logo

གསོ་བ་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་འོས་སྦྱོར།

རྩོམ་པ་པོ།:ཚེ་རིག་པའི་གསོ་རིག་ལས་སྒྲུབ་ཁང ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-15 ཀློག་གྲངས།:
  1.ཨུ་ལང་བཀྲ་ཤིས་མཁར་གྱི་སློབ་བརྒྱུད་ལ་གང་དག་ཡོད།
  ལན། 
དབོན་ཇོ་བཀྲ་དང་འབྲོ་ཚ། ཇོ་ནག  མང་མཁར་ཆེར་རྗེ་སོགས་བྱུང་བ་དང་།  མང་མཁར་ཆེར་རྗེའི་སློབ་བརྒྱུད་ཞང་སྟོན་ཞིག་པོའམ་ཐུགས་རྗེ་ཁྲི་འོད། དེའི་སློབ་བརྒྱུད་གཙང་སྟོད་དར་མ་མགོན་པོ་བཅས་ཡིན།
  2.བཙའ་བའི་རྟགས་དངོས་ཅི་ལྟར་ཡིན།
  ལན། 
དེ་ཡང་གཡས་ལོགས་ལ་བརྟེན་དཀུ་གཡས་མཐོ། །ལུས་ཡང་རྨི་ལམ་དག་ན་སྐྱེས་པ་མཐོང༌། །ནུ་ཞོ་གཡས་པ་སྔར་འབྱུང་ཁྱེ་འུ་སྐྱེ། །སྐྱེས་པ་ཕྲད་འདོད་གླུ་གར་རྒྱན་ལ་དགའ། །གོང་ལས་ལྡོག་པ་བུ་མོ་སྐྱེ་བའི་རྟགས། །དེ་དག་འདྲེས་ལས་མ་ནིང་འབྱུང་བ་སྟེ། །དབུས་དམའ་མཐའ་གཉིས་མཐོ་ན་མཚེ་མར་སྐྱེ། །
  3.བད་ཀན་གྱི་སྤྱིའི་ནད་རྟགས་ཅི་ལྟར་ཡིན།
  ལན། 
ནད་རྟགས་རྩ་ནི་བྱིང་གུད་ཞར་བ་དང༌། །ཆུ་ཡི་མདོག་དཀར་དྲི་དང་རླངས་པ་ཆུང༌། །ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲངས། །སྣབས་ལུད་མང་ཞིང་མགོ་འཐོམ་ལུས་སེམས་ལྕི། །དང་ག་མི་བདེ་དྲོད་མེད་འཇུ་སྟོབས་ཆུང༌། །མཁལ་རྐེད་མི་བདེ་ལུས་སྦོ་ལྦ་བ་སྐྱེ། །རྩམ་པ་བད་ཀན་སྐྱུག་ཅིང་འཁྲུ་བ་དང༌། །གཏར་ན་ཁྲག་མདོག་དམར་སྐྱ་འབྱར་བག་དང༌། །དྲན་པ་མི་གསལ་གཉིད་ཆེ་སྒྱིད་པ་སྐྱུར། །གཡའ་མཁྲང་ཚིགས་དམ་ཤ་རྒྱས་ལས་མཐའ་རིང༌། །ནམ་ཞོད་སྲོད་དང་སྔ་དྲོ་ཟོས་ཐོག་ལྡང༌། །
  4.རླུང་ནད་ཀྱི་རྩ་རྒྱུད་འགྱུར་བའི་འཆི་རྩ་ཅི་ལྟར་ཡིན།
  ལན། 
གོང་སྨན་པའི་རྩའི་སྟོང་ཐུན་ལས།  དར་ལྕེ་རླུང་གིས་བསྐྱོད་པ་འདྲ།། སྟོང་ཞིང་སྦོམ་ལ་འཕར་འཕྲོ་འདར།། ཅུང་ཟད་འཕར་སྙམ་པུ་རུ་རུ།། རླུང་གི་ནད་ཀྱི་འཆི་རྩ་ཡིན།
  5.ཞང་སྟོན་ཞིག་པོ་ནི་དུས་རབས་གང་གི་མཁས་དབང་ཡིན་པ་དང་ཁོས་མཛད་པའི་སྨན་གཞུང་གང་དག་ཡོད།
  ལན། 
ཞང་སྟོན་ཞིག་པོ་ནི་དུས་རབས་བཅུ་པའི་ནང་འཁྲུངས་ཤིང་།  ཁོང་གིས་མཛད་པའི་སྨན་གཞུང་ལ་ཤེས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེ་འབར་དང་།  ས་བཅད་དོན་ཁྲིགས་འབྱེད་པའི་ལྡེ་མིག་དཀའ་ཚོམས་གེགས་སེལ་གནམ་ལྕགས་འཁོར་ལོ། ཡན་ལག་བརྒྱད་པའི་ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏིག་ཕྲེང་བ་རྒྱས་བསྡུས་གཉིས།  ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩིའི་ཐིགས་པ་རྣམས་སོ།།
  6.མངལ་གནས་མྱུར་དུ་བཙའ་བའི་རྟགས་ཅི་ལྟར་ཡིན།
  ལན། 
དེ་ནས་མྱུར་དུ་བཙའ་རྟགས་ལུས་སྙོམ་ཤིང་།། དཀུ་ལྷོད་སྨད་ལྕི་ཚང་ར་རྐེད་པ་ན།། ལྟོ་བ་ཆུ་སོ་ན་ཞིང་ལྡང་དུབ་བྱེད།། མཚན་བྱེ་གཅིན་མང་དབང་མེད་ན་ཟུག་ལྡང་།།
  7.བད་ཀན་ལྷེན་གྱི་ནད་འགྱུར་ངོ་བོ་དང་ནད་རྟགས་ཅི་ལྟར་ཡིན།
  ལན། 
དང་པོ་བད་ཀན་ལྷེན་ཞེས་བྱ་བ་ནི།། རྟེན་དང་མ་གོམས་མི་འཕྲོད་ངོ་བོ་བཞིའི།། རྐྱེན་གྱིས་མ་ཞུ་བད་ཀན་བེ་སྣབས་འཕེལ།། བེ་སྣབས་ལྷེན་སྣའི་འོག་ཏུ་ཚོགས་པ་ལ།། ལྷེན་ཞེས་བྱ་སྟེ་ཉམས་ལ་འདྲིལ་སྙམ་བྱེད།། ལྟོང་ངེ་ན་ལ་མནན་ན་འདྲིལ་བ་མེད།།  དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ།། ཟོས་དུས་ན་ཞིང་ལྟོགས་ན་བདེ་བར་མངོན།
  8.མཁྲིས་ནད་ཀྱི་རྩ་རྒྱུད་འགྱུར་བའི་འཆི་རྩ་ཅི་ལྟར་ཡིན།
  ལན། 
གོང་སྨན་པའི་རྩའི་སྟོང་ཐུན་ལས།  ཁྲ་ཡིས་མོ་འདེབས་སྒྲོ་ཚུགས་ལྟར།། གྲིམས་ཤིང་མྱུར་ལ་འཕར་འཕྲོ་འདར།། དེ་རྗེས་འཕར་སྙམ་ཁྲི་ལི་ལི།། མཁྲིས་པའི་ནད་ཀྱི་འཆི་རྩ་ཡིན།།
  9.ཡན་ལག་གི་རུས་པའི་གནས་ལུགས་གསལ་པའི་དཔེ་རིས།