། འགྲོ་སོང་ཁྱོམ་བསྡོམས་དམངས་སྒོར་ཁྲི2860བཏང་བ་དང་། ཆུ་མཛོད་དེའི་ཤོང་ཚད་ལ་སྨི་གྲུ་བཞི་ལྷམ་པ་ཁྲི330ཡོད་ལ། ཆུ་འདྲེན་ཐུབ་པའི་ཞིང་ས་མུའུ་ཁྲི1ལྷག་དང་། གསར་དུ་འདེབས་འཛུགས་རུང་བའི་ས་ཞིང་མུའུ5000ལྷག་ཡོད་ཅིང་། ད་དུང་ཆབ་ཆ་ས་ཁུལ་གྱི་མི་ཁྲི1དང་ཟོག་ཁྲི2ལྷག་གི་བཏུང་ཆུའི་གནད་དོན་ཐག་ཆོད་བྱུང་། མཚན་མོ་དེར། པཎ་ཆེན་རིན་པོ་ཆེས་གུང་ཧོ་རྫོང་གི་ཚོམས་ཆེན་དུ་ཁུལ་དང་རྫོང་གི་ལས་བྱེད་པར་ཚོགས་འདུ་བསྡུས་ཤིང་། ཁོང་གིས་ཏང་གི་ཡང་དག་པའི་ལམ་ཕྱོགས་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག བྱ་བར་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་བྱུང་བར་ཁས་ལེན་དང་བསྟོད་བསྔགས་བྱས་ཤིང་། རང་སྐྱོང་ཁུལ་གྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནས་ཚུལ་དངོས་དང་བསྟུན་ཏེ། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཡར་རྒྱས་འགྲོ་བར་ཕན་ཚུན་སློབ་སྦྱོང་བྱས་ཏེ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་གི་ལམ་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱེད་པ་དང་། ད་དུང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་སྟེ་ཕྱོགས་ཡོངས་ནས་མི་རིགས་ཀྱི་ལས་དོན་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་གསར་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པར་ནན་གྱིས་སློབ་གསོ་གནང་། ལས་བྱེད་པ་ཡོངས་ཀྱིས་ནམ་ཡང་རྒྱལ་གཅེས་ཀྱི་ལངས་ཕྱོངས་བཟུང་ནས་ཏང་གི་རྗེས་སུ་འབྲངས་དགོས་པར་བསྟན། ཐེངས་འདིའི་གཟིགས་ཞིབ་ཁྲོད། ཁོང་གིས་མཚོ་ལྷོ་དང་རྨ་ལྷོ་ཁུལ་གཉིས་དང་ས་ཆ་གཞན་པའི་བར་གྱི་རྩྭ་ས་རྩོད་གླེང་དང་མི་རིགས་འགལ་བ་འདུམ་འགྲིག་མཛད། པཎ་ཆེན་རིན་པོ་ཆེའི་དམངས་ཀྱི་བདེ་སྡུག་སེམས་ལ་ཉར་ཞིང་དོན་འཁྱོལ་ལག་ལེན་བྱེད་པའི་མཛད་བཟང་གིས་བོད་ཁུལ་གྱི་ལས་བྱེད་དང་མང་ཚོགས་ལ་ཤུགས་རྐྱེན་ལེགས་པོ་ཐེབས་པ་དང་། ཁོ་ཚོས་བརྟན་བརླིང་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་པར་ཕྱོགས་སྟོན་གནང་ཡོད་དོ། །
གསུམ། ངའི་རེ་འདོད་ཡོངས་སུ་བསྐངས་པ།
ཐེངས་འདིར་པཎ་ཆེན་རིན་པོ་ཆེ་མཚོ་ལྷོར་གཟིགས་ཞིབ་ཏུ་ཕེབས་རྒྱུ་ཡིན་པའི་འཕྲིན་བཟང་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གྲོགས། གངས་ཅན་ཀུང་ཟིའི་སྤྱི་གཉེར་བསམ་འགྲུབ་ཀྱི་ཁ་ནས་ཤེས་བྱུང་། ཁོས་བཤད་རྒྱུར། པཎ་ཆེན་རིན་པོ་ཆེས་ད་དུང་ཁྱོད་རང་བརྗེད་མི་འདུག ཁོང་གིས་ཁྱོད་རང་གུང་ཧོ་རྫོང་སྲིད་གཞུང་གི་རྫོང་དཔོན་དུ་བསྐོས་ཚུལ་ཐོས་རྗེས་ཐུགས་ཤིན་ཏུ་དགྱེས་འདུག་ཅེས་ཟེར། ངས་བསམ་གྲུབ་ལ་པཎ་ཆེན་རིན་པོ་ཆེ་རང་ཁྱིམ་ལ་ཐེངས་གཅིག་ཞུ་འདོད་ཡོད་པའི་བསམ་འདུན་བཤད། ཟླ10བའི་ཚེས13ཉིན་གྱི་ཉིན་གུང་། བསམ་གྲུབ་ཀྱིས་ང་ལ་ཐེངས་འདིར་པཎ་ཆེན་རིན་པོ་ཆེ་གུང་ཧོ་རྫོང་དུ་ཕེབས་པའི་བྱ་རིམ་བཀོད་སྒྲིག་ཁྲོད་རྫོང་ཨུ་ཧྲུའུ་ཅི་ཁོ་ནའི་ཁྱིམ་དུ་ཕེབས་རྒྱུ་ལས་བཀོད་སྒྲིག་བྱས་མི་འདུག ཁྱོད་རང་ངེས་པར་དངོས་སུ་སོང་ནས་ཞུས་ཤིག་ཟེར། ངའི་སེམས་སུ་ངེས་པར་ཐེངས་འདིའི་གོ་སྐབས་དམ་འཛིན་བྱ་དགོས་སྙམ་སོང་། ཕྱི་དྲོར། ང་རང་ཁུལ་ཨུའི་སྣེ་ལེན་སོའུའི་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་སུ་ཕྱིན་ཏེ་དད་གུས་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་པཎ་ཆེན་རིན་པོ་ཆེ་ལ་ཞུ་བ་ཕུལ། དེར་ཡོད་ཀྱི་ཁུལ་ཨུའི་མགོ་ཁྲིད་གཙོ་བོ་འགས་བཀག་འགོག་གི་ཚུལ་དུ། པཎ་ཆེན་རིན་པོ་ཆེ་ཉིན་འདི་གར་ལས་བྲེལ་ཆེ་ཞིང་སྐུ་ངལ་ལྕི་བས། ཁྱོད་ཚང་ལ་མི་ཞུ་རྒྱུ་བྱོས་ཟེར། ཡིན་ཡང་བདག་གིས་ཨུ་ཚུགས་ཀྱིས་རེ་བ་ཞུས་མཐར། པཎ་ཆེན་རིན་པོ་ཆེས་ཁུལ་ཨུའི་མགོ་ཁྲིད་ལ། བདག་གི་བྱ་བ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ལས་གཞན། ད་དུང་ཁྱོད་ཚོ་ཆབ་སྲིད་གཉེར་མཁན་དང་འདྲ་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པ་དེ་ཡིན། གལ་ཏེ་རྫོང་ཨུའི་ཧྲུའུ་ཅིའི་ཁྱིམ་དུ་སོང་སྟེ། རྫོང་དཔོན་གྱི་ཁྱིམ་དུ་མ་སོང་ན་ཁོ་ལ་བསམ་འཆར་ཡོད་པ་རེད། འགྲོ་རྒྱུ་བྱ། ཞེས་གསུངས་བྱུང་། པཎ་ཆེན་རིན་པོ་ཆེའི་གསུང་དེ་ཐོས་མ་ཐག བདག་གི་ཡིད་སེམས་ལ་དགའ་ཚོར་ཆེན་པོ་གནོན་མི་ཐུབ་པ་བྱུང་བའི་ཁར། བྱ་འཕུར་བ་ལྟར་ཁྱིམ་དུ་གྲ་སྒྲིག་བྱེད་པར་ལོག ཁྱིམ་མི་རྣམས་ཀྱིས་གཏམ་དེ་ཐོས་པ་ན་རྨ་བྱས་འབྲུག་སྒྲ་ཐོས་པ་ཇི་བཞིན་དགའ་བ་འབུམ་གྱིས་མྱོས། ཉིན་གཅིག་གི་རིང་ལ་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་རྗེས། ཚེས15ཉིན་གྱི་སྔ་དྲོ་ཆུ་ཚོད11སྟེང་། པཎ་ཆེན་རིན་པོ་ཆེ་ནི་ཡོངས་འཛིན་དང་། ཁུལ་ཨུའི་ཧྲུའུ་ཅི་དོན་གྲུབ་རྒྱལ། གངས་ཅན་ཀུང་ཟིའི་སྤྱི་གཉེར་པ་བསམ་གྲུབ་སོགས་འཁོར་དང་བཅས་པ་ངེད་ཁྱིམ་དུ་ཕེབས་བྱུང་། ཕྲན་གྱིས་ཐོག་མར་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་པཎ་ཆེན་རིན་པོ་ཆེས་ཏང་ཀྲུང་དབྱང་གི་ཡང་དག་པའི་སྲིད་ཇུས་བསྐྱལ་ནས་ཡང་བསྐྱར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་བྱོན་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་དང་། དེའི་འཕྲོར་རང་གི་ཡུལ་མི་རྣམས་ཀྱི་ཚབ་བྱས་ཏེ་ཆབ་འགག་ཆུ་མཛོད་བསྐྲུན་ཏེ་ཕ་ཡུལ་མི་དམངས་ལ་ཕན་བདེ་སྒྲུབ་པའི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པ་ཡིན། པཎ་ཆེན་རིན་པོ་ཆེ་ངེད་ཀྱི་ཁྱིམ་ནས་ཕེབས་སྐབས་ཁྱིམ་མི་ཡོངས་དང་མཉམ་པར་བསྐྱོན་པ་མ་ཟད། ད་དུང་ཁོང་ཚང་གི་སྐུ་པར་ཞིག་གི་སྟེང་བློ་མཐུན་པདྨ་རིན་ཆེན་ལ་དྲན་རྟེན་དུ་ཞེས་པའི་ཕྱག་བྲིས་གནང་།  པར་འདི་ངའི་མི་ཚེའི་སྟེང་ཆེས་རྩ་ཆེ་བའི་དྲན་རྟེན་ཞིག་ཡིན།
བཞི། མི་རིགས་སློབ་གསོ་ལ་ཐུགས་ཁུར་གནང་བ།
ཟླ10པའི་ཚེས15ཉིན། པཎ་ཆེན་རིན་པོ་ཆེས་མཚན་བཏགས་སློབ་གཙོ་ཡིན་པའི་ཐོབ་ཐང་གིས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་གཟིགས་ཞིབ་གནང་། སློབ་གྲྭ་དེ་ནི་རིན་པོ་ཆེ་ཁོང་ཚང་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག 1985ལོའི་ཟླ3པར་དངོས་སུ་ཚུགས་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་དགེ་བཟོ་པ་གསོ་སྐྱོང་བྱེད་སའི་མཐོ་རིམ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཉག་གཅིག་པུ་དེ་ཡིན། སློབ་གྲྭ་དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་དུ་ཆགས་ཡོད། སློབ་གྲྭ་དེས་མཚོ་ལྷོའི་ལས་རིགས་སོ་སོའི་ཐད་སྐད་གཉིས་སྨྲ་བའི་འཇོན་ཐང་མི་སྣ་རབས་དང་རིམ་པ་གསོ་སྐྱོང་བྱས་མྱོང་ལ། ས་གནས་ཀྱི་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཀྱི་འཕེལ་རྒྱས་བཅས་ལ་ནུས་པ་གལ་ཆེན་ཐོན། 1986ལོའི་ཟླ1པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་དམངས་ཨུ་དང་སློབ་གསོ་ཐིན། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་མགོ་ཁྲིད་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་བཅས་པེ་ཅིན་ལ་ཕྱིན་ཏེ། ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་རིན་པོ་ཆེ་ལགས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་མཚན་བཏགས་སློབ་གཙོ་མཛད་དགོས་པའི་རེ་ཞུ་བྱས་ཤིང་། པཎ་ཆེན་རིན་པོ་ཆེས་ཀྱང་རེ་བ་དང་དུ་བླངས་པ་མ་ཟད། ཆེད་དུ་སློབ་གྲྭའི་མིང་བྱང་ཕྱག་བྲིས་གནང་། ཁོང་གིས་སློབ་གྲྭ་དེ་གར་གསུང་བཤད་གནང་སྐབས། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་ཚད་མཐོ་བའི་གདེང་འཇོག་གནང་ཞིང་། ཁོང་གིས་བསྟན་དོན། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་འདི་བཙུགས་པ་ཤིན་ཏུ་ལེགས། མཚོ་སྔོན་གྱི་བོད་ཁུལ་ལ་མཚོན་ན་འདི་འདྲ་ཞིག་ངེས་པར་མཁོ། ཏང་གི་མི་རིགས་སློབ་གསོའི་ཡང་དག་སྲིད་ཇུས་འོག སློབ་གྲྭ་འདི་འཕེལ་རྒྱས་འབྱུང་ཁོ་ཐག་ཡིན་ཏེ། སློབ་གྲྭ་འདིའི་མདུན་ལམ་ནི་འོད་སྟོང་འབར་བ་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས། ཁོང་གིས་མང་ཚོགས་ཀྱི་འབུལ་བ་དང་ཞུ་རྟེན་དུ་ཕུལ་བའི་དམངས་སྒོར་འབོར་ཆེན་སློབ་གྲྭར་ཕུལ་ཏེ་སློབ་གསོ་འཕེལ་རྒྱས་ཀྱི་མ་དངུལ་དུ་བཏང་ལ། མི་རིགས་སློབ་གསོ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་ཆེན་པོ་གནང་ཞིང་། མཚོ་ལྷོའི་མི་རིགས་སློབ་གསོའི་འཕེལ་རྒྱས་ཐད་བསུབ་ཏུ་མེད་པའི་མཛད་རྗེས་ཆེན་པོ་བཞག་མྱོང་། 
ཟླ10པའི་ཚེས16ཉིན་གྱི་སྔ་དྲོ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཡོངས་ཀྱི་ལག་ཏུ་མེ་ཏོག་དང་ཁ་བཏགས་ཐོགས་ཏེ། རྒྱ་ལམ་གྱི་འགྲམ་གཉིས་སུ་རུ་འཕྲེང་བསྟར་ཏེ་པཎ་ཆེན་རིན་པོ་ཆེ་ལ་སྐྱེལ་མ་བྱས། ཁུལ་དང་རྫོང་གི་མགོ་ཁྲིད་རྣམས་ཀྱིས་རི་བོ་ཉི་ཟླའི་འདབས་རོལ་བར་དུ་སྐྱེལ་མ་བྱས། པཎ་ཆེན་རིན་པོ་ཆེའི་རླངས་འཁོར་ནི་རིམ་གྱིས་ཐག་ཇེ་རིང་དུ་ཕྱིན་ཡང་། མི་ཚང་མ་ནི་ཧ་ཅང་འབྲལ་མི་འདོད་པར་ཡུན་རིང་ཧད་དེ་ལུས་འདུག
ལྔ། ཡང་བསྐྱར་གཟིགས་ཞིབ་ཏུ་ཕེབས་པའི་རེ་སྨོན།
མཚོ་ལྷོའི་བྱ་བར་གཟིགས་ཞིབ་གནང་སྐབས། ཁུལ་དང་རྫོང་གི་མགོ་ཁྲིད་རྣམས་ཀྱིས་ཆབ་འགག་ཆུ་མཛོད་ཀྱི་བཟོ་སྐྲུན་ཡོངས་གྲུབ་ཀྱི་མཛད་སྒོར་པཎ་ཆེན་རིན་པོ་ཆེ་ཕེབས་རོགས་ཞེས་རེ་བ་ཞུས་པར། པཎ་ཆེན་རིན་པོ་ཆེས་ཀྱང་དེ་དུས་ཁོམ་སྐབས་ཡོད་ན་ཕེབས་ངེས་པའི་ཁས་ལེན་གནང་། དེ་བས། ཁུལ་དང་རྫོང་ཨུའི་བཀོད་སྒྲིག་ལྟར། ང་ཚོས་པཎ་ཆེན་རིན་པོ་ཆེ་ཐེངས་གསུམ་པར་མཚོ་ལྷོར་ཕེབས་བསུ་ལ་གྲ་སྒྲིག་བྱས། 1988ལོའི་ཟླ3པ་ནས་བཟུང་། བདེ་སྐྱིད་ཐང་དུ་དད་ལྡན་མང་ཚོགས་ལ་མཇལ་ཁ་གཏོང་སའི་སྟེགས་བུ་ཞིག་བསྐྲུན་པ་དང་། ནམ་རྒྱུན་དུས་ཆེན་སོགས་སུའང་རིག་རྩལ་བྱ་འགུལ་སྤེལ་སའི་གར་སྟེགས་བྱེད་ཀྱིན་ཡོད། དེ་དཀྱིལ་སྙིང་དུ་བྱས་ཏེ་མི་དམངས་ཁྲི་ཕྲག་ཤོང་བའི་བདེ་སྐྱིད་ཐང་ཆེན་བསྐྲུན། ཐང་ཆེན་གྱི་མུ་ཁྱུད་དུ་སྡོང་འཛུགས་ནགས་སྐྲུན་བྱས་ཡོད། རྫོང་མི་དམངས་སྲིད་གཞུང་གི་ཕྱི་རར་ཆེད་དུ་པཎ་ཆེན་རིན་པོ་ཆེ་ངལ་གསོ་གནང་སའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་ཞིག་བསྐྲུན་ཡོད་ལ། ད་དུང་སྨི་གྲུ་བཞི་མ་བརྒྱ་ལྷག་ཡོད་པའི་ཚོགས་གུར་ཞིག་ཀྱང་གྲ་སྒྲིག་བྱས་ཡོད། ཟླ9པར་ཕེབས་བསུ་བྱེད་པའི་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ལ། ཆབ་འགག་ཆུ་མཛོད་ཀྱང་བདེ་བླག་ངང་ལེགས་གྲུབ་བྱུང་། ཡིན་ཡང་པཎ་ཆེན་རིན་པོ་ཆེ་ཁོང་བོད་ལྗོངས་སུ་བྱ་བའི་ལས་བྲེལ་གྱི་དབང་གིས་ཕེབས་མ་ཐུབ། 1988ལོར་ཟླ10པའི་ཚེས5ཉིན། ཆབ་འགག་ཆུ་མཛོད་ལེགས་གྲུབ་བྱུང་བའི་མཛད་སྒོ་དངོས་སུ་བསྡུས། པཎ་ཆེན་རིན་པོ་ཆེ་ཐེངས་གསུམ་པར་མཚོ་ལྷོར་གཟིགས་ཞིབ་ཏུ་ཕེབས་པའི་རེ་སྨོན་མ་འགྲུབ་བོ། །
བཞི་པ། པཎ་ཆེན་རིན་པོ་ཆེ་ལ་གྱེས་ཕྱག་ཕུལ་བ།
1988ལོའི་ཟླ7པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་དང་རྒྱལ་ཁབ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སུང་ཅན་དང་ཀྲུའུ་རིན་གཞོན་པ་ཅང་དབྱི་མིན་འཁོར་དང་བཅས་པ་གུང་ཧོ་རྫོང་ལ་གཟིགས་ཞིབ་ཏུ་ཕེབས། སུང་ཅན་གྱིས་གུང་ཧོ་རྫོང་གི་ཁྱད་ཆོས་དང་དགེ་མཚན་ནི་གཙོ་བོ་ཕྱུགས་ལས་ཐོན་སྐྱེད་གཉེར་རྒྱུ་དེ་རེད་ཟེར་ཞིང་། ཁུལ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་རྣམས་ཡོ་རོབ་ནུབ་མའི་སྟོབས་ལྡན་རྒྱལ་ཁབ་དག་ཏུ་ཕྱུགས་ལས་ཚོང་གཉེར་དོ་དམ་དང་། ཕྱུགས་ལས་མཐུན་ཚོགས་ཀྱི་རྩ་འཛུགས་རྣམ་པ་དང་ཐོན་སྐྱེད་བྱེད་ཐབས་སོགས་ཀྱི་ཐད་སློབ་སྦྱོང་བྱེད་དུ་འགྲོ་དགོས་པའི་བསམ་འཆར་བཏོན། ཞིབ་འཇུག་བརྒྱུད་དེ་མཐར་ཁུལ་དཔོན་པདྨ་ལགས་ཀྱིས་སྣེ་ཁྲིད་འོག་ང་ཚོ་མཚོ་སྔོན་ཕྱུགས་ལས་ཚན་རྩལ་རུ་ཁག་མི་ལྔ་འཇར་མན་དང་དབྱིན་ཇི་བཅས་ལ་རྟོག་དཔྱོད་དུ་ཕེབས་རྒྱུ་ཐག་བཅད། ཟླ11པའི་ཚེས17ཉིན། ང་ཚོ་པེ་ཅིན་དུ་འབྱོར་ཞིང་འབྲེལ་བ་བརྒྱུད་དེ་ཕྱི་དྲོ་ཆུ་ཚོད3སྟེང་པཎ་ཆེན་རིན་པོ་ཆེ་ལགས་ལ་མཇལ་རྒྱུ་བྱས།(ཉིན་དེ་ནི་གཟའ་ཉི་མ་ཡིན་པས། དད་ལྡན་མང་ཚོགས་པཎ་ཆེན་ལགས་ལ་མཇལ་ཐུབ་པའི་དུས་ཚོད་ཡིན་ཞིང་། མཇལ་བ་མང་པོས་སྒོ་ཁ་ནས་སྒུག་འདུག) མཇལ་བ་རྣམས་སོང་ཚར་རྗེས། ང་ཚོས་སྣེ་ལེན་ཁང་དུ་པཎ་ཆེན་རིན་པོ་ཆེར་ཁ་བཏགས་ཕུལ་ཞིང་། ཐེངས་འདིའི་ཡོང་དོན་སྙན་ཞུ་བྱས། ཁོང་གིས་རྟོག་དཔྱོད་འདི་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཤིང་། ཁྱོད་ཚོ་སྟོབས་ལྡན་རྒྱལ་ཁབ་གཞན་དུ་ཕྱུགས་ལས་ཚོང་གཉེར་དོ་དམ་ལ་སློབ་སྦྱོང་དུ་འགྲོ་བ་ནི་དོན་དག་བཟང་བོ་ཞིག་ཡིན་ཏེ། འདི་ནི་ཤེས་རྒྱ་དང་མཐོང་རྒྱ་བསྐྱེད་དེ་ཚན་རིག་གི་སྒོ་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་ལུགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན། ཁྱོད་ཚོའི་བསམ་དོན་འགྲུབ་པ་ཤོག ཅེས་གསུངས་ཤིང་། ད་དུང་ང་ཚོ་ཕྱིར་ལོག་དུས་ཁོང་གིས་བསུ་བ་བྱེད་ཅེས་གསུངས། གསུང་མོལ་གནང་བའི་སྐབས་སུ་ཁོང་གིས་ཁུལ་དཔོན་པདྨའི་ལག་པར་རྨས་སྐྱོན་ཡོད་པ་གཟིགས་ནས། དེ་མ་ཐག་གླ་རྩི་ཞིག་གནང་སྟེ་གཟབ་གཟབ་གནང་དགོས་པར་གསུངས། ཟླ12པའི་ཚེས9ཉིན། སློབ་སྦྱོང་མཇུག་སྒྲིལ་ཏེ་ཕྱིར་པེ་ཅིན་དུ་ཐོན། བློ་བཟང་ཧྲུའུ་ཅིས་འབྲེལ་བ་བརྒྱུད། ཚེས10ཉིན་སྒར་ནས་ང་ཚོ་ལ་མགྲོན་བསུ་བྱས་ཤིང་ང་ཚོ་ལ་རྟེན་འབྲེལ་ཞུས། ཁུལ་དཔོན་པདྨས་ཐེངས་འདིའི་སློབ་སྦྱོང་གི་གནས་ཚུལ་སྙན་ཞུ་བྱས་ཤིང་། ཕྱིར་སོང་ནས་ཕྱུགས་ལས་མཐུན་ཚོགས་བཙུགས་ཏེ་ལག་ལེན་བྱ་རྒྱུའི་འཆར་བཀོད་ཡར་ཞུ་བྱས། པཎ་ཆེན་རིན་པོ་ཆེ་ལགས་ཀྱིས་ཡིད་འཐད་བྱུང་སྟེ། ཚན་རིག་ལག་རྩལ་ནི་ཕྱུགས་ལས་འཕེལ་རྒྱས་འགྲོ་བའི་ཐབས་ལམ་ཉག་གཅིག་ཡིན་པ་དང་། ཁྱོད་གཉིས་ཐེངས་འདིའི་སློབ་སྦྱོང་ཁྲོད་ཐོབ་བྱ་ཆེན་པོ་ཡོད་འདུག་སྟེ། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་བ་ཆེན་པོ་བྱུང་འདུག ཕྱིར་ལོག་རྗེས་སྙིང་སྟོབས་ཆེན་པོས་ལག་ལེན་བྱོས། ཞེས་གསུངས་བྱུང་། ཐེངས་དེའི་ལྷན་འཛོམས་སྐབས་ད་དུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དྲུང་ཡིག་གཞོན་པ་དང་། ལོ་ཙཱ་བ་གྲགས་ཅན་ལི་ཙའོ་མིན་ལགས་ཀྱང་ཡོད། ཉིན་དེར་པཎ་ཆེན་རིན་པོ་ཆེའི་སེམས་ཁམས་ཤིན་ཏུ་དྭངས་འདུག་སྟེ། ཁོང་གིས་ཁྱོད་ཚོ་རྟོག་དཔྱོད་སློབ་སྦྱོང་ལ་སོང་བའི་ཉིན་ཉི་ཤུའི་རིང་ལ་ཤ་ཟོས་མེད་པས། ཆེད་དུ་ལུག་ཤ་གྲ་སྒྲིག་བྱས་ཡོད་ཅེས་གསུངས་ཤིང་། ཁོང་གིས་པེ་ཅིན་གྱི་མིས་ངའི་ཤ་མོག་འདི་ཟ་རྒྱུར་ཤིན་ཏུ་དགའ། ཁོ་ཚོས་འདི་ལ་པཎ་ཆེན་ཤ་མོག་ཅེས་མིང་བཏགས་ཡོད། སྐད་གྲགས་ཀྱང་ཅུང་ཆེ། ཁྱོད་ཚོས་ཟོ་དང་། ཞེས་ཀུ་རེ་རྩེད་མཚར་གྱིས་གསུངས་བྱུང་། ཧ་ཅང་ལྷོད་ཡངས་དང་སྤྲོ་སྣང་གིས་ཁེངས་པའི་གསོལ་ཐུན་དེས་ང་ཚོ་རང་ཡུལ་ལ་འབྱོར་བ་ལྟ་བུའི་ཚོར་བ་སྦྱིན་འོངས། གསོལ་ཐུན་ལ་རོལ་རྗེས་ང་ཚོས་པཎ་ཆེན་རིན་པོ་ཆེ་ལགས་ལ་གྱེས་ཕྱག་ཕུལ་ཏེ་ལམ་ལ་ཆས། བསམ་ཡུལ་ལས་འདས་པ་ཞིག་ལ། ཐེངས་དེ་ནི་ང་ཚོ་པཎ་ཆེན་རིན་པོ་ཆེ་དང་གཏན་དུ་གྱེས་པ་ཡིན་སོང་།
ལྔ་པ། དགོངས་པ་ཆོས་དབྱིངས་སུ་ཐིམ་པ།
1989ལོའི་ཟླ1པའི9ཉིན། པཎ་ཆེན་རིན་པོ་ཆེ་ལགས་པེ་ཅིན་ནས་གནམ་གྲུར་བསྡད་དེ་བོད་ལྗོངས་སུ་ཕེབས་ཤིང་། གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་གྱི་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་སྐུ་གདུང་མཆོད་རྟེན་དང་པཎ་ཆེན་ཤར་གླིང་བཀྲ་ཤིས་རྣམ་རྒྱལ་གླིང་རབ་གནས་མཛད། སྐུ་ཚགས་ཆེ་བའི་དབང་གིས་སྙིང་གི་སྙུང་གཞི་འཕར་ཏེ། 1989ལོའི་ཟླ1པའི་ཚེས28ཉིན། པཎ་ཆེན་རིན་པོ་ཆེ་ལགས་དགུང་ལོ51བཞེས་སྐབས་སུ་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། མི་འདོད་གཏམ་ངན་དེ་བསྒྲགས་འོང་དུས། ངའི་སྙིང་གསོན་པོ་ཚལ་བ་སྟོང་དུ་གས་པ་ལྟ་བུའི་ན་ཟུག་དྲག་པོ་སྐྱེས་ཤིང་། སེམས་སུ་མེ་ལྕེ་འབར་བ་བཞིན་དུ་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་བའི་མོད་ལ། ཕངས་སེམས་ཀྱི་མཆི་མ་ཕྲེང་ཐག་ཆད་པ་ལྟར་བཞུར་སོང་། མཚོ་ལྷོའི་རིགས་སོ་སོའི་མང་ཚོགས་ཐམས་ཅད་སྡུག་བསྔལ་གྱི་ཁུར་བོས་རབ་ཏུ་མནོན་ཞིང་། ཁྱིམ་ཚང་རེ་རེ་དང་རྒན་དར་གཞོན་གསུམ་ཚང་མས་མྱ་ངན་གྱི་མིག་ཆུ་འདོན་ཞིང་། དགོན་པ་སོགས་སུ་མཆོད་མེ་འཇོག་པ་དང་། བསྔོ་སྨོན་གསོལ་འདེབས་ས་གསུམ་འགེངས་པ་བྱས་ལ། ཁོང་གི་སྤྲུལ་སྐུ་མྱུར་དུ་འབྱོན་པའི་སྨོན་ལམ་སྙིང་ནས་འདེབས་ཀྱིན་འདུག སྐབས་དེར། དགོན་པ་དང་དད་ལྡན་མང་ཚོགས་ཀྱི་རེ་བ་ལྟར། ཁུལ་ཨུ་སྲིད་གཞུང་གིས་རྫོང་ཁག་ལྔ་ནས་སྐྱེལ་ཡོང་བའི་འབྲུ་དང་མར། དམངས་སྒོར་སོགས་ལྷན་དུ་བསྡུས་ཏེ་གཅིག་གྱུར་གྱིས་བཀྲ་ཤིས་ལྷུན་པོ་དགོན་པར་སྐྱེལ། ལོ་དེའི་ཟླ1པའི་ཚེས་1ཉིན། རྫོང་སྲིད་གཞུང་གིས་འབྲུ་རིགས་བརྩིགས་པའི་དོས་འཁོར་བདུན་དང་། འབྲི་མར་བརྩིགས་པའི་དོས་འཁོར་གཅིག་བཅས་བསྡོམས་པས་དོས་འཁོར་བརྒྱད་བཀོད་སྒྲིག་བྱས་ཤིང་། ད་དུང་དམངས་སྒོར་ཁྲི་བཅུ་བཞི་བཅས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གནམ་ལྷ་རྒྱལ་དང་། གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་པདྨ་ལྷུན་གྲུབ། རྫོང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་རིན་ཆེན་བཀྲ་ཤིས་བཅས་ཀྱིས་འགན་འཁུར་ཏེ་ཟླ་དང་པོའི་ཚེས་ལྔ་ཉིན་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་སྐྱེལ་ནས་བདེ་བླག་ངང་འབྱོར།
མཇུག་གི་གཏམ།
ཁུལ་ཡོངས་ཀྱི་དད་ལྡན་མང་ཚོགས་ཀྱི་རེ་འདོད་སྐོང་ཕྱིར་དང་། རྒྱལ་གཅེས་དམངས་གཅེས་ཀྱི་སྐྱེས་བུ་དམ་པ་པཎ་ཆེན་རིན་པོ་ཆེ་ཁོང་གི་བཀའ་དྲིན་རྗེས་སུ་དྲན་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐབས་དེའི་གུང་ཧོ་རྫོང་གི་རྫོང་དཔོན་ཡིན་པའི་ང་རང་ལ་འགན་འཁུར་བགོས་ཏེ། བདེ་སྐྱིད་ཐང་དུ་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་མཆོད་རྟེན་ཞིག་བཞེངས་རྒྱུར་ཐག་བཅད། མཆོད་རྟེན་བཞེངས་པའི་མ་དངུལ་ཉུང་ཤས་ཤིག་དད་ལྡན་མང་ཚོགས་ནས་བསྡུས་པ་ཕུད། དེ་ལས་གཞན་པའི་འགྲོ་གྲོན་ཕོན་ཆེན་པོ་རྫོང་སྲིད་གཞུང་ནས་བཏང་། ཁུལ་དམངས་འཐུས་ཀྱི་ཀྲུའུ་རིན་གཞོན་པ་ཨ་ལགས་དཔོན་འཇམ་དབྱངས་ཚང་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལགས་ཁྲི་བ་ཚང་། དགོན་གསར་གྱི་ཀྲུའུ་རིན་ཨ་ཁུ་ཚེ་བརྟན་ལགས་བཅས་གདན་ཞུ་བྱས་ཏེ་མཆོད་རྟེན་བཞེངས་པའི་ཆོས་ཀྱི་ཆོ་ག་སྣ་ཚོགས་སྤེལ། 1989ལོའི་ཟླ7པའི་ཟླ་མཇུག་ཏུ་རྗེས་དྲན་མཆོད་རྟེན་བཞེངས་གྲུབ་བྱུང་། ཟླ8པའི་ཚེས12ཉིན་རྗེས་དྲན་མཆོད་རྟེན་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་ཞིང་རབ་གནས་མཛད། མཛད་སྒོའི་སྟེང་བདག་གིས་མགོ་འཛིན་བྱས་ཏེ་མཆོད་རྟེན་བཞེངས་པའི་གནས་ཚུལ་ངོ་སྤྲོད་བྱས། ཐེངས་འདིར་ཕེབས་པའི་མགོ་ཁྲིད་ནི་མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་དབྱིན་ཁི་ཧྲིན་དང་ཧྲུའུ་ཅི་གཞོན་པ་སངས་རྒྱས་སྐྱབས། ཁུལ་ཨུའི་ཧྲུའུ་ཅི་དོན་གྲུབ་རྒྱལ། ཁུལ་དཔོན་པདྨ་བཅས་ཡོད་ལ། དགོན་གསར་གྱི་གྲྭ་བཙུན་བརྒྱ་ལྷག་གིས་རབ་གནས་མཛད་ཅིང་དད་ལྡན་མང་ཚོགས་ཁྲི་ཕྲག་ཕེབས་ཡོད་པས་གཟབ་རྒྱས་ཤིག་འཁྱོངས་སོང་།
གངས་རི་དང་གཙང་བོས་སྐྱོ་བའི་མིག་ཆུ་བཏོན་བཞིན། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་ཀྱི་གྲོགས་པོ། བོད་རིགས་དད་ལྡན་མང་ཚོགས་ཀུན་གྱི་རེ་བ་ཞུ་ས་དང་སེམས་ཀྱི་རྟེན་གཞིར་གྱུར་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཁོང་སྐུ་གཤེགས་པར་རྗེས་དྲན་ཚད་མེད་བྱེད། དེ་ནི་བོད་རིགས་མི་དམངས་ཀྱི་གུས་པར་འོས་པའི་རླབས་ཆེའི་མགོ་འཛིན་དང་སློབ་དཔོན་ཆེན་པོ་ཞིག་ང་ཚོ་དང་གཏན་དུ་ཁ་བྲལ་བར་མ་ཟད། རྒྱལ་ཁབ་དང་རིགས་སོ་སོའི་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཀྱང་ཡིན་ནོ། །
ང་ཚོའི་མཆོད་གནས་དང་དད་ཡུལ་དུ་གྱུར་པའི་པཎ་ཆེན་རིན་པོ་ཆེ་ཁོང་ང་ཚོ་དང་དུས་གཏན་དུ་གྱེས་སོང་ནའང་། ཁོང་གི་རླབས་ཆེ་བའི་མཛད་བཟང་དང་བཀའ་སློབ་ནམ་ཡང་མི་ཡུལ་འདིར་རྟག་ཏུ་བརྟན་ཞིང་། ཉི་ཟླ་བཞིན་འོད་འཚེར་ཞིང་གཙང་ཆབ་བཞིན་རྒྱུན་ཆད་མེད་པར་འབབ། པཎ་ཆེན་རིན་པོ་ཆེ་ནི་ང་ཚོའི་སེམས་ཀྱི་གཏིང་རུམ་དུ་གསོན་པོར་གནས་ཡོད།
པདྨ་རིན་ཆེན་གྱིས2019ལོའི་ཟླ1པར་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་ནས་སྦྱར།
ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།