logo

གསོ་བ་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་འོས་སྦྱོར།

རྩོམ་པ་པོ།:ཚེ་རིག་པའི་གསོ་རིག་ལས་སྒྲུབ་ཁང ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-13 ཀློག་གྲངས།:
  1.ལོ་ཆེན་རིན་ཆེན་བཟང་པོས་གསོ་སྐྱོང་མཛད་པའི་གྲགས་ཆེ་བའི་སྨན་པ་གང་དག་ཡོད།
  ལན།  མང་མོ་སྨན་བཙུན་དང་།  མྱང་འདས་སེང་གེ་སྒྲ།  ཤྰཀྱ་ཁྲི་ཡེ་ཤེས་འབྱུང་གནས།  ཨོང་སྨན་ཨ་ལེ་སྟེ་སྤུ་ཧྲེང་གི་སྨན་པ་བཞི་བྱ་བ་སོགས་ཡོད།
  2.མངལ་གནས་དེ་འབྱུང་བའི་སྐྱོ་བའི་འདུ་ཤེས་ལྔ་ཞེས་པ་གང་དག་ཡིན།
  ལན། མི་གཙང་བའི་དང་།  དྲི་མི་ཞིམ་པ།  བཙོན་ར་ལྟ་བུ།  མུན་ནག  མངོན་པར་མི་དགའ་སྐྱོ་བའི་འདུ་ཤེས་བཅས་སོ།།
  3.བད་ཀན་ནད་རིགས་ཀྱི་སྒོ་ནས་དབྱེ་ན་དུ་ཡོད།
  ལན།  དྲུག་ཡོད་དེ།  བད་ཀན་ལྷེན་དང་།  ལྕགས་དྲེག   མེ་དྲོད་ཉམས་པ།  བད་ཀན་མགུལ་འགགས།  གྲུམ་བུ་དཀར་པོ།  འཇུ་སྐེམ་བཅས་སོ།།
  4.དོན་ཚ་སྣོད་ལ་གྲང་བ་འབྱུང་སྲིད་ཀྱི།། སྣོད་ཚ་དོན་ལ་གྲང་བ་འབྱུང་མི་སྲིད།། ཅེས་པའི་དོན་ཅི།
  ལན།   རྩ་དཔྱད་བུ་དོན་མ་ལས།  གཡས་ཀྱི་ཚོན་འོག་ཚ་གྱུར་ན།། སྙིང་ལ་ཚ་བ་ཡོད་ཅེས་བྱ།། གྲང་ནད་ཕལ་ཆེར་རྒྱུ་མ་གྲང་།། ཞེས་དང་།  གོང་སྨན་པའི་རྩའི་སྟོང་ཐུན་ལས།  ལུས་སྟོད་མེ་ཡི་ཁམས་སུ་བཞག།  ཅི་ཕྱིར་དོན་རྣམས་དྭངས་མའི་རྟེན།། ལུས་སྨད་ཆུ་ཡི་ཁམས་སུ་བཞག།  ཅི་ཕྱིར་སྣོད་རྣམས་སྙིགས་མའི་སྣོད།། ཅེས་དང་།  རྒྱལ་པོའི་དཀོར་མཛོད་ལས།  སྟོད་མེ་ཡིན་ལ།  སྨད་ཆུ་ཡིན་པས་ཚ་གྲང་གོ་ལོག་པ་དང་།  སྙིང་མེ།  མཁལ་མ་ཆུ་ཡིན་ཏེ་ནད་ཚ་གྲང་གོ་ལོག་པ་ལྟ་བུའོ།། སྤྱིར་ནི་འདི་རུ་འབྱུང་མི་སྲིད་དོ།། ཞེས་དང་།  བེ་བུམ་ནག་པོ་ལས།  སྟོད་ནི་མེ་ཁམས་མ་ཚོས་བསྲེག། ཚོས་དྲག་ཚད་རོ་ལྡང་བ་ཡིན།  སྨད་ནི་ཆུ་ཁམས་ཚོས་པར་བསྲེག།  ཅེས་དང་།  ལག་ལེན་གསལ་བྱེད་ལས།  དོན་ལ་ཁྲག་འཁྲུགས་པའི་ཚ་བ་ཡོད་པ་ལ། སྣོད་ལ་མེ་དྲོད་ཉམས་པའི་གྲང་བ་འབྱུང་བ་སྲིད་ཀྱིས་དཔེར་ན་གློ་ལ་རྣག་ཚད་ཡོད་པ་ལ་ལོང་དུ་གྲང་བས་སྦོ་འཁྲོག་བྱེད་པ་སྲིད་པ་བཞིན་ནོ།། སྣོད་དུ་མེ་དྲོད་འཕེལ་ཏེ་ཚ་བ་ཡོད་ན།  དོན་ལ་གྲང་བ་འབྱུང་མི་སྲིད་དེ་སྣོད་སྙིགས་མའི་གནས་ཡིན་པས་རང་བཞིན་གྲང་བ་ཤས་ཆེ་བ་དང་།  དོན་ལ།  ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ཏེ་གནས།།  དེ་ལ་མཁྲིས་པ་བསྐྱེད་པས་བར་ན་གནས།། ཞེས་དང་འབྲེལ་ཆེ་ཞིང་ཁད་ཉེ་བས་རང་བཞིན་གྱིས་ཚ་ཤས་ཆེ་བའོ།། ཞེས་དང་།  ཕན་བྱེད་རིག་པའི་མཛོད་ལས།  བྱང་ཁོག་སྟོད་ནི་རིན་ཆེན་གསེར་ལས་བྱས་ཏེ་གཉན་ཏེ་སླེན།།  བྱང་ཁོག་སྨད་ནི་ལྕགས་ལས་བྱས་ཏེ་གྱོང་སྟེ་འགྲིན།། བྱང་ཁོག་སྟོད་ནི་མེ་ཡི་ཁམས་ལས་བྱས་ཏེ་དྲོ།། བྱང་ཁོག་སྨད་ནི་ཆུ་ཡི་ཁམས་ལས་བྱས་ཏེ་གྲང་།། བྱང་ཁོག་སྟོད་ནི་ལྷ་ཁང་སྟོང་པ་འདྲ་སྟེ་ཡངས།། བྱང་ཁོག་སྨན་ནི་ཚོང་པའི་འབྲུམ་རྩེར་འདྲ་སྟེ་དོག།  བྱང་ཁོག་སྟོད་ནི་ལུང་རིང་སྟོང་པ་འདྲ་བར་འདུག།  བྱང་ཁོག་སྨད་ནི་ལུ་མ་གྱ་གྱུ་འདྲ་བར་འདུག།  བྱང་ཁོག་སྟོད་ནི་རྒྱལ་བློན་སྟེང་རིགས་འདྲ་སྟེ་མཛངས།། བྱང་ཁོག་སྨད་ནི་གཉན་དང་ཀླུ་ནག་འདྲ་སྟེ་འཕྱོ།།  ཞེས་གསུངས་སོ།།
  5.མང་མོ་སྨན་བཙུན་གྱི་སྲས་གསུམ་སུ་སུ་ཡིན།
  ལན།  བྱང་ཆུབ་འོད་དང་།  ཨུ་ལང་བཀྲ་ཤིས་མཁར།  དགྲ་ལས་རྒྱལ་པོ་གསུམ་ཡིན་ལ།  དེ་ལས་ཨུ་ལང་བཀྲ་ཤིས་མཁར་ནི་གཞུང་འགྲེལ་ལག་ལེན་ཀུན་ལ་མཁས་པར་གྱུར་རོ།།
  6.མངལ་གནས་དུས་ལྟར་བཙའ་མི་ཐུབ་པའི་འགལ་རྐྱེན་གསུམ་གང་དག་ཡིན།
  ལན།  འོན་ཀྱང་ཁྲག་ཟགས་པ་ན་འཕེལ་མི་ནུས།། མངལ་རྒྱས་ཟླ་བ་ཚང་ཡང་བཙའ་བ་དཀའ།། རླུང་གིས་དཀུ་བཀག་ཟླ་བ་ཚང་ཡང་འགོར།།
  7.བད་ཀན་གཞན་རྒྱུད་ཅན་ལ་དབྱེ་ན་གང་དག་ཡོད།
  ལན།  བད་ཀན་སེར་པོ་དང་བད་ཀན་སྨུག་པོ་གཉིས་སོ།།
  8.འཆི་རྩའི་འཕར་ཚུལ་ཅི་ལྟར་ཡིན།
  ལན།  འཆི་རྩ་རྒྱུད་འགྱུར་མ་ཚང་སྡོད་པ་འོ།།
  9.ཡན་ལག་གི་རུས་པའི་གནས་ལུགས་གསལ་པའི་དཔེ་རིས།