ལྷིང་འཇགས་སུ་ལུས་པའི་མ་ཎི་རྡོ་འབུམ་དང་དེའི་སྐོར།

《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》
འཁྲབ་ཁྲིད་པས་གོང་གསལ་བྱུང་རིམ་ཁག་བརྒྱུད་དེ་དེང་རབས་བོད་སྤྱི་ཚོགས་ཁྲོད་ཀྱི་རྣམ་པ་འདྲ་མིན་གྱི་འགལ་འདུ་སྣ་ཚོགས་གསལ་བར་བསྟན་པ་བརྒྱུད། བོད་སྤྱི་ཚོགས་ཀྱི་གྲུ་ག་སོ་སོར་ལྷགས་པའི་དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས་དང༌། ཕྱི་ཡོང་རིག་གནས་དང་རང་སའི་རིག་གནས་སོགས་དབར་གྱི་འགལ་འདུ་གསལ་བོར་མཚོན་ཡོད་ལ། འགལ་འདུ་དེ་དག་གི་མདུན་དུ་བོད་མི་དཀྱུས་མ་རྒན་གཞོན་སེར་སྐྱ་སོ་སོའི་ལུས་ཀྱི་སྤྱོད་རྣམ་བརྒྱུད་དེ་སེམས་ཀྱི་འགལ་འདུ་གནད་དུ་ཐིངས་པར་མཚོན་པ་དང་ཆབས་གཅིག་གི་ཏུ་སྲོལ་རྒྱུན་གྱི་རིག་གནས་བཟང་པོ་དང་ཡབ་མེས་ཀྱི་གོམས་སྲོལ་དག་བོར་བརླགས་དང་རྒྱུན་ཆད་ནས་འགྲོ་བཞིན་པའི་སྐོར་ལ་ཕངས་སེམས་དང་གདུང་སེམས་སྐྱེས་པའི་རྣམ་འགྱུར་ཀྱང་གསལ་བོར་བསྟན་ཡོད། འདི་ལྟ་བུའི་ཉེན་ཁའི་འདུ་ཤེས་དེ་གློག་བརྙན་འདིས་ཁ་བྱང་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་ལས་གསལ་བོར་མཚོན་ཡོད་དེ། རྡོ་བཟོ་རྒན་པོ་བསོད་བྷའི་བུ་ལྷ་སར་ཚོང་རྒྱག་པར་ཕྱིན་པ་དང༌། བུ་སོང་རྗེས་སུ་ཁོའི་ལག་ཤེས་འདིའི་རྒྱུན་ཆད་པར་དོགས་ནས་“ལུས་ཁོམ་རུང་སེམས་མི་ཁོམ་པས་ན”། (རྒན་པོ་བསོད་བྷའི་སྐད་ཆ)རྒྱ་ལོའི་ཚེས་གཅིག་ལ་ཡང་མ་ཎི་བརྐོ་བཞིན་ཡོད་པ་སོགས་གྲྭ་བ་ཆུང་ཆུང་དེའི་མཐོང་ཆོས་སུ་གྱུར་ཡོད། ཡིན་ན་འང་ཁོ་གཉིས་ཕྱིར་ལོག་དུས་རྒན་པོ་ཚེ་ལས་འདས་སོང་པ་དང༌། གྲྭ་བར་སྦྱིན་རྒྱུར་ཆེད་དུ་བརྐོས་པའི་མ་ཎི་རྡོ་བརྐོས་དེ་བརྐོ་འཕྲོར་ལུས་ཡོད། སྤྱིར་ཡིན་ན་གྲྭ་བ་དེས་རིག་གནས་ཤིག་གི་མཚོན་རྟགས་སུ་གྱུར་པའི་རྡོ་བརྐོའི་རིག་གནས་འདིའི་རྒྱུད་འཛིན་དང་འཕེལ་རྒྱས་སྐོར་ལ་བསམ་བློ་རེ་གཏོང་དགོས་འདུག་མོད། སྐབས་དེའི་གྲྭ་བ་ཆུང་ཆུང་གི་དྲན་ཤེས་ཡོད་ཚད་སྤྲེའུ་སྟོང་ཉིད་རྟོགས་པའི་སྟེང་ན་ཡོད་པས་གཞན་དག་ལ་བློ་འཁོར་ག་ལ་སྲིད། དེ་བས་ན་མ་ཎི་རྡོ་འབུམ་དེ་ལྷིང་འཇགས་སེར་ལྷགས་རླུང་ཁྲོད་དུ་ལུས་པ་མ་ཡིན་ནམ། ཉེན་ཁའི་འདུ་ཤེས་ཡོད་མཁན་ནི་རྡོ་བཟོ་བསོད་བྷ་གཅིག་པུ་མི་ཡིན་པར་ད་རུང་གྲྭ་བ་ཚང་གི་ཨ་མྱེས་རྒན་པོ་ཡང་འདུས། དོན་འདི་ཨ་མྱེས་རྒན་པོས་ཁོང་གི་ན་མཉམ་རྒན་པོ་བསོད་བྷ་ལ་བཅངས་པའི་གདུང་སེམས་དང༌། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལ་བཅངས་པའི་བརྩེ་སེམས། གཞན་དེང་རབས་ཏིས་སི་ཁུ་ལ་བཟུང་པའི་སྡང་སེམས་བཅས་ཀྱི་སྟེང་ནས་མངོན་པར་མཚོན་ཡོད་ལ། ཁོའི་ཚ་བོ་ཚོར་ཡང་དང་བསྐྱར་དུ་ཚོགས་བསགས་དགེ་སྒྲུབ་བྱ་དགོས་ཚུལ་གྱི་ཁ་ཏ་བྱས་པའི་སྟེང་ནས་ཀྱང་ཝ་ལེར་རྟོགས་ཐུབ།
ཡིན་ནའང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཀྱང་སྲོལ་རྒྱུན་རིག་གནས་ལ་དགག་བཞག་གང་ཡང་མེད་པར་རྒྱུན་འཛིན་དགོས་ཟེར་བ་ཡང་མ་ཡིན་ཏེ། དགག་བཞག་གི་བསམ་བློ་དེ་གློག་བརྙན་འདིའི་ནང་དུ་ཐེངས་གཉིས་ལ་མཚོན་ཡོད་པར་ཁོ་བོས་མཐོང༌། བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཀྱི་གཙོ་སྙིང་ཐུབ་བསྟན་རིག་གནས་ཀྱི་སྦྱིན་པའི་སྙིང་སྟོབས་མངོན་པར་མཚོན་པའི་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི་ཀུན་ལ་ཆ་རྒྱུས་ལྡན་པའི་གཏམ་རྒྱུད་ཅིག་ཡིན། གློག་བརྙན་འདིའི་ནང་དུ་དྲི་མེད་ཀུན་ལྡན་གྱི་སྦྱིན་པའི་མཛད་པ་ལས། བུ་ཕྲུག་སྦྱིན་པ་དང༌། ཆུང་མ་སྤྱིན་པ། སྤྱན་སྤྱིན་པ་དེ་གསུམ་པོ་དངོས་ཤུགས་གང་རུང་ནས་བསྟན་ཡོད་ལ། གྲྭ་བའི་ནུ་བོ་ཆུང་ཆུང་དེས་ངས་མིག་སྦྱིན་རྒྱུ་མིན། ངས་དེ་བཀོལ་ནས་དཔེ་ཆར་བལྟ་དགོས་ཞེས་པ་དང༌། ལྟད་མོ་བ་ན་གཞོན་བཟི་བོ་དེས་གྲྭ་བའི་ཕུ་བོར་ཁྱོད་ལ་ཆུང་མ་ཡང་མི་དགོས་ན་ང་ལ་སྟེར་རོགས་ཞེས་པ། དེའི་སྐབས་སུ་གྲྭ་བའི་ཕུ་བོས་མངོན་པའི་ཁོང་ཁྲོའི་རྣམ་འགྱུར་བཅས་ལས་ང་ཚོར་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་སྐོར་ཤིག་དང་དངོས་ཡོད་འཚོ་བའི་དབར་གྱི་འགལ་འབྲེལ་སྐོར་ལ་མནོ་བསམ་གཏོང་དུ་འཇུག་སྲིད། ང་ཚོས་གྲྭ་བའི་ནུ་བོ་དེ་དང༌། ན་གཞོན་བཟི་བོ་དེ་གཉིས་ནི་རིམ་བཞིན་རྫུན་ཟོལ་མེད་པར་བདག་གཅེས་འཛིན་གྱི་འདུ་ཤེས་ཡོད་མཁན་ཞིག་དང༌། སྲོལ་རྒྱུན་ལ་མི་འཇིགས་པའི་སྙིང་སྟོབས་རིགས་ཤིག་གི་མཚོན་བྱེད་དུ་བཟུང་བའི་ཆ་ནས་བྱིས་སྒྲུང་མཁན་པོ་ཨན་ཏུའུ་ཧྲིན་ལགས་ཀྱི་སྨྱུག་འོག་གི་གོང་མས་ན་བཟའ་གྱོན་མེད་པར་སྒྲོག་མཁན་གྱི་བྱིས་པ་དེ་དང་ཡང་ཅུང་འདྲ་བར་མཐོང༌། འདི་ཡང་གོང་སྨོས་འགལ་འདུ་མཚོན་པ་ལས་རིག་གནས་ཀྱི་སྙིང་སྟོབས་རིགས་ཤིག་དང་དངོས་ཡོད་འཚོ་བའི་དབར་གྱི་འགལ་འདུ་མཚོན་པའི་གྲས་སུ་ཡང་བརྩི་ཆོག ཡང་གཅིག་བཤད་ན་འཁྲབ་ཁྲིད་པའི་ཀུན་སློང་ཁོ་བོས་གོང་དུ་སྨྲས་པ་དེ་གཉིས་ཀ་མ་ཡིན་པར། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་རིགས་དེར་གསལ་བཤད་དམ་དེར་བོད་མི་བྱིངས་ཀྱིས་ཇི་ལྟར་ངོས་འཛིན་ནམ་དང་ལེན་བྱེད་བཞིན་པའི་སྐོར་བལྟ་མཁན་སྤྱི་ལ་བསྟན་པ་ཞིག་ཡིན་ཡང་སྲིད། གཞན་གློག་བརྙན་འདིའི་ནང་དུ་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་མི་ཉུང་བ་ཤིག་འདུས་པ་སྟེ། འཁྲབ་ཁྲིད་པས་ཆེད་དམིགས་སུ་ལོ་སར་གཏོང་སྐབས་ཀྱི་སྔ་ཕྱིའི་ཉིན་གཉིས་གསུམ་ཙམ་གྱི་དུས་ཚོད་འདི་འདེམས་དོན་ཡང་ས་གནས་དེ་གའི་དམངས་སྲོལ་ཆོ་ག་སྣ་ཚོགས་མཚོན་ཆེད་ཡིན་པ་འདྲ་སྟེ། དུས་ཡུན་ཐུང་ཐུང་དེའི་ནང་དུ། དགོན་པའི་ནང་གི་རབ་བྱུང་པ་དགེ་སློབ་དབར་དང༌། སྤྲུལ་སྐུ་ཆུང་ཆུང་དང་ཡོངས་འཛིན་དབར། གྲྭ་བ་ཆུང་ཆུང་དང་ཁོའི་ཨ་ཕ་དང་ཨ་མྱེས་སོགས་བཟའ་ཚང་ཕན་ཚུན་དབར་བཅས་སུ་མངོན་པའི་གུས་ལུགས་དམངས་སྲོལ་དང༌། ལོ་སར་གྱི་གོ་རིམ་དགུ་ཐུག་འཐུང་པ་དང་ལྷ་བསང་ཕུད་པ། སྒོ་ཟོག་ལ་ཡང་ལོ་སར་གཏོང་ཚུལ། སྒོ་ཕྱུགས་ཚེ་ཐར་ལ་གཏོང་པ། ཕྲུ་གུ་སྐྱེས་དུས་འགྲུལ་བར་མེ་འཕེན་པ་དང་གྲྭ་བས་ཆོས་འདོན་པ། མི་ཤི་དུས་རབ་བྱུང་པས་སྨོན་ལམ་གསུངས་པ་ལ་སོགས་པས་མཚོན་པའི་ས་གནས་དེ་གའི་དམངས་སྲོལ་འཚོ་བའི་མཛེས་རིས་ཤིག་གྲུབ་འདུག དམངས་སྲོལ་རིག་གནས་འདི་ཉིད་རིག་གནས་གང་དེའི་ཆེས་རྨང་གཞིར་གྱུར་བའི་མིག་མཐོང་ལག་ཟིན་གྱི་རིག་གནས་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་འདི་ལྟར་གློག་བརྙན་བརྒྱུད་ནས་མཚོན་པར་དོན་སྙིང་བླ་ལྷག་ཏུ་ཆེ་སྟེ། དེས་ནི་ཕྱིའི་རྒྱལ་ཁབ་དང་མི་རིགས་ཁག་གིས་རང་རེའི་རིག་གནས་ལ་ངོས་འཛིན་བྱེད་པར་ཕན་པ་མ་ཟད། ནམ་ཉི་མ་ཞིག་ལ་རང་རེའི་དམངས་སྲོལ་འདི་དག་ཉམས་རྗེས་སུ། མ་འོངས་པའི་བུ་རབས་ཚ་རྒྱུད་དག་གིས་མཐོང་ལམ་དུ་ཡང་འགྱུར་ངེས་པ་སོགས་ཀྱི་ཆ་བལྟས་ནས་དེ་སྔའི་བོད་འབྲེལ་གློག་བརྙན་《ཧི་མ་ཡ་ལ་》དང་འདྲ་ཕྱོགས་ཤིག་ཡོད་པར་མཐོང༌།
མཇུག་མཐར། ཁོ་བོས་དེ་སྔ་གནས་གང་ཞིག་ནས་ཐོས་པའི་གློག་བརྙན་འདིའི་གདེངས་འཇོག་གནད་ལ་འཁེལ་བ་ཞིག་སྟེ། གློག་བརྙན་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》ནི་ད་ལྟའི་བོད་ཀྱི་སྤྱི་ཚོགས་མངོན་པར་མཚོན་པའི་མཉམ་སྒྲོག་རོལ་དབྱངས་ཤིག་དང་འདྲ་ཅེས་པའི་ཚིག་གིས་རྩོམ་ཐུང་འདི་རེ་ཞིག་མཚམས་འཇོག་པར་བྱ་ལ། སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་བོད་ནང་ལ་བོད་ཀྱི་གློག་བརྙན་རྣལ་མ་ཞིག་གི་སྲོལ་གཏོད་པར་གོང་བཀུར་དང་རྗེས་སུ་ཡི་རངས་བྱ་རྒྱུ་ཡིན་ལ། ཁོང་གི་གློག་བརྙན་བྱ་གཞག་ལ་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པའི་རེ་སྨོན་དང་སྦྲགས། སླད་ཕྱིན་བོད་ཡུལ་ས་ཕྱོགས་ཀུན་ཏུ་གློག་བརྙན་ལས་དོན་ལས་དགའ་མོས་ཡོད་མཁན་མང་ཙམ་འབྱུང་རྒྱུ་དང༌། བོད་བྱིངས་ཀྱིས་ཀྱང་གློག་བརྙན་ཞེས་པའི་སྒྱུ་རྩལ་རྣམ་པ་གསར་པ་འདིར་ངོས་འཛིན་ཡང་དག་ཤིག་ཐོབ་ནས་དེར་རོལ་མྱོང་གི་བློ་སྦྱོང་མཐོ་ནས་མཐོར་རུ་འཕགས་པའི་སྨོན་འདུན་ཞུས་པའོ། །
