ལྷིང་འཇགས་སུ་ལུས་པའི་མ་ཎི་རྡོ་འབུམ་དང་དེའི་སྐོར།
ལྷིང་འཇགས་སུ་ལུས་པའི་མ་ཎི་རྡོ་འབུམ་དང་དེའི་སྐོར།
—— པདྨ་ཚེ་བརྟན་གྱི་གློག་བརྙན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》བལྟས་རྗེས་ཀྱི་སེམས་ཚོར།
སྒྱིས་ཚང་གཅོད་པ་སྐྱབས། གཙོས།

མ་ཎི་རྡོ་འབུམ།
ཐེངས་དང་པོར་གློག་བརྙན་<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ>ལ་བལྟ་དུས་ནི་ལོ་འགའི་ཡར་སྔོན་གྱི་ཁོ་བོ་སློབ་ཆེན་འགྲིམས་བཞིན་པའི་སྐབས་ཡིན། དེའི་སྔོན་ལ་ཁོ་བོས་པདྨ་ཚེ་བརྟན་ལགས་ཀྱིས་བརྩམས་གནང་པའི་སྒྲུང་གཏམ་མང་དུ་བཀླགས་མྱོང་ཞིང༌། ཁོང་གི་སྒྲུང་གཏམ་ལ་དགའ་མོས་ཡོད་མཁན་ཞིག་ཀྱང་ཡིན། གློག་བརྙན་དེར་བལྟས་མ་ཐག་དུ་ཁོ་བོའི་བསམ་གཞིགས་ཀྱི་ཧྲག་བར་ཡངས་པོར་ཕྱེས་བྱུང་པ་དང༌། ཉམས་འུར་པའི་འདུ་ཤེས་དྲག་དུ་བསྐྱེད་པའི་སྣང་ཚུལ་དེ་མི་ལོ་གསུམ་ལྷག་འགོར་རྗེས་ཀྱི་ད་སྐབས་ཀྱང་དྲན་པའི་ངོས་ན་གསལ་ལྷང་ངེར་འདུག དེའི་རྗེས་སུ་གློག་བརྙན་འདི་བལྟས་རྗེས་ཀྱི་བསམ་ཚུལ་སྐོར་གྱི་རྩོམ་ཐུང་ཞིག་འབྲི་འདོད་ཀྱི་ཀུན་སློང་དྲག་ཏུ་རྒོད་ན་འང་རང་སྟེང་གི་སྒྱིད་ལུག་དང༌། ཕྱིའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་གནས་སྐབས་དེ་ནས་ཉིན་ཐོ་ཞིག་ལས་འབྲི་མ་ཐུབ་པར་ད་བར་དུ་ལུས་སོང༌།
སྤྱིར་གློག་བརྙན་སྒྱུ་རྩལ་ནི་གཏམ་རྒྱུད་དང་ཟློས་གར་འཁྲབ་སྟོན་གཙོར་བཟུང་པའི་སྟེང༌། འཁྲབ་གཞུང་དང༌། རོལ་མོ། མཛེས་རིས། བརྙན་རིས་སོགས་སྒྱུ་རྩལ་སྣ་མང་གཅིག་འདུས་ཀྱི་ཕུངས་པོ་ཞིག་ཡིན་པའི་བཞེད་ཚུལ་ཡོད་ལ། གཞན་གོས་སྨྲོས་སྒྱུ་རྩལ་རྣམ་པ་དེ་དག་ལས་ཡན་གར་བའི་སྒྱུ་རྩལ་རྣམ་པ་གསར་བ་ཞིག་ཡིན་པར་ངོས་འཛིན་མཁན་ཡང་ཡོད། གང་ལྟར་དེང་སྐབས་དཔལ་འབྱོར་རིག་གནས་ཀྱི་འཁོར་རྒྱུགས་རྣམ་པར་རྒོད་པའི་དུས་སུ་ཡང་སྒྱུ་རྩལ་ལས་རིགས་འདིར་སྔར་ལས་ལྷག་པའི་གསོན་ཤུགས་མངོན་འོངས་ཀྱིན་འདུག་ལ། དེར་རོལ་མྱོང་བྱེད་པ་འམ་དཔྱད་བརྗོད་སྤེལ་བར་ཡང་གོང་སྨོས་སྒྱུ་རྩལ་རིགས་སོ་སོར་བྱང་ཆ་ལྡན་པ་ཞིག་ཡིན་དགོས། ཡིན་ནའང་ཁོ་བོ་ནི་ཆུང་དུས་ནས་དཔེ་ཀློག་ཁོ་ནར་མགོ་འཁོར་ནས་འཚར་ལོངས་བྱུང་མཁན་ཞིག་ཡིན་པས་ན། སྒྱུ་རྩལ་གཞན་དག་སྐོར་ལ་ཆ་རྒྱུས་མེད་ཅིང་མ་ཤེས་ཤེས་འདོགས་ཀྱི་གཏམ་ཡང་བརྗོད་རྩིས་མེད། འདིར་སྐབས་སུ་བབས་པ་གློག་བརྙན་འདིས་བརྗོད་པའི་གཏམ་རྒྱུད་དང་བྱུང་རིམ་སྐོར་ནས་རང་ཉིད་ཀྱི་མྱོང་ཚོར་ཕྲན་བུ་ལབ་རྩིས་ཡོད།
གློག་བརྙན་འདིས་ནང་དུ་ལོ་ན་གཞོན་པའི་གྲྭ་བ་ཆུང་ཆུང་ཞིག་ལོ་སར་སྐབས་དགོན་པ་ནས་ཕྱིར་སྡེ་བའི་ནང་དུ་ལོག་པའི་བར་གྱི་བྱུང་བ་བརྗོད་ཡོད་ལ། ཕར་སོང་ཚུར་ཡོང་གི་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་མཚོན་རྟགས་རང་བཞིན་ཆེས་ཆེར་ལྡན་པའི་བྱ་དངོས་ཏེ། ལམ་བར་ནས་འཕྲད་པའི་རྡོ་བཟོ་རྒན་པོ་བསོད་བྷ་དང་ཁོའི་མ་ཎི་རྡོ་འབུམ། ཁོ་ཚང་གིས་ཉོས་པའི་བརྙན་འཕྲིན་འཕྲུལ་ཆས་དང་དེའི་ནང་གི་ཐང་སིན་བླ་མའི་རྣམ་ཐར། ཁོའི་ཕུ་བོ་དང་དེས་འཁྲབ་སྟོན་བྱེད་བཞིན་པའི་ཟློས་གར་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། སློབ་གྲྭར་འགྲོ་བཞིན་པའི་ནུ་བོ་དང་ཁོའི་བསླབ་གཞི། གཞན་ཨ་མྱེས་རྒན་པོ་དང་དེའི་སྤྱོད་རྣམ་སོགས་ཟུར་སྣེ་སྣ་མང་བརྒྱུད་དེ་ད་ལྟའི་བོད་སྤྱི་ཚོགས་ཉིད་བལྟ་མཁན་རྣམ་པའི་མིག་མདུན་དུ་གསལ་བོར་བསྟར་ཡོད་པ་དང༌། གློག་བརྙན་ནང་གི་མི་སྣ་གཙོ་བོ་གྲྭ་བ་ཆུང་ཆུང་དེས་བྱ་དངོས་འདི་དག་ལ་འཕྲད་སྐབས་ཀྱི་བྱ་སྤྱོད་དང་རྣམ་འགྱུར་བརྒྱུད་དེ་ཁོའི་འགལ་ཟླའི་འདུ་ལོང་འཁྲུག་པའི་སེམས་ཁམས་དེས་གསལ་བོར་མཚོན་ཡོད། ད་ནི་ཁོ་བོས་རང་བློ་དཔག་ཚོད་ཀྱིས་གློག་བརྙན་འདིའི་ནང་གི་བྱུང་རིམ་རེ་རེ་གསེད་གྲོལ་སྒོས་དབྱེ་ཞིབ་རགས་ཙམ་བྱེད་པར་བྱ་སྟེ།
ཀུན་གྱིས་ཤེས་གསལ་ལྟར་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་འདིར་རྒྱལ་ཁབ་ཕྱི་ནང་ནས་བྱ་དགའ་མང་དུ་ཐོབ་མྱོང་པ་དང༌། བྱ་དགའ་ཐེངས་ཤིག་གི་སྐབས་སུ་ཐོབ་པའི་གདེངས་འཇོག་གི་ནང་དོན་ཧ་ལམ་འདི་ལྟར་ཏེ། གློག་བརྙན་འདིས་སྤྱི་ཚོགས་སམ་རིག་གནས་གང་དེའི་འགལ་འདུ་དག་མཚོན་པ་ཁ་གསལ་ཞིང་གཏིང་དཔོག་ཞེས་པ་དེ་རེད། ཁོ་བོ་སྐད་ཆ་འདིར་ཤུན་ཏུ་ནས་འཐད་དེ་སྤྱི་ཚོགས་སམ་རིག་གནས་སོ་སོར་ཡང་འཕེལ་རྒྱས་ཀྱི་གནས་བབས་ཀུན་ཏུ་འགལ་ཟླ་རབས་དང་རིམ་པ་མང་དུ་འཕྲད་ངེས་པ་ཆོས་ཉིད་རེད། འོན་ཀྱང་འགལ་འདུ་དེ་དག་སྒྱུ་རྩལ་བ་གང་དེས་རྟོགས་ཤིང་རྙེད་པ་མ་ཟད། སྒྱུ་རྩལ་བརྩམས་ཆོས་ཀྱིས་ལམ་ནས་དེ་གསལ་བོར་མཚོན་པ་ནི་ཤིན་ཏུ་དཀའ་བའི་གནས་ཤིག་གོ། གློག་བརྙན་<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>གྱི་འཁྲབཁྲིད་པ་པདྨ་ཚེ་བརྟན་ལགས་ནི་དཀའ་གནད་དེ་ཁྱད་དུ་གསོད་ཐུབ་མཁན་གྱི་མི་རེ་གཉིས་གྲས་སུ་གཏོགས་པ་གློག་བརྙན་འདི་ལས་བརྡར་ཤ་གཅོད་ཐུབ།
གློག་བརྙན་འགོ་བརྩམས་ནས་ཡུན་རིང་མ་འགོར་བར་འགལ་འདུའི་འགོ་བརྩམས་སོང་པ་སྟེ། གྲྭ་བ་ཆུང་ཆུང་དེ་སྤྲུལ་སྐུ་ཚང་ལ་སོང་མ་ཐག་དུ་བརྙན་འཕྲིན་འཕྲུལ་ཆས་ཀྱིས་ཡིད་དབང་བཀུགས་སོང་པ་དང༌། དེའི་འཕྲོར་བརྙན་འཕྲིན་ལ་བལྟ་ཆེད་དུ་སྲོལ་རྒྱུན་གྱི་རོལ་རྩེད་ཐེ་ཀ་ཚོན་མདོག་ཅན་དེ་ཕངས་མེད་དུ་སྤྲུལ་སྐུ་ལ་བྱིན་སོང༌། སྤྲུལ་སྐུའི་ཁྱིམ་ནས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་བརྙན་འཕྲིན་ནས་བལྟ་སྐབས་སུ། སྤྲུལ་སྐུས་ཀྱང་རྣམ་ཐར་ཟློས་གར་འདིར་སེམས་རྣལ་དུ་ཕབ་ནས་རོལ་མྱོང་མི་བྱེད་པར་དེའི་ནང་གི་བརྒྱུད་རིམ་མང་པོ་ཞིག་ཕར་བསློགས་སོང༌། བྱུང་རིམ་ཕྲ་མོ་འདི་དག་བརྒྱུད་དེ་འགལ་འདུ་མཚོན་མགོ་བརྩམས་སོང་ནའང༌། དེ་དག་ནི་འགོ་བརྩམས་པ་ཙམ་སྟེ། དེ་ལས་རྣོ་ངར་ཆེ་བ་འགལ་འདུ་རྗེས་ན་ཡོད། ཕྱིར་སྡེ་བའི་ནང་དུ་ཐོན་དུས་ཀྱི་རྒྱ་ལོའི་ཚེས་གཅིག་ཉིན་འགལ་འདུ་མང་པོ་གཅིག་བསྡུས་སྒོས་མངོན་བྱུང༌། དཔེར་ན། གྲྭ་བ་ཆུང་ཆུང་བརྙན་འཕྲིན་ཟློས་གར་ཐང་སིན་བླ་མའི་རྣམ་ཐར་གྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་ཁོས་སྤྲེའུ་སྟོང་ཉིད་རྟོགས་པའི་གདོང་འབག་གོན་སྐབས་ཀྱི་ལུས་ཆ་ལུགས་ཀྱི་འགལ་འདུ། རྣམ་ཐར་འཆམ་མཁན་ཚོས་འཁྲབ་སྟོན་རྫོགས་རྗེས་སུ་ལུས་ཀྱི་འཆམ་ལྭ་ཡང་མ་ཕུད་པར་ཏུས་སི་ཁོ་རྩེ་བས་མཚོན་པའི་དུས་སྔ་ཕྱིའི་བྱ་སྤྱོད་ཀྱི་འགལ་འདུ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར་བལྟ་མཁན་རྒན་རྒོན་དང་བུད་མེད་སྐོར་ཞིག་ལས་མེད་པ་དང་རྭ་སྐོར་ཕྱི་རོལ་ན་ཤང་ཀང་གི་དྲག་རྩལ་བརྙན་འཕྲིན་བལྟ་སའི་ཁང་མིག་གཅིག་གི་ནང་དུ་བྱིས་པ་དང་ན་གཞོན་རྣམས་འཚང་ཡོད་པས་མཚོན་པའི་གནས་གོང་འོག་གི་འགལ་འདུ་དང་ལོ་རྒན་གཞོན་བར་གྱི་དགའ་མོས་ཀྱི་འགལ་འདུ། གྲྭ་བས་བོད་ཡིག་སྦྱངས་ན་ཆོས་ལེགས་པ་འདོན་ཐུབ་པར་སྙམ་པ་དང་ཁོའི་ནུ་བོས་རྒྱ་ཡིག་སྦྱངས་ནས་གྲོང་ཁྱེར་ཆེན་པོར་འགྲོ་འདོད་པའི་བསམ་བློའི་འཁྱེར་སོ་དང་ཕུགས་བསམ་མི་འདྲ་པའི་དབར་གྱི་འགལ་འདུ་སོགས་མིའི་སེམས་ལ་ཟུག་གཟེར་བཟོ་ཐུབ་པའི་འགལ་འདུ་སྣ་མང་གཅིག་ཏུ་བསྡུས་ཡོད། དེ་དག་ལས་ཀྱང་ཁོ་བོར་བག་ཆགས་ཆེས་ཟབ་པའི་འགལ་འདུ་ནི་གྲྭ་བ་ཆུང་ཆུང་དེའི་ལུས་སེམས་ཀྱི་འགལ་འདུ་ཡིན་ལ། བརྙན་འཕྲིན་མཇུག་རྫོགས་ལ་ཁད་ཀྱི་སྐབས་སུ་ཁོས་སྤྲེའུ་སྟོང་ཉིད་རྟོགས་པའི་གདོང་འབག་དེ་རུམ་ནས་བླངས་ཏེ་འཁེལ་མགོར་བཀལ་བ་དང༌། དེས་ནས་སྒོར་འབུད་རྩིས་བྱེད་སྐབས་ཡང་ཁ་ཕྱིར་ནས་བསམ་བློ་ཞིག་བཏང་རྗེས་སུ་ཡང་བསྐྱར་རུམ་ལ་བཅུག་པའི་བྱུང་རིམ་དེ་ཉིད་ཁོ་བོས་གློག་བརྙན་འདིའི་ནང་དུ་འགལ་འདུ་མཚོན་པའི་མཐོ་རླབས་ཡིན་པར་འདོད།
