༄༅།།མཚོ་ལྷོ་ཁུལ་འབའ་རྫོང་གི་རྫོང་རུའི་རིག་གནས་སྐོར་ངོ་སྤྲོད་རགས་བསྡུས།

རྩོམ་པ་པོ།:ངེད་དྲ་བ། དུས་ཚོད།:2020-06-24 ཀློག་གྲངས།:
དུས་རབས20བའི་ལོ་རབས70ཡི་དུས་དཀྱིལ་དུ། འབའ་རྫོང་མཐུན་སྒྲིལ་སྡེ་བའི་སྡེ་དམངས་ཀྱིས་ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་བྱེད་དུས། བསམ་ཡུལ་ལས་འདས་པར་མི་དང་སྲོག་ཆགས་མང་པོའི་ཀེང་རུས་དང་ཚོན་རྫ་སྐོར་ཞིག་རྙེད་ལ། སྐབས་དེར། ཁོ་ཚོས་གནས་ཚུལ་འདི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་ཀྱང་མཐོང་ཆེན་ལེགས་པོ་མ་བྱུང་། རྗེས་སུ་ཀེང་རུས་དང་ཚོན་རྫའི་ཆག་རོ་མང་པོ་ཞིང་ཁའི་གྲུ་ཟུར་དང་ཆུ་བོའི་ཁྲོད་གཡུགས་ཡོད།
1983ལོར། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གི་འབྲེལ་ཡོད་མི་སྣ་མཐུན་སྒྲིལ་སྡེ་བར་ཡོང་སྟེ། ཐོ་རུ་ཐང་མཐའ་འཁོར་གྱི་དུར་སའི་རྗེས་ཤུལ་རྔོག་འདོན་བྱ་རྒྱུ་ཐག་གིས་བཅད། རྔོག་འདོན་བྱེད་པའི་ཁྲོད། སྒོར་དབྱིབས་ཅན་གྱི་ས་ཁུང་ཞིག་རྙེད་ཅིང་། དེའི་ནང་ས་ཁུང་ལས་ཕྱིར་མ་བཏོན་པའི་རྫ་མ6དང་ཤིང་སོལ་ཡོད། དེའི་མཚུངས་སུ་དུར་ས་གཉིས་རྙེད་པ་སྟེ། དེ་གཉིས་ཀྱི་བར་ལ་ལི་སྨི80དང་། ཞེང་ཚད་ལ་ལི་སྨི100དང་གཏིང་ཚད་ལ་ལི་སྨི124ཡོད་ལ། ནང་དུ་སྐྱེས་མེད་ཅིག་གི་བམ་པོ་འདུག དུར་ས་གཞན་དེ་ནི་རིང་ཚད་ལ་སྨི185དང་ཞེང་ཚད་ལ་ལི་སྨི100། གཏིང་ཚད་ལ་ལི་སྨི140ཡོད་ལ། ནང་དུ་རྫ་མ4མགོ་སྟེང་དུ་བཞག་པའི་ན་གཞོན་ཞིག་གི་བམ་པོ་འདུག ཐེངས་དེའི་རྔོག་འདོན་ཁྲོད་རིག་དངོས25བཏོན་པ་དང་། དེའི་ཁྲོད་རྫ་དེམ8དང་རྫ་ཕོར3། རྫ་མ14ཡོད། རིག་དངོས་འདི་དག་ཕལ་ཆེར་རིགས་གཉིས་སུ་དབྱེ་སྟེ། གཅིག་ནི་འདམ་རྫི་ཚོན་དམར་རྫ་ཆས་ཏེ་བསྡོམས་པས4ཡོད་ཅིང་། སྤུས་དག་ལ་སོ་མག་གི་དམར་མདངས་ལྡན། ཅིག་ཤོས་ནི་བྱེ་རྒྱུ་རྫ་དམར་རྒྱུད་དེ་བསྡོམས་པས21ཡོད་པ་དང་། སྤུས་མཁྲེགས་ཤིང་མེ་ཤུགས་ཆེ་ལ་རྫ་ངོས་སྲབ། དེའི་ཁྲོད་རྫ་ཆས5ནི་ཚོན་ནག་ཡིན། དེ་དག་གི་རྫ་སྤུས་མི་འདྲ་ལ་དབྱིབས་མི་མཚུངས་ནའང་། བཟོ་དབྱིབས་སྙོམས་ལ་ཆ་འགྲིག་པ་དང་། རྒྱན་རིས་མཐུན་ཞིང་གཅིག་གྱུར་དུ་སྣང་ལ། པན་ཧྲན་རྣམ་པའི་ཐོག་མའི་དུས་སུ་གཏོགས་པ་བདེན་དཔང་བྱས། དེར་བལྟས་ན་སྐབས་དེའི་སྤྱི་ཚོགས་ལ་ཅུང་ཁེར་རྐྱང་གི་ཐོན་སྐྱེད་སྡེ་ཁག་ཡོད་པ་མ་ཟད། ལག་རྩལ་མཐོན་པོ་འདུག་ཅིང་། རྨ་ཆུ་སྟོད་རྒྱུད་ཀྱི་དཔལ་ཡོན་གྲུབ་པ་དང་འཕེལ་རྒྱས་ཀྱི་ཐད་ཞིབ་འཇུག་པར་གཞི་འཛིན་ས་ལེགས་པོ་མཁོ་འདོན་བྱས། 1986ལོའི་ཟླ7པར། ཐོ་རུ་ཐང་ཤུལ་གནས་དེ་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་ཚུད།
1994ལོར། རིག་དངོས་གནའ་རྫས་རྟོག་ཞིབ་ལས་སྒྲུབ་པས་ཐོ་རུ་ཐང་གི་སྔར་གྱི་ཤུལ་གནས་རྔོག་རྒྱ་བསྐྱེད་པ་དང་། མཐུན་སྒྲིལ་སྡེ་བ་དང་འབའ་མདོ་སྡེ་བ། ཁ་སྒང་སྡེ་བ་བཅས་དང་འབྲེལ་བའི་ས་ཁུལ་དག་ལ་ས་གནས་མང་ཚོགས་ཀྱིས་རྫོང་རུ་ཞེས་ཟེར་ཞིང་མི་ཚོགས་འདུས་པའི་ས་ཡིན། ས་གནས་མང་ཚོགས་ཀྱི་ཡུལ་སྲོལ་ལ་བརྩི་བཀུར་བྱ་ཆེད། གནའ་རྫས་རྟོག་ཞིབ་པས་ཐོ་རུ་ཐང་ཤུལ་གནས་ནི་རྫོང་རུའི་གནའ་ཤུལ་དུ་མིང་བཏགས་ཤིང་། དེའི་གནའ་ཤུལ་རིག་གནས་ལ་རྫོང་རུའི་རིག་གནས་སུ་གསོལ། སྔོན་དུས་གནས་འདི་ནི་བོད་རིགས་འབྲོག་པའི་རུ་བའི་རྫོང་ལྟ་བུ་ཞིག་ཡིན་པས་གནས་འདིའི་མིང་ལའང་རྫོང་རུ་ཞེས་སུ་གྲགས་པར་བཤད།1994ལོར་གནའ་རྫས་རྟོག་ཞིབ་པས་མཐུན་སྒྲིལ་སྡེ་བའི་ནུབ་ཀྱི་བྱེ་མའི་ལུང་བའི་ཕྱོགས་ཀྱི་གནས་ཤིག་རྔོག་འདོན་བྱེད་པའི་གནས་གཞི་རུ་བྱས་ཤིང་། ཟླ6པའི་ཟླ་མཇུག་ནས་ཟླ10བའི་ཟླ་སྟོད་བར་གཞི་བཅས་ཏེ་བསྡོམས་པས་དུར་ས80རྔོག་འདོན་བྱས་པ་དང་། རིག་དངོས་ལ་འཚོ་བའི་སྤྱོད་ཆས་དང་ཐོན་སྐྱེད་ལག་ཆ། རྒྱན་ཆས་སོགས་བསྡོམས་པས2571ཕྱིར་བཏོན།
རིག་གནས་ཀྱི་ངོ་བོ་འདི་སྔར་ལས་ངོམ་པར་བྱ་ཆེད། 1995ལོའི་ཟླ4བར་རིག་དངོས་གནའ་རྫས་རྟོག་ཞིབ་པས་འཚོ་བའི་ཁུལ་དུ་རྔོག་འདོན་བྱས་ཏེ་གསར་རྙེད་ཆེན་པོ་བྱུང་། གནའ་རྫས་རྟོག་ཞིབ་པས་གནས་གཞི་གཉིས་དང་བཞི་བའི་མདུན་ཕྱོགས་སུ་དུར་ས་དང་ཐལ་དོང་སྐོར་ཞིག་སྟེ། རུས་ཚེབ་དང་རྡོ་ཆས་ཕྲ་མོ་འདུས་པའི་རིག་དངོས་མང་པོ་བཏོན། 1995ལོ་དང1996ལོར། བྱེ་མའི་ལུང་ཆེན་གྱི་ནུབ་ཕྱོགས་ཁ་སྒང་སྡེ་བའི་ཞིང་ཁའི་མདུན་ཕྱོགས་ཀྱི་ས་སྟོང་དུ་སྨྱན་བྱད་ཀྱིས་རྒྱ་ཆེར་སྒྲོག་པའི“རྒྱལ་ཁབ་ཀྱི་ནོར་བུ”རུ་གྲགས་པའི་གར་གཞོང་དང་མི་གཉིས་ཀྱིས་འདེགས་པའི་རིས་གཞོང་རྙེད་ཅིང་། གར་གཞོང་ནི་རྫོང་རུའི་གནའ་ཤུལ་གྱི་དུར་ཨང159རུ་བཏོན་ལ། དམར་སེར་འདམ་རྫའི་ངོས་སུ་ཚོན་ནག་གིས་བྲིས་པའི་མཛེས་ཤིང་སྡུག་པའི་རི་མོ་དང་། གུ་དོག་པའི་ཁ་སྟེང་དུ་གཞུ་ཐིག་ཟུར་གསུམ་རི་མོ་དང་ཐུང་བའི་གསེག་ཐིག་རི་མོ་བྲིས་ཡོད་ལ། དོ་སྙོམས་ཤིང་རང་དབང་དུ་གྲུབ་པའི་སྣང་བ་སྟེར། ཕྱི་ངོས་སུ་ཅུང་སྦོམ་པའི་རྒྱུད་རིས་བཞི་བྲིས་ཡོད། ཆེས་ངོ་མཚར་བ་ནི་ནང་ངོས་ཀྱི་གོང་དུ་གར་མཁན་གྱི་སྐུ་གཉིས་ཏེ། སོ་སོར་མི11དང་མི13ཡོད་ལ། མགོ་རྒྱན་ཅུང་ཞེང་ཆེ་བ་དང་ལག་འཇུ་བྱས་ཡོད་པ་ལས་ཚོགས་པའི་བྲོ་གར་གྱི་སྣང་བརྙན་ངོམ་ལ། གནའ་བོའི་རིག་གནས་ཀྱི་གསོན་ཉམས་ལྡན་ཡོད། སྤྱིའི་ཆ་ནས་བལྟས་ན། འདི་ལྟ་བུའི་རྫ་ཆས་ནི་གནའ་བོའི་ཚོན་རིས་སྒྱུ་རྩལ་གྱི་ཆེས་མཐོ་བའི་ཚད་དུ་སླེབས་ཡོད་ཅིང་། གཞལ་དུ་མེད་པའི་ནོར་བུ་རྩ་ཆེན་དུ་གྲགས། མི་གཉིས་ཀྱིས་འདེགས་པའི་རིས་གཞོང་ནི་དུར་ས་ཨང192སུ་རྙེད་པ་དང་། ཁ་མདོག་ནི་གསེག་ཐིག་ཟུར་གསུམ་རི་མོ་དང་ཕྱིའི་ཚོན་མདངས་ནི་གསུམ་ཐིག་གཅུས་མདུད་རི་མོ་ཡིན་ལ། འདི་དག་ནི་མཱ་ཅཱ་ཡོའོ་རིགས་ཀྱི་ཚོན་ལྡན་རྫ་གཞོང་སྟེང་གི་གྲགས་ཅན་རྒྱན་རིས་ཡིན། ནང་གི་ཚོན་རིས་ནི་དབུས་ཀྱི་གོང་གི་ཁག་ཏུ་ཡོད་ལ། རྒྱན་རིས་གཙོ་བོ་ནི་ཆ་འགྲིག་པའི་མི་གཉིས་ཀྱིས་དངོས་པོ་འདེགས་པའི་རི་མོ་བཞི་ཡིན་པ་དང་། བར་དུ་འཕྲེད་གཞུང་སྦོམ་ཕྲའི་རི་མོས་གྲུབ་པའི་གཞོགས་འདེགས་རི་མོ་ཡོད་ལ། གོང་འོག་སྣེ་གཉིས་སུ་སོ་སོར་རྒྱུད་རིས་གཅིག་དང་རྒྱུད་རིས་ལྔ་ཡིས་བར་བཅད་དེ། ཕྱོགས་བཞི་ཆ་འཕྲིག་དང་ཕྱོགས་གཉིས་མཐུད་འགྲིག་པའི་མཛེས་སྡུག་གི་རི་མོ་གྲུབ་ཡོད། ཚོན་ལྡན་རྫ་གཞོང་གི་མི་གཉིས་ཀྱིས་དངོས་པོ་འདེགས་པའི་རི་མོ་ནི། རྩོམ་པ་པོས་སྒོར་ཚེག་གིས་མིའི་མགོ་བོ་དང་། སྦོམ་ཐིག་གིས་མིའི་ལུས་པོ། ཕྲ་ཐིག་གིས་མིའི་རྐང་ལག་བཞི་བསྟན་པ་དང་། མི་གཉིས་ཁ་གཏད་དུ་རྐང་པ་གྱེས་ནས་ཀྲོང་ངེར་ལངས་ལ། སྒལ་བ་ཅུང་སྒུར་ནས་ཡོད་པ་དང་། ལག་པ་གཉིས་ཀྱིས་མཉམ་དུ་སྒོར་དབྱིབས་དངོས་པོ་ཞིག་ཡར་བཏེགས་ཡོད། སྨྱུག་ཁ་འགས་མི་གཉིས་ཀྱིས་དངོས་པོ་ལྕི་མོ་ཞིག་འདེགས་པའི་རྣམ་པ་ཤིན་ཏུ་གསོན་ཉམས་ལྡན་ལ་ངོ་མཚར་ཆེ། ཤུལ་གནས་ཨང14ཡི་སོལ་དོང་དུ། རང་རྒྱལ་རྡོ་ཆས་གསར་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཁྲོད་ཐོག་དང་པོར་རིང་ཚད་ལ་ལི་སྨི25.7ཅན་གྱི་རུས་ཚེབ་རྙེད་ཅིང་། དེར་ཡུ་བ་དང་ཚེབ་མགོ་གཉིས་ཀྱིས་གྲུབ་པ་དང་། ཆེད་མཁས་པ་རྣམས་ཀྱིས་སྐབས་དེའི་ཟས་སྤྱོད་ལག་ཆས་ཡིན་པར་འདོད། རུས་ཚེབ་རྙེད་པ་འདིས་མཱ་ཅཱ་ཡོའོ་རིག་གནས་དུས་སྐབས་ཀྱི་མི་རྣམས་ལ་རུས་ཚེབ་རིགས་ཀྱིས་ཟས་སྤྱོད་མཁོ་ཆས་བཟོ་བའི་རྩལ་ཡོད་པ་གསལ་བཤད་བྱས་པ་དང་། སྐབས་དེར་རྫོང་རུའི་མི་རྣམས་ཀྱི་དཔལ་འབྱོར་འཚོ་བའི་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་མངོན་པར་མཚོན། 1996ལོའི་ལོ་མཇུག་ཏུ། རྫོང་རུའི་གནའ་ཤུལ་གྱི་རྔོག་འདོན་བྱ་བ་མཇུག་སྒྲིལ་ལ་ཉེ་ཞིང་། བསྡོམས་པས་དུར་ས341དང་། འཚོལ་རྟོག་དྲ་མིག31། སོལ་དོང18། མཆོད་འབུལ་དོང18སློག་པ་དང་། རིག་དངོས23000ལྷག་ཕྱིར་བཏོན།
ཕྱིར་བཏོན་རིག་དངོས་ལེགས་སྒྲིག་བྱེད་པའི་གོ་རིམ་ཁྲོད། རིག་དངོས་གནའ་རྫས་རྟོག་ཞིབ་ཆེད་མཁས་པས་འོ་དཀར་བྱེ་རྒྱུ་རྫ་ཆས་སྟེང་དམར་ནག་གི་ཚན་རིས་བྱུག་ཡོད་པ་དང་། རྒྱན་རིས་ལ་བྱ་རིས་དང་། དབྱིབས་འགྱུར་བྱ་རིས། གཞུང་ཐིག་རྩེ་ལྟེབ་རི་མོ། མུ་འབྲེལ་དཀྱོག་ཐིག་རི་མོ། ཟུར་གསུམ་རི་མོ་སོགས་ཡོད་པ་དང་། ཡོ་བྱད་ལ་ལའི་སྐེ་དང་ཕྲག་པ། ལྟོ་བར་ཟུར་སྣོན་རི་མོ་ཡོད་པ་རྟོགས། དུར་ས་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་གཞན་དུ་རྙེད་པའི་རིགས་མཚུངས་དུར་ས་དང་ཁྱད་པར་ཆེན་པོ་ཡོད་པ་དང་ས་ཁོངས་ཀྱི་ཁྱད་ཆོས་དྲག་པོ་ལྡན། འདི་ལྟ་བུའི་རིག་གནས་གནའ་ཤུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་དང་ཁྲི་ཀ་རྫོང་སོགས་སུའང་རྙེད་ཡོད། ས་རིམ་འབྲེལ་བ་ལྟར་ན། གནའ་ཤུལ་འདི་ནི་ཆི་ཅཱ་རིག་གནས་ལས་ཀྱང་སྔ་བ་དང་། རྫ་ཆས་ཀྱི་རྒྱན་རིས་ཞིབ་བསྡུར་བྱས་ན། དེ་ནི་མཱ་ཅཱ་ཡོའོ་ཡི་རིགས་དང་པན་ཧྲན་རིགས་ལ་འབྲེལ་བ་དམ་ཟབ་ཡོད་ལ། ལོ་རབས་ཀྱི་བར་ཐག་དེ་འདྲའི་རིང་བོ་མི་འདུག ཞིབ་འཇུག་བྱས་ཏེ་གཏན་འཁེལ་བྱེད་པར་བརྒྱུད། རྫོང་རུའི་གནའ་ཤུལ་ནི་ཆི་ཅཱའི་རིག་གནས་དུས་སྐབས་ལ་བརྒྱུད་ཡོད་ལ། མཱ་ཅཱའི་ཚོན་ལྡན་རྫ་དེམ་དང་རྫ་ཁོག རྫ་གཞོང་། པན་ཧྲན་གྱི་ཚོན་ལྡན་རྫ་དེམ་དང་རྫ་མ་སོགས་རྙེད་པ་འདིས། རྫོང་རུའི་རིག་གནས་གནའ་ཤུལ་དེ་དུས་ཡུན་རིང་བོ་ཞིག་རྒྱུན་བསྲིངས་ཡོད་པ་གསལ་བཤད་བྱས་པ་དང་། འོ་དཀར་བྱེ་རྒྱུ་རྫ་ཆས་སྟེང་དུ་དམར་སྨུག་གི་ཚོན་རིས་བྱུག་པའི་རྫ་ཆས་ལ་ས་གནས་ཀྱི་ཁྱད་ཆོས་དྲག་པོ་ལྡན་ལ། དེ་དག་མཉམ་གནས་ཀྱི་རྣམ་པ་འདིས་རིག་གནས་སྣ་འགའ་ཕན་ཚུན་ལ་ཤུགས་རྐྱེན་དང་རེས་མོས་འཕེལ་རྒྱས་སུ་འགྲོ་བའི་དུས་རབས་ཀྱི་རྒྱབ་ལྗོངས་གསལ་བཤད་བྱས། འདིར་ངེས་པར་དུ་བསྟན་དགོས་པ་ཞིག་ནི། གནའ་ཤུལ་ཁྲོད་ཆེས་རྒྱུན་ལྡན་མཐོང་བ་ནི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུ་རྐྱེན་གསར་བ་དེ་ཡིན། དེ་ནི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་ཤེས་ཟིན་པའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་རིགས་མཚུངས་གྱོན་ཆས་གཞན་དག་དང་ཁྱད་པར་ཆེན་པོ་ལྡན། རིག་དངོས་གནའ་རྫས་རྟོག་ཞིབ་པས་ངོས་འཛིན་བྱས་པ་ལྟར་ན། རྫོང་རུའི་གནའ་ཤུལ་གྱིས་ཚབ་བྱེད་པའི་རིག་གནས་གནའ་ཤུལ་འདི་ལྟ་བུར་ས་ཁོངས་ངེས་ཅན་དང་དུས་སྐབས་ངེས་ཅན་ལྡན་པ་དང་། རང་ཉིད་ལ་ཁྱད་དུ་འཕགས་པའི་ཡོ་བྱད་ཚོམ་བུའི་གནའ་རྫས་རིག་པའི་རིག་གནས་ལྡན་པས། ཤེས་ལྡན་པས་འདི་ལྟ་བུའི་གནའ་རྫས་རིག་པའི་རིག་གནས་གསར་བ་ལ་རྫོང་རུའི་རིག་གནས་ཞེས་གསོལ། རྫོང་རུའི་རིག་གནས་རིགས་ཀྱི་གཏན་འཁེལ་འདིས། མཚོ་སྔོན་རང་ས་གནས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པར་གཞི་འཛིན་ས་བརྟན་པོ་ཞིག་མཁོ་འདོན་བྱས་ཤིང་། རྫོང་རུའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ས་ཁུལ་འདིའི་གནའ་བོའི་རིག་གནས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་དང་། ས་ཁུལ་འདིའི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་བྱེད་པར་སྟོང་ཆ་ཆེན་པོ་ཞིག་བསྐངས།
ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།