གསོ་རིག་རྒྱུད་བཞིའི་བྱུང་བ་ལ་གནའ་དེང་རིགས་པས་དཔྱད་པ།
རྩོམ་པ་པོ།:སྐྲན་འབིགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-21
ཀློག་གྲངས།:
མ་རིག་ཉོན་མོངས་སྟོང་ཕྲག་ཆེར་ལྡིང་བའི།།
རྒུད་པའི་སྙིགས་དུས་འགྲོ་བའི་སྲོག་གི་མགོན།།
མི་སྡུག་ནད་རྒུ་རྩད་ནས་འཇོམས་མཛད་པའི།།
བདེ་གཤེགས་སྨན་གྱི་བླ་མར་སྙིང་ནས་འདུད།།
གཞན་ཕན་སྙིང་རྗེ་ཆེན་པོའི་ཐུགས་ཀློང་ལས།།
སྟོང་གསུམ་ཞིང་གི་མཆོག་གྱུར་རི་བཞི་སྤྲུལ།།
དག་པ་རྣམ་བཞི་གཙོ་བྱས་འཁོར་ཚོགས་ལ།།
ལུགས་སྡེ་བཞི་ཡིས་འགྲོ་བའི་དོན་ཀུན་སྐྱོང་།།
གདོང་བཞི་གདུང་བའི་སྨྲེ་ངག་ཨོཽ་ཨཱ་ཐས།།
ཚེ་ཡི་རིག་སྒོ་འབྱེད་པར་གྲགས་ཆེ་ཡང་།།
སྔོན་བྱོན་གངས་ཅན་མཁས་པའི་མཁྱེན་དཔྱོད་ལས།།
རྒྱུད་བཞི་བརྒྱུད་པའི་ཤིང་རྟའི་འདྲེན་མཛད་བསྔགས།།
༡ གྲུབ་མཐའི་འཐེན་འཁྱེར་ཀྱི་ཕྱོགས་རིས་ཁྲོད་ནས་རྒྱུད་བཞིའི་གསང་བ་སྔོག་པ།
ང་ཚོས་གནའ་བོའི་ལོ་རྒྱུས་ཀྱི་གནས་བབ་ནས་མགོ་བརྩམས་ཏེ་སྒོས་སུ་གསོ་བ་རིག་པ་དར་ཁྱབ་བྱུང་བའི་སྐབས་བབ་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ནས་ཕྱིར་བལྟས་རེ་བྱས་ཡོང་དུས། བོན་ཀྱི་མཁས་པ་ཁག་གིས་བརྩམས་པའི་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་ཕུད་པའི་གངས་རིའི་ལྗོངས་འདིར་གནམ་གྱིས་ས་བཀབ་པ་ལྟ་བུའི་ཤཱཀྱ་སེང་གེའི་རྗེས་འཇུག་པ་རྣམས་ཀྱིས་བགྲང་གིས་མི་ལང་བའི་ལོ་རྒྱུས་ཀྱི་གླགས་བམ་རི་ལྟར་སྤུངས་ཡོད་ནའང་། དུས་རབས་ཀྱི་སྒལ་ཚིགས་ན་བདེན་དོན་ཀྱི་ལོ་རྒྱུས་ལ་ཚེ་སྲོག་གིས་གཅེས་སྤྲས་བྱེད་པའི་དྲང་བདེན་གྱི་དོན་དངོས་སྨྲ་བ་ཞིག གྲུབ་མཐའ་དང་ཆོས་ལུགས་འཐེན་འཁྱེར་གྱིས་ཕྱོགས་རིས་རྒོད་པའི་སྤྱི་ཚོགས་ཀྱི་གནོད་ཤུགས་འོག་ནས་འཚར་ལོངས་དང་ཁེར་ཚུགས་སུ་འགྲེངས་མ་ཐུབ་པའི་རྐྱེན་གྱིས། མེས་པོ་གོང་མའི་མཛད་རྗེས་སམ་ལྷག་པར་དུ་བོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཉིན་མོའི་རྒྱུ་སྐར་བཞིན་དུ་ཕྱི་རབས་པ་དག་གིས་མཐོང་དུ་དབེན་ཞིང་། ལོ་རྒྱུས་ཡིག་ཚང་ཁག་གི་ཟུར་དང་སྣེའམ། ཡང་ན་ལྐོག་དང་ཕུགས་བཅས་སུ་ཅུང་ཟད་རེ་གསལ་བ་རྣམས་ཀྱང་ཚིག་ཟིན་དུ་གྲུབ་པའི་མགོ་མེད་འཇུག་རྡུམ་རྐྱང་རྐྱང་ཡིན་པས་ན། གནའ་དེང་མཁས་པ་རྣམས་ཀྱི་བཞེད་ཕྱོགས་ཀྱི་བློ་ཁ་མི་མཐུན་ཞིང་ངེས་དོན་གྱི་ལོ་རྒྱུས་ལ་ཡང་དག་པའི་ཁུངས་ལུང་བྲལ་བའི་དཔལ་ལྡན་རྒྱུད་བཞི་ཞེས་པའི་རྩོད་རྙོག་ཅན་གྱི་གཞུང་ལུགས་འདིའི་བྱུང་རིམ་ལ། སྤྱིར་གཞུང་ལུགས་ལ་ཐོས་བསམ་དབེན་ཞིང་། བྱེ་བྲག་ཏུ་ལོ་རྒྱུས་ལ་ངེས་ཆ་མེད་པ། ནང་སྒོས་སུ་གསོ་བ་རིག་པའི་གཞུང་ལ་མཐོང་གོམས་ཞེན་པའི་ཤེས་དམན་བདག་ལྟ་བུ་ཞིག་གིས་གསོ་དཔྱད་ཀུན་གྱི་ཡང་སྙིང་གྱུར་བའི་དཔལ་ལྡན་གསོ་རིག་རྒྱུད་བཞི་འདི་ལ་གནའ་དེང་རིགས་པའི་དཔྱད་སྟོབས་ཀྱི་ལས་སུ་ལེན་པ་ནི། ཤེས་བྱའི་གནས་ལ་མཁྱེན་དཔྱོད་ཀྱི་བློ་གྲོས་ཀློང་དུ་རྡོལ་བའི་མཁས་དབང་རྣམ་པ་ལྟ་ཅི་སྨོས་ཏེ། རྫ་ཁ་རི་ཁར་མྱུལ་བའི་གནག་ལུག་གི་རྫི་བོ་རྣམས་ཀྱིས་ཀྱང་གད་མོ་བྱེད་པའི་གནས་ལས་མ་མཆིས་མོད། འོན་ཀྱང་། རང་ཉིད་ལ་མཚོན་ན་གསོ་རིག་གི་གཞུང་ལ་འཇུག་པའི་སློབ་མ་ཞིག་ཡིན་པས་ཆ་ནས་མ་འོངས་པའི་ཕུགས་འདུན་རྒོད་པོ་ཞིག་སྙིང་ལ་འཆིང་བཞིན། ལྷག་པར་དགེ་རྒན་དམ་པའི་ཆེད་དུ་སྩལ་བའི་ལོ་དུས་རྩོམ་ཤོག་གི་བརྗོད་གཞིའི་སྟེང་ལ་རང་བློ་དྲང་མོ་ཕྱོགས་སུ་མ་ལྷུང་པར། གནའ་དེང་མཁས་པའི་བཞེད་ཕྱོགས་མི་མཐུན་པའི་རྩོད་རྙོག་གི་སྣེ་མོ་ནས་རང་གི་འགན་འཁྲི་དང་དུ་བླངས་སྟེ། གང་ཞིག་དོན་དངོས་ཀྱི་ལོ་རྒྱུས་ལ་ཁོངས་བཅོལ་ཞིང། ཡང་དག་པའི་རིག་པ་ལ་རིགས་པས་བརྡར་ཏེ་སྐབས་སུ་བབ་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་འཇུག་པར་བྱ་སྟེ།
དེ་ཡང་རྒྱུད་བཞི་ཞེས་པའི་གཞུང་ལུགས་ཆེན་པོ་འདིའི་བྱུང་རིམ་གྱི་ཐོག་མའི་འབྱུང་ཁུངས་ལ་དབྱེ་ཞིབ་བྱེད་དགོས་ན། སྐབས་ཐོགས་དེའི་ལོ་རྒྱུས་ཀྱི་གནས་བབ་ལ་ངེས་པར་དུ་བསམ་གཞིགས་བྱེད་དགོས་པར་འདོད་དེ། སྤྱིར་རྒྱུད་བཞི་ཞེས་པའི་མིང་གི་ཐ་སྙད་འདི་བྱུང་བའི་དུས་ཚོད་ནི། སྤྱི་ལོ་དུས་རབས་བརྒྱད་པ་སྟེ་བན་བོན་གཡུལ་འགྱེད་ཀྱི་ཚ་དབལ་དྲག་ཏུ་འཕྱོ་ཞིང་ཆོས་སྲིད་འགལ་འདུ་ཡི་རྦ་རླབས་དགུང་ལ་འཕྱུར་བཞིན་པའི་སྒང་ཡིན་པ་མ་ཟད། ཆབ་དཔལ་དམག་གསུམ་གྱི་སྟོབས་ཤུགས་སྙོམས་ལས་སུ་བསྒྱུར་ཏེ་དགེ་འདུན་འདུ་སྐྱོང་གི་ལས་རིགས་དར་སྤེལ་དང་། ཕྱི་ཡོང་རིག་གནས་ཀྱི་དབུ་འཕང་དགོང་ལ་བསྟོད་བཞིན་དུས་སྐབས་ཤིག་སྟེ། བན་བོན་གཉིས་ཀྱི་གྲུབ་མཐའི་རྩོད་རྙོག་རྒོད་པའི་ཧྲག་པར་དུ་གདོང་དམར་ཚང་གི་བསམ་བློའི་བག་ཆགས་ཀྱི་སྟེང་རུམ་ན་ལྷོག་ལྷོག་ཏུ་འཕྱོ་བའི་མེས་པོའི་རིག་གནས་ཀྱི་གསོན་ཤུགས་ཡོད་་ཚད་ཉི་ཟེར་གྱིས་ལྡེས་པའི་ཚིལ་ཞག་ཇི་བཞིན་རིམ་གྱིས་རིམ་པའི་དུས་རབས་ཀྱི་ཁ་དོག་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་གསར་བ་ཞིག་གིས་དབུ་ཁྱུད་བརྩམས་པའི་དུས་སྐབས་ཤིག་རེད།
གནས་བབ་འདི་ལྟ་བུ་ཞིག་གི་འོག་ནས་སྐབས་སུ་བབ་པའི་གསོ་བ་རིག་པ་ཀུན་གྱི་སྙིང་པོ་ཐམས་ཅད་གཅིག་ཏུ་བསྡུས་པའི་རྒྱུད་བཞི་འདིའི་ཁུངས་གང་ལ་གཏུགས་པའམ་ཡང་ན་གཞུང་ལུགས་འདི་བརྩམས་པའི་མཁས་པ་སུ་ཞིག་ཡིན་ནམ་ཞེ་ན། བཀའ་གཏེར་རུ་སྒྲུབ་པའི་མཁས་པ་ཁག་ཅིག་གིས་རྒྱུད་བཞིའི་ཁུངས་སློབ་དཔོན་པད་མ་འབྱུང་གནས་ལ་གཏུགས་པ་འདི་ནི་བདག་གིས་རྩོམ་ཐུང་འདི་འབྲི་བའི་སྒྲུབ་ཕྱོགས་ཀྱི་འདོད་ཚུལ་ཞར་ཡང་མིན་ཏེ། དཔེར་ན། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《གསོ་བ་རིག་པའི་ཁོག་འབུགས་བེེཌཱུརྱའི་མེ་ལོང》ཤོག་ངོས༢༠༢ལས “ཨྱོན་ཆེན་པོས་འཚོ་བྱེད་གཞོན་ནུ་དང་ཀླུ་སྒྲུབ་གཉིས་ཀ་ལ་གསན། དེས་ལྷ་སྲས་མུ་ནེ་བཙན་པོ་ལ་རང་འགྱུར་དུ་གསུངས་”ཞེས་པ་འདི་ནི་དོན་དངོས་དང་མི་མཐུན་པའི་དུས་ཚིགས་ཀྱི་འགལ་ཟླ་ཞིག་སྟེ། འཇམ་དཔལ་རྩ་རྒྱུད་ལེའུ་རབ་འབྱམས་སོ་དྲུག་པ་ལས། “དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་འབོད་པ་འབྱུང་། །ཞེས་འཕགས་པ་ཀླུ་སྒྲུབ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་ནང་དུ་བྱོན་པ་དང་། སློབ་དཔོན་པདྨ་བོད་དུ་ཕེབས་པའི་དུས་ནི་དུས་རབས་དགུ་བའི་མགོ་སྟོད་དེ་སྤྱི་ལོ༨༡༠ལོར་ཡིན་པ་བདུད་འཇོམས་ཆོས་འབྱུང་སོགས་ན་གསལ། དེའི་བཞིན་དུ་འཚོ་བྱེད་གཞོན་ནུ་ནི་སངས་རྒྱས་བཅོམ་ལྡན་འདས་དང་དུས་མཉམ་དུ་བྱུང་བའི་རྒྱལ་བོ་གཟུགས་ཅན་སྙིང་པོའི་བུ་ཡིན་པས་ན་སློབ་དཔོན་གྱིས་ཁོང་གི་འདུན་ནས་རྒྱུད་བཞི་ཞུ་བ་ནི་དོན་དངོས་ལ་འཁྱོག་བརྗོད་བྱས་པའི་ལོ་རྒྱུས་ཀྱི་འགལ་ཟླ་ཞིག་རེད། གང་ལྟར་སློབ་དཔོན་པདྨ་ནི་སྟོན་པ་འདས་ནས་ལོ་བརྒྱད་ཀྱི་རྗེས་ཏེ་ཤིང་སྤྲེལ་ལ་སྐུ་འཁྲུངས་པར་འདོད་པའི་ཡིག་ཆ་དེ་དག་ནི་ཡིད་ཆེས་བྱེད་ཐབས་བྲལ་བ་ཞིག་ཡིན་ནའང་། ཡང་སྙིང་རྩོད་རྙོག་ཅན་གྱི་རྒྱ་གར་གྱི་མཁས་པ་འདིས་བོད་ཀྱི་རིག་གནས་སྤྱི་ལ་གཞན་ལས་ཁྱད་དུ་འཕགས་པའི་ཤུགས་རྐྱེན་གཏིང་ཟབ་མོ་ཞིག་ཐེབས་ཡོད་པ་ནང་བཞིན། གསོ་བ་རིག་པའི་གཞུང་འདིའང་ཁོང་ནས་བརྒྱུད་པའི་སངས་རྒྱས་ཀྱི་བཀའ་རུ་སྒྲོག་ན་ནི་ལོ་རྒྱུས་ཀྱི་རིན་ཐང་ལ་དོན་སྙིང་ཆེས་ཆེར་ལྡན་པའི་ཐབས་ཇུས་ཀྱི་དམིགས་འབེན་དེ་ང་ཚོ་སུས་ཡིན་ནའང་རྟོགས་སླའོ།།
མཁས་པ་སྔ་མའི་ཁྲོད་དུ་རྒྱུད་བཞིའི་ཁུངས་འབུམ་བཞི་ལ་གཏུགས་པའི་ཡིག་ཆ་བདག་གིས་ད་སྔ་མ་མཐོང་ནའང་། གཉའ་ཁྲི་བཙན་པོའི་ཡར་སྔོན་དུ་བོད་ལ་གསོ་དཔྱད་ཀྱི་ལག་ལེན་དར་ཁྱབ་ཏུ་སོང་ཡོད་པ་ནང་བའི་མཁས་པ་གང་མང་ཞིག་གིས་ཁས་ལེན་བྱས་ཡོད་པ་མ་ཟད། ཟུར་མཁར་བློ་གྲོས་རྒྱལ་པོས(༡༥༠༩ནས༡༥༧༢)ལྷ་ཐོ་ཐོ་གཉན་བཙན་གྱི་ཡར་སྔོན་དུ་“བོན་ལ་བརྟེན་པའི་གསོ་དཔྱད་ཀྱི་གཞུང་ཅི་རྙེད་ཅིག་ཡོད་པར་བདེན་དབང་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིག་དེ་ཡིས་རྒྱུད་བཞི་བཀའ་རུ་སྒྲུབ་པའི་སྔོན་བྱོན་མཁས་དབང་རྣམ་པའི་མཁྲེགས་འཛིན་གྱིས་བཅིངས་པའི་ཕྱོགས་རིས་ཀྱི་རང་ཞེན་མཐུག་པོའི་ལྕགས་སྒྲོག་དེ་ཡོངས་སུ་གཏོར་སྟེ་ཕྱི་རབས་པའི་ལོ་རྒྱུས་སྨྲ་བ་ཚོར་མིག་དཔེ་གསར་བ་ཞིག་གི་བློ་རྒྱ་བསྐྱེད་དུ་བཅུག་པ་དང་། དེ་བཞིན། རྒྱལ་ཡོངས་ཕུལ་བྱུང་སྨན་པའི་མཚན་སྙན་བརྒྱ་ཕྲག་འཁུར་དུ་བཞེས་པའི་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་ཆེན་པོ་བྱམས་པ་འཕྲིན་ལ་སོགས་པའི་མཁས་པ་ཁག་ཅིག་གིས“ལོ་ངོ་ཉིས་སྟོང་སྔོན་ནས་ས་མཐོའི་སྟེང་དུ་སྨན་དཔྱད་ཀྱི་བྱ་བ་གནང་མཁན་དྲང་སྲོང་དཔྱད་བུ་ཁྲི་ཤེས”ཞེས་མཚན་སྙན་གྱི་བ་དན་དགུང་དུ་བསྟད་དེ་བོད་ཀྱི་གསོ་བ་རིག་པའི་མེས་པོ་ནི་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཡ་གྱལ་དཔྱད་བུ་ཁྲི་ཤེས་ཡིན་པའང་དང་ལེན་བྱེད་བཞིན་ཡོད། འདི་ལྟར་ལོ་རྒྱུས་ཞིབ་འཇུག་གི་ཁྱབ་ཁུངས་གཏིང་ཇེ་ཟབ་དང་རིག་གནས་འགལ་འདུའི་བཀག་རྒྱ་ཁོད་ཇེ་ཡངས་སུ་སོང་བའི་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས། ཉེ་བའི་ཆར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྨན་པ་ཆེན་མོ་ཐུན་བསྟན་ཕུན་ཚོགས་ཀྱིས་གསོ་རིག་འབུམ་བཞི་ནང་གི་ཕྱོགས་བཞིའི་རི་བཞི་དང་ཕྱིའི་གླིང་ཆེན་བཅུ་གཉིས་ལ་སོགས་པ་ནི། “གངས་ཏི་སེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ཡུལ་གྲོང་དང་ས་ཆའི་མིང་ཤ་སྟག་སྣང་པས་བལྟས་པ་ཙམ་གྱིས་གསོ་རིག་འབུམ་བཞི་གསུངས་ཡུལ་དེ་ལྷའི་ཞིང་ཁམས་སོགས་གནས་གཞན་གང་ཡང་མ་ཡིན་པར་མི་ཡུལ་དང་དེ་ལས་ཀྱང་བོད་གངས་ཅན་གྱི་ཡུལ་དུ་གསུངས་ཡོད་པ་གནག་ཕྱུགས་ཀྱི་རྫི་བོས་ཀྱང་ཤེས་སླ་བ་ཞིག་རེད” ཅེས་སྤོབས་པ་གདངས་སུ་གྱེར་བའི་ཐ་ཚིག་བསྒྲགས་བཞིན“སྤྱི་ལོ་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ནས་ནང་ཆོས་སྤེལ་སྐབས་འབུམ་བཞིའི་མིང་ཡང་རྒྱུད་བཞིར་བསྒྱུར་ཡོད་པར་ངེས”ཞེས་དངོས་བྱུང་གི་ལོ་རྒྱུས་ལ་གཟུ་བོར་གནས་པའི་བདེན་གཏམ་གྱིས་དབང་བོ་བྱས་ཡོད། ལྷག་པར་དུ། མདོ་སྔགས་རིག་གནས་ཀུན་ལ་མཁྱེན་རྒྱ་ཆེ་ཞིང་གསོ་དཔྱད་རིག་པའི་གཞུང་ལུགས་མ་ལུས་ནང་བྱན་ཆུད་པའི་རང་རེའི་སྨན་གྱི་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་མཆོག་གིས“བོད་ཀྱི་གསོ་རིག་མཁས་པ་རྣམས་ནས་དེ་དག་གིས་གཏན་ལ་ཕབས་པའི་ཆེས་སྔ་རོལ་ནས་ཀླད་པ་དང་སྙིང་ཁམས་ཀྱི་རྣམ་བཞག་ཞིབ་པར་གཏན་ལ་ཕབ་པར་གསལ་ཏེ། དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པའི་དཔྱད་འབུམ་དང་དུས་རབས་བརྒྱད་པ་ཙམ་ནས་གཏན་ལ་ཕབ་པའི་བཤད་རྒྱུད་ལས།”ཞེས་འབུམ་བཞི་ནི་སྟོན་པ་གཤེན་རབ་ཀྱིས་གསུངས་ཤིང་དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པ་ཡིན་པ་གསལ་བོར་གསུངས་འདུག་པ་མ་ཟད་དེ་ཡང་དུས་རབས་བརྒྱད་པ་ནས་བཟུང་གཞི་ནས་གསོ་རིག་རྒྱུད་བཞིའི་ཁ་དོག་ཏུ་འགྱུར་བར་གསུངས་པ་ཡང“དེའང་དེ་ལྟ་བུའི་མི་ལོ་ཁྲི་ཕྲག་བརྒལ་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ནས་འཚར་ལོངས་དང་བརྒྱུད་འཕེལ་བྱུང་བའི་འབུམ་བཞི་འདི་ཉིད་ལ་ཁོར་ཡུག་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་དང་རྡུང་རྡེག་དུ་མ་ཞིག་ཐེབས་རུང་གཞི་རྩ་མ་སྟོར་བར་གནས་པ་འདི་བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་མེད་དུ་མི་རུང་བའི་རྩ་ཆེའི་ཡིག་ཆ་ཞིག་ཡིན”ཞེས་ལོ་རྒྱུས་ཀྱི་དྲང་ཐད་ན་མཁྱེན་དཔྱོད་ཀྱི་བློ་གྲོས་མཁའ་ལྟར་ཡངས་ཤིང་མི་རིགས་རིག་གནས་ཀྱི་ལ་རྒྱ་མཚོ་ལྟར་ཟབ་པའི་མཁས་པ་འདི་དག་གིས་ང་ཚོ་ཕྱི་རབས་པའི་རྣམ་དཔྱོད་གསར་བའི་བློ་གྲོས་ཀྱི་སྒོ་མོ་ཡོངས་སུ་ཕྱེ་པར་བྱེད་པའི་ལེགས་བཤད་ཀྱི་བདུད་རྩི་སྦྲང་ཆར་བཞིན་དུ་ཕབ་ཡོད་པའོ། །
༢ གསང་བ་དམ་བསྒྲག་གི་ཆིག་བརྒྱུད་ཁྲོད་ནས་རྒྱུད་བཞིའི་ཕམ་ཉེས་གླེང་བ།
འདི་ལྟར། བོད་ཀྱི་གསོ་དཔྱད་རིག་པའི་ཁུངས་རྒྱ་དཀར་ནག་ལ་གཏུགས་པའི་ཕྱོགས་རིས་ཅན་གྱི་འདོད་ཚུལ་དེ་རྣམས་གཟུར་གནས་ཀྱི་མཁས་པ་གང་མང་ཞིག་གིས་སྔ་ས་ནས་དགག་བཞག་བྱས་ཡོད་པས་རེ་རེ་ནས་གླེང་བའི་དགོས་པ་མ་མཆིས་ཏེ། རྒྱུད་བཞི་འདི་ཉིད་བོད་རང་གི་བསྟན་བཅོས་སུ་འདོད་པའི་ཁུངས་ནས་ཀྱང་ལ་ལས་གཡུ་ཐོག་རྙིང་མས་བརྩམས་པར་འདོད་པ་དང་ཁ་ཅིག་གིས་གཡུ་ཐོག་གསར་མས་བརྩམས་པར་འདོད་པ་ལ་སོགས་པའི་བཞེད་ཚུལ་མང་ཡང་། མཁས་པའི་དབང་བོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《གསོ་བ་རིག་པའི་ཁོག་འབིགས་བེེཌཱུརྱའི་མེ་ལོང་།》ཤོག་ངོས༡༣༦ལས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་ཉེར་ལྔའི་སྟེང་རྒྱ་གར་དུ་ཕེབས་དུས“རྒྱ་བལ་གྱི་མཚམས་རི་ཀུན་ཏུ་རྒྱུར་བོད་ཀྱི་ལོ་ཙཱ་བ་བེེ་རོ་ཙ་ན་དང་མཇལ། གསུང་གླེང་ཞིབ་པར་བྱུང་། རྒྱུད་བཞི་ངེད་བོད་དུ་མ་སླེབ་བར་གཏེར་དུ་མི་སྦ་བར་གསོལ་བ་བཏབ”ཞེས་གསལ་པར་བལྟས་ན། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྒྱུད་བཞིའི་རྩོམ་པ་པོ་མིན་པ་གསལ་བོར་བསྟན་འདུག་ལ།
གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཡང《གཡུ་ཐོག་གསར་མའི་རྣམ་ཐར》 ཤོག་ངོས༣༢༦ལས། “རྗེ་འདི་དགུང་ལོ་བཅུ་བཞེས་པའི་ཚེ་ནུབ་གཅིག་མནལ་ལམ་དུ་གྲུབ་པའི་ལྷ་མོ་ཡིན་ཟེར་བའི་བུད་མེད་ཅིག་གིས། ད་ནི་ལོ་གཉིས་ནས་ཁྱེད་ལ་གསོ་དཔྱད་ཐམས་ཅད་ཀྱི་སྙིང་པོ་གྱུར་བ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་དཔལ་ལྡན་རྒྱུད་བཞི་ཞེས་བྱ་བ་ཞིག་འབྱུང་བས། འགྲོ་བའི་དོན་རྒྱ་ཆེན་པོ་མཛོད་ཅིག་ཟེར་བ་སྨོས’’ཞེས་གཡུ་ཐོག་དགུང་ལོ་བཅུ་གཉིས་སྟེང་མང་མཁར་ཚ་ལུང་བ་རོག་སྟོན་དཀོན་ཅོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་པར། རྒྱས་པ་འབུམ་དང་རྟ་སྒ་སྲབ་བཅས་པ་སོགས་འབུལ་བ་གྱ་ནོམ་པ་ཕུལ་ཏེ་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས་”ཞེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཡང་རྒྱུད་བཞིའི་མ་རྐང་ལ་འབྲེལ་བ་མེད་པ་གསལ་བོ་རེད། དེ་ཕྱིར། ཐུབ་བསྟན་ཕུན་ཚོགས་ཀྱིས“གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱུད་བཞི་གཏེར་ནས་བཏོན་ཞེས་པ་ཡང་དོན་དུ་སྐབས་དེར་བན་བོན་འཁྲུགས་པའི་དུས་ཟིང་གི་ནང་དུ་བོན་གཞུང་གཏེར་དུ་སྦས་པའམ། སྦས་སྐུང་བྱས་པ་དག་ལས་འབུམ་བཞི་ཕྱིར་བཏོན་ནས་ཐུན་མིན་བོན་ལུགས་ཀྱི་ཐ་སྙད་ཡོད་པ་རྣམས་ནང་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས་གསོ་རིག་འབུམ་བཞི་ནས་རྒྱུད་བཞི་ཞེས་མཚན་འགྱུར་བའི་དུས་སྐབས་ཡིན་པར་སེམས”ཏེ་རྗེས་སུ་སྤྱི་ལོའི་དུས་རབས་བཅུ་གཉིས་ནང་དུ་གཡུ་ཐོག་གསར་མས“རྒྱུད་བཞིའི་དབུ་ཞབས་བར་ཚིག་སྦྱོར་ལེགས་བཅོས་དང་། ལེའུའི་གོ་རིམ་རྣམས་བསྐྱར་སྒྲིག་མཛད་ནས་འཆད་ཉན་དང་དར་སྤེལ་གཏོང་བ་ལ་གཡུ་ཐོག་པའི་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་བྱུང”ཞེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི་ལོ་ངོ་ཆིག་སྟོང་ཙམ་གྱི་རིང་ལ་གསང་བ་དམ་བསྒྲགས་ཀྱི་ཆིག་བརྒྱུད་ཁྲོད་ནས་བྱུང་བའི་འབུམ་བཞིའི་ཕྱི་མོ་སྟེང་ནས་ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུ་གསོ་དཔྱད་ཀུན་གྱི་སྙིང་པོ་གཅིག་ཏུ་བསྡུས་པའི་དཔལ་ལྡན་རྒྱུད་བཞི་འདི་བཀྲག་མདངས་གྱི་འོད་ཟེར་ལྡན་པའི་ངང་ནས་སྤྱི་ཚོགས་ཀྱི་སྟེང་དུ་ཆེས་ཐོག་མའི་གསང་སྒོ་ཕྱེ་མཁན་གྱི་མཁས་པ་དེ་ཡིན་པར་བརྗོད་པ་ལས་རྒྱུད་བཞི་བརྩམས་པའི་བྱེད་པོ་དེ་མིན་པ་གསལ་བོར་བསྟན་འདུག
འདི་ལྟར། གཡུ་ཐོག་གསར་རྙིང་གཉིས་ནི་རྒྱུད་བཞི་བརྩམས་པའི་བྱེད་པོ་ཡིན་མིན་གྱི་རྩོད་རྙོག་དེ་ནི་དགོས་མེད་ཀྱིས་ཐུགས་འཁུར་ཞིག་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོས་ཟུར་མཁར་བའི་ཤེས་བྱའི་ཁོག་འབུབས་ཤོག་ངོས༢༣༤ལས“བི་ཇི་ལ་སོགས་པ་རྣམས་ལ་རྒྱལ་པོའི་བླ་སྨན་དགུ་ཟེར་བ་དག་ཀྱང་བབ་ཅོལ་དུ་སྨྲས་པ་ཡིན་ཏེ། འདི་དགུ་གས་ཐོས་བསམ་མཐར་བསྐྱལ་ནས་བླ་སྨན་དུ་དབང་བསྐུར་བ་ཡིན་ན་ནི་སླར་ཡང་སྟོང་གསུམ་གང་བ་སོགས་བོས་པ་ལ་དགོས་པ་ཅི་ཞིག་ཡོད”ཅེས་ལོ་རྒྱུས་ལ་གཏིང་ཟབ་པའི་དབྱེ་ཞིབ་བྱེད་མཁན་གྱི་མཁས་པ་འདི་ལྟ་བུ་ཁག་ཅིག་གིས་གཡུ་ཐོག་ཡོན་ཏན་མགོན་པོ་ནི་ དོན་དངོས་ལོ་རྒྱུས་སྟེང་གི་མི་སྣ་ཞིག་མིན་པ་ཡང་གནའ་སྔ་མོ་ནས་རྒྱང་དུ་ཕུད་ཟིན་ལ། འོན་ཀྱང་།《གཡུ་ཐོག་གསར་རྙིང་གི་རྣམ་ཐར 》ཤོག་ངོས༡༠༡ལས། “ཡང་ཁ་ཆེ་སྨན་པ་རྣམས་ན་རེ། ད་ལྟ་རྒྱུད་བཞི་གང་དུ་བཞུགས་ཟེར་བས། ད་ལྟ་རྒྱ་གར་ན་པཎ་ཆེན་ཙནྡྲ་དེ་བ་ལ་བཞུགས། དེ་ནས་ལོ་ཙཱ་བེེ་རོ་ཙ་ནས་བླངས། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ལ་གནང་ངོ་། །”ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཁོག་འབིགས་ཤོག་ངོས༡༠༦ལས། “སྲས་མུ་ནེ་བཙན་པོས་སློབ་དཔོན་ལ་རྒྱུད་བཞི་ཞུས་པས། སློབ་དཔོན་གྱིས་ཁྲི་སྲོང་ལྡེ་བཙན་ལ་ངས་ཕུལ་བ་མིན། འོན་ཀྱང་རྒྱལ་བུ་ཁྱོད་ལ་སེམས་ཅན་དང་བསྟན་པ་ལ་ཕན་པའི་ཕྱིར་བཤད་དོ་གསུངས་ནས་རང་འགྱུར་མཛད། སླར་ཡང་བེེ་རོ་ཙ་ལའང་བཀའ་མ་ཕར་ཕུལ་ཞིང་གཏེར་མ་ཚུར་ཞུས”ཞེས་པ་འདིས་དོན་དངོས་ལོ་རྒྱུས་ཀྱི་གསང་བ་ཞིག་གི་སྣེ་མོ་ཕྱི་རུ་མངོན་བཞིན་ཡོད་པར་བསམ་སྟེ། ཐང་ཡིག་ཤེལ་བྲག་མའི་ལེའུ་གྱ་ལྔར། “བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིསཿ”ཞེས་བེེ་རོ་ཙཱ་ན་ནི་བོན་ཆོས་གཉིས་ཀྱི་གཞུང་ལ་ཐོགས་མེད་དུ་མཁྱེན་དཔྱོད་མངའ་བའི་མཁས་ཆེན་ནམས་མཁའི་ཉི་ཟླ་ལྟ་བུ་ཞིག་ཡིན་པ་རྩོད་མེད་རེད་ལ། པད་མ་བཀའ་ཐང་ལེའུ་དྲུག་ཅུ་རེ་བརྒྱད་ལས། “ཀན་ཇག་ཐང་ཏ་བྱིས་པ་ལོ་བརྒྱད་པཿ ཞེས་པ་འདི་ཡིས། བེེ་རོ་ཙ་ནའི་ཆེས་ཐོག་མའི་སྐྱེས་མིང་དང་རིགས་རུས། ད་དུང་ཆོས་བརྒྱུད་སོགས་གང་ཞིག་ཡིན་པ་ཡང་གསལ་བོར་བསྟན་འདུག དོན་དངོས་སུ། བེེ་རོ་ཙ་ན་ནི《འདྲ་འབག》ལྟར་དུ་ལོ་དགུ་ནས་ཕྱི་ནང་གི་བློན་པོ་བྱས་ནས་ལོ་བཅོ་ལྔའི་བར་སློབ་དཔོན་པད་མ་དང་མཁན་ཆེན་ཞི་བ་འཚོ་གཉིས་ཀྱི་མདུན་ནས་སྒྲ་རིག་པ་མཁས་པར་སྦྱངས་པ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ། “བེེ་རོ་ཙཱ་ན་འདྲ་བའི་ལོ་ཙཱ་བ།། སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་སྐན”ཞེས་གསུངས་པ་ལྟར་ཁོང་ནི་ཆུང་ངུ་དུས་ནས་ཀུན་གྱིས་དོ་ཟླ་བྲལ་བའི་རྣམ་དཔྱོད་ཀྱི་རྩལ་ནུས་ཆེས་ཆེར་རྒྱས་ཤིང་བོན་གྱི་མདོ་སྔགས་རིག་གནས་མ་ལུས་པ་སྦྱང་བ་མཐར་སོན་པའི་རྗེས་སུ་ནང་པའི་སྒྲིག་ཁུངས་སུ་འཛུལ་ཞུགས་བྱས་པར་འདོད་དེ། དེ་ལྟར་དུ། ཁོང་ནི་སད་མི་མི་བདུན་གྱི་ཡ་གྱལ་ཏེ་བོད་ལ་ནང་པའི་དགེ་འདུན་གྱི་སྡེ་ཐོག་མར་དར་བའི་ནང་གི་གཙོ་གྲས་ཤིག་རེད། འདི་ནི《ཐུགས་འབུམ་མཁའ་སྔོན》ལས“བན་ངྡེ་མི་བདུན་གྱིས་འབུམ་བཞི་ཆོས་སུ་བསྒྱུར”ཞེས་པའི་ལོ་རྒྱུས་ཀྱི་ཡིག་ཆ་དེ་དང་ཁུངས་མཐུན་ཞིང་། གང་ལྟར་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་གི་ནང་དུ་བེེ་རོ་ཙ་ན་ནི་དང་པོ་བོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་གཞིར་བཞག་གི་ཐོག་ནས་ལོ་རྒྱུས་ལ་ཞིབ་ལྟ་བྱས་ཡོང་ན། མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་ཁྲི་ཕྲག་དུ་མའི་རིང་ལ་དཀའ་སྤྱད་འབད་འབངས་བྱས་པའི་རིག་པའི་ཉིང་བཅུད་ཀྱི་ཡོན་ཏན་མ་ལུས་པ་གཅིག་ཏུ་བསྡུས་པའི་བླ་ན་མེད་པའི་རིག་གཞུང་འདི་རྩ་བརླག་ཏུ་མི་འགྲོའི་ཆེད་ཁོང་གིས་རླབས་ཆེ་བའི་ཐུགས་བཀོད་ཀྱི་མཛད་འཕྲིན་ལ་བརྟེན་ནས་རྒྱུད་བཞི་ཞེས་པའི་གསོ་རིག་ཀུན་གྱི་ཡང་སྙིང་འདི་འབུམ་བཞི་ལས་ཚུར་བསྒྱུར་པར་འདོད། དེ་ཕྱིར་རྒྱལ་དབང་ལྔ་བས། “དེ་འདྲའི་རིག་བྱེད་རྒྱུ་སྐར་ཕྲེང་བའི་དབུས།།ཚིག་ཉུང་དོན་རྒྱས་རྒྱུད་བཞི་ཆུ་ཤེལ་དབང་།།དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་བུ།།བེེ་རོ་ཙ་ནའི་མཁྱེན་དཔྱོད་རླུང་ལས་དྲངས།།ཞེས་པ་འདི་ནི་ཇི་འདྲའི་གཟུ་བར་གནས་པའི་བདེན་པའི་གསུངས་དྲི་མ་མེད་པ་ཞིག་རེད་ཨང་།
འདི་ལྟར་རྒྱུད་བཞིའི་ཁུངས་འབུམ་བཞི་ལ་གཏུགས་ཏེ་བསྒྱུར་བ་པོ་ལོ་ཙཱ་བའི་ཁུངས་བེེ་རོ་ཙ་ན་གཏད་པའི་དོན་དངོས་ལོ་རྒྱུས་ཀྱི་རྒྱུ་རིམ་ཞིག་ལ་བསམ་པའི་བདག་གི་འདོད་ཚུལ་ལྟར་ན། ད་དུང་ཡང་ང་ཚོ་ལ་དྲི་གཞི་ལྷག་ཡོད་པ་ནི་རྙོག་འཛིང་ཆེ་བའི་རིག་གནས་གདུང་གཏུག་བྱེད་པའི་དུས་རབབས་ཀྱི་འགལ་ཟླའི་ཁྲོད་ནས་གཏེར་བཏོན་པ་སུ་ཞིག་གིས་མུན་ནག་གི་ཁྲི་དུང་དུ་བཅུག་པའི་རྒྱུད་བཞིའི་གསང་བ་ཕྱིར་སྔོག་བྱས་པ་དེ་ཡིན།
མ་དཔེ་བུ་དཔེ་རུ་གྱུར་བའི་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་དེབ་ཐར་སྤྱིའི་འགྲོས་ཚུལ་ལྟར་དུ་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《ཁོག་འབིགས》ཤོག་ངོས༡༢༨ལས་ཀྱང་། “ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བསྟན་པ་ལྟར་གྲྭ་བ་མངོན་ཤེས་ཀྱིས་བསམ་ཡས་དབུ་རྩེ་ནས་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་བོ་གཏེར་ནས་བཏོན།”པར་གསུངས་འདུག་ནའང་། འོན་ཀྱང་། 《ཟུར་མཁར་བའི་ཤེས་བྱ་ཁོག་འབུབས་》ཤོག་ངོས་༢༣༣་་ལས། “གྲྭ་བ་མངོན་ཤེས་ཀྱི་ལོ་རྒྱུས་ནང་དུ། གནོད་སྦྱིན་གྱི་ལུང་ལ་བརྟེན་ནས་རྒྱུད་བཞི་གཏེར་ནས་བཏོན་པ་དང་། དེ་ཉིད་ཤེས་པ་སོགས་ཕྲོས་ཅུང་ཟད་ཙམ་ཡང་མི་སྣང་ཞིང་། གཏེར་བདག་ཤིང་བྱ་ཅན་ལ་གཏད་ནས་གནོད་སྦྱིན་གྱི་ལུང་སྟོན་པ་དང་། ཆོས་བདག་སྟག་ཞོན་དང་ཞང་བློན་ལ་བྱེད་པ་དང་། དབུ་རྩེའི་བར་ཁང་ན་ཀ་བ་བུམ་པ་ཅན་ཡོད་པར་འདོད་པ་རྣམས་ཕན་ཚུན་འགལ་བ་ཡིན”ཞེས་དོན་གྱི་གྲྭ་བ་མངོན་ཤེས་ནི་རྒྱུད་བཞི་གཏེར་ནས་བཏོན་མཁན་མིན་པར་གསལ་བ་་ལྟར་དུ། 《འཚོལ་ཞིབ་དང་མཐའ་དཔྱོད》ཅེས་པའི་ཤོག་ངོས༢༥༢ལས་ཀྱང་། “གཏེར་མར་བཞེད་པས་གྲྭ་བ་མངོན་ཤེས་ཀྱི་གཏེར་མ་ཡིན་ཞེ་ན། སློབ་དཔོན་རིན་པོ་ཆེས་གཏེར་སྦས་པའི་ས་རྟགས་དང་འདོན་པའི་དུས་ཚོད་སོགས་ལ་གྲྭ་མངོན་གྱི་གཏེར་ཁར་གསོ་རིག་ཡོད་པར་མ་གསུངས་པ་དང་། རྒྱུད་བཞི་འདི་ལ་གཏེར་ཆོས་ཀྱི་མཚན་ཉིད་དང་། མཁའ་འགྲོ་བརྡ་ཡིག་སོགས་མི་འབྱུང་བས་དེ་ནི་ངག་འཁྱལ་ཙམ་མ་གཏོགས་དོན་མེད”ཅེས་རྒྱུད་བཞི་གཏེར་ནས་བཏོན་མཁན་ནི་རབ་བྱུང་དང་པོ་མ་ཤར་བའི་སྔོན་གྱི་ཆུ་ཕོ་བྱི་བའི་ལོ་ལ་གཡོ་རུར་སྐུ་འཁྲུངས་པའི་དབང་ཕྱུག་འབར་རམ་གྲྭ་བ་མངོན་ཤེས་མིན་པར་བསྟན་འདུག ང་ཚོས་འབུམ་བཞིའི་བརྒྱུད་པ་ཐུགས་འབུམ་མཁའ་སྔོན་ལྟར་ན། སངས་རྒྱས་བསྟན་པའི་གཙོ་བོ་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་རྩ་ཏྲ་ཧེ་ལ་བཤད། དེས་གསར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུད་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་བན་ངྡེ་མི་བདུན་གྱི(གྱིས)ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེགས་པའི་བྲབ་བྱས་དུས། བོན་པོ་མི་བདུན་གྱི(གྱིས)ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ། །”ཞེས་གོང་ནས་གླེང་ཟིན་པ་ལྟར་རྒྱུད་བཞི་བསམ་ཡས་དབུ་རྩེ་ནས་གཏེར་ཁ་ཕྱེ་བ་ཞིག་མིན་ན། གཙང་སྟོད་བྱེ་མ་གཡུང་དྲུང་ཞེས་པའི་ས་གནས་འདི་ལྟ་བུ་ཞིག་གཏེར་ཁ་ཕྱེ་བ་ཞིག་ཡིན་ནམ། སྨན་རིའི་ཁྲི་འཛིན་གྱི་ཡོངས་འཛིན་མཆོག་གིས་བརྩམས་པའི་གསོ་རིག་འབུམ་བཞིའི་བརྒྱུད་ཁུངས་ཀྱི་དཔྱད་གཞི་ཞེས་པ《བགྲེས་པོའི་འབེལ་གཏམ》འདོན་ཐེངས་དང་པོའི་ཤོག་ངོས༦༤ལས། “སྐྲག་ལ་ཡི་ནུབ་ཀྱི་རྒྱབ་ཏུ། སྤོས་རི་ངད་ལྡན་གྱི་བྲག་ཟུར་དུ་བྲག་ཕུག་ཟང་ཐལ་གནམ་སྐས་ཅན་ཞིག་ཡོད་པའི་ས་གནས་དེ་ལ་སྣ་རུ་བྲག་གནམ་སྐས་ཅན་ཞེས་དང་། སྣང་ཏུ་བྲག་གནམ་སྐས་ཅན་ཞེས་པ་སོགས་ཡིག་གཟུགས་འདྲ་མིན་འདུག་ཀྱང་། གང་ལྟར་དེ་སྨན་གཞུང་འདི་རྣམས་ཀྱི་གཏེར་གནས་དང་། གནའ་དུས་མིང་ཡང་འདི་ལྟར་ཡིན་ནམ་སྙན་ནས་བརྟག་དཔྱད་བྱེད་གཞི་རུ་བཞག་ཡོད།”ཅེས་གསལ་བར་བལྟས་ན་རྒྱུད་བཞི་གཏེར་ནས་བཏོན་སའི་གནས་ས་ཆ་འདི་འདྲ་ཞིག་མིན་ཞེས་བཤད་དཀའོ།།《བོན་སྒོ》འདོན་ཐེངས་བཅུ་དགུ་བའི་ཤོག་ངོས༩༨ལས། 《ཐུགས་འབུམ་མཁའ་སྔོན》ལས་གསལ་བའི་གཏེར་སྟོན“བུ་འཚོ་སྲིད་པའི་རྒྱལ་པོ”དང《ཨ་མ་ར་ཡའི》གཞུང་དུ་གསལ་བའི”“མཁུན་བཙུན་སྲིད་པའི་རྒྱལ་པོ”དང་། དེ་བཞིན“《བདུད་རྩི་ཕམ་ཕུམ་དགུ་བ》ཡི་གཞུང་ནང་གི“ཁུ་འཛུ་སྲིད་པའི་རྒྱལ་བོ”རྣམས་ནི་གཏེར་སྟོན་གཅིག་རང་ཡིན་པར་བརྗོད་ཡོད། དོན་དངོས་སུ། བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པའི་གཏེར་སྟོན་པ་འདིིའི་མཚན་དངོས་ཅི་ཞིག་ཡིན་པ་ད་དུང་ཡང་ང་ཚོའི་དཔྱད་གཞིར་ལྷག་ཡོད་པ་མ་ཟད་གཏེར་སྟོན་པ་འདིས་རྒྱུད་བཞི་དང་འབུམ་བཞི་གཉིས་ས་གནས་གཅིག་ནས་དུས་མཉམ་དུ་བཏོན་པ་ཡིན་ནམ་ཡང་ན་འབུམ་བཞི་བོ་སོ་སོར་ས་གནས་མི་འདྲ་བ་རེ་ནས་ལོགས་སུ་གཏེར་ནས་བཏོན་པ་ཡིན་ནམ་ཞེས་པ་སོགས་ནི་ད་དུང་ཡང་མཁས་པའི་ཁྲོད་ན་རྩོད་གཞིར་ལྷག་ཡོད།

འབྲེལ་ཡོད་འོས་སྦྱོར།