logo

གསོ་རིག་རྒྱུད་བཞིའི་བྱུང་བ་ལ་གནའ་དེང་རིགས་པས་དཔྱད་པ།

རྩོམ་པ་པོ།:སྐྲན་འབིགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-21 ཀློག་གྲངས།:
      ཐུགས་འབུམ་མཁའ་སྔོན་གྱི་འཇུག་ཏུ་འབུམ་བཞིའི“དཔེ་ཆ་མེ་ལ་བསྲེགས་གྲབ་བྱས་དུས།  བོན་པོ་མི་བདུན་གྱི་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས”ཟེར་བར་བལྟས་ན།  སྐབས་དེ་དུས་འབུམ་བཞི་ལ་མ་དཔེ་གཅིག་མ་གཏོགས་མེད་པར་འདོད་དེ། དེ་ཡང་སྟོན་པ་གཤེན་རབ་ནས་བརྒྱུད་དེ་ བུ་འཚོ་སྲིད་པའི་རྒྱལ་པོ་ལ་ཐུག་པའི་བར་དུ་གསང་བ་ཆིག་བརྒྱུད་ཀྱི་གདམས་པའི་བཀའ་རྒྱ་ལས་འདའ་ཐུབ་མེད་པ་མ་ཟད། ཕྱོགས་གཞན་ཞིག་ནས་བཤད་ན་ལོ་ཙཱ་བ་བེེ་རོ་ནས་བརྒྱུད་ཏེ་གཡུ་ཐོག་གསར་མ་ལ་ཐུག་པའི་བར་དུ་ས་རུ་གཏེར་སྦས་ཁོག་ཉར་གྱིས་ཟབ་བཞེས་ལས་ཕྱི་རུ་འདའ་མ་ཐུབ་པ་རེད། གང་ལྟར་ཀྱང་། ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར་དུ་ཆོས་ཁུངས་རྒྱ་གར་ལ་བཅོལ་བའི་སྲོལ་བཞིན་དུ་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་འདི་ཡང་སངས་རྒྱས་ཀྱི་བཀའ་རུ་སྒོས་པའི་དུས་དེ་ནས་བཟུང་། མིའི་རིགས་ཀྱི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་གྱི་འཚོ་བའི་ཆ་ཤས་རེ་རེ་ལ་མེད་དུ་མི་རུང་བའི་གཞུང་ལུགས་འདི་ཡང་དམའ་རིམ་སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་དུ་དར་འཕེལ་བྱུང་བའི་བསོད་ནམས་ཀྱི་བགོ་སྐལ་ཉག་ཕྲ་ཞིང་བཀའ་གཏེར་དང་གདམས་པ་ཆིག་རྒྱུད་ཀྱི་གསང་བ་དམ་དུ་བསྡམ་ནས་མཐོ་རིམ་མི་སྣའམ་ཤེས་ཡོན་གྱི་རྫོང་མཐུག་སའི་ཁོར་ཡུག་ཆུང་ཆུང་ཞིག་གི་བཀག་རྒྱ་ལས་བརྒལ་མ་ཐུབ་པ་འདི་ཡང་བོད་ཀྱི་གསོ་བ་རིག་པ་དེར་འཕེལ་བྱུང་བ་ལ་འགལ་རྐྱེན་ཆེན་པོ་ཞིག་ཅི་ལ་མིན་སྟེ། མ་འོང་བའི་གདུལ་བྱ་གང་ཞིག་གི་ཆེད་དུ་ཁ་གཡང་སྒྲོག་བཞིན་ཆོས་ལུགས་སམ་གྲུབ་མཐའ་གང་ཞིག་དོན་དུ་རང་ཞེན་བྱེད་བཞིན་ལོ་ངོ་བདུན་བརྒྱའི་ལྷག་གི་རིང་ལ་ས་ནག་པའི་འོག་དུང་དུ་ཁུ་སིམ་པའི་མཚམས་བཅད་དུ་སྒེག་པ་ནི་དེ་ལས་ལྷག་པའི་གསོ་བ་རིག་པའི་ལོ་རྒྱུས་ཀྱི་བྱ་བཞག་ལ་འགལ་རྐྱེན་ཆེན་པོ་ཞིག་རེད།
༣ གཞུང་ལུགས་གདོང་གཏུགས་ཀྱི་ལྟ་བའི་ཁྲོད་ནས་རྒྱུད་བཞིའི་ངོ་གདོང་འཚོལ་བ།
      “བོད་གངས་ཅན་གྱི་ལྗོངས་འདིར་མི་གསུམ་ཚོགས་པ་ལ་ཡན་གྱིས་སྨན་དཔྱད་ཀྱི་རྒྱུད་བཞི་འདི་བཀའ་ཡིན་ནམ་བསྟན་བཅོས་ཡིན་ཞེས་གླེང་ཞིང་།  འགའ་ཞིག་གིས་བཀའ་རང་ཡིན་ཞེས་ཨུ་ཚུགས་འབའ་ཞིག་བྱེད་ཅིང་།  འགའ་ཞིག་གིས་བསྟན་བཅོས་རང་ཡིན་ཞེས་གླེང་ཡང་ལུང་རིགས་གང་ནས་ཀྱང་མ་འགྲེལ་བའི་ཨུ་ཚུགས་འབའ་ཞིག་བྱེད་ཀྱི་ཡོད་འདུག”ཅེས་ཟུར་མཁར་བློ་གྲོས་རྒྱལ་པོས་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་ཞེས་པ་ལས་དགག་སྒྲུབ་ཀྱིས་ལམ་ནས་འདོད་ཚུལ་ལོག་པ་རྣམས་ཐ་གཅིག་ཏུ་ཐར་འདོན་བྱས་ཡོད་པས།  ང་ཚོས་འབྲས་མེད་ཀྱི་གནད་དོན་མང་པོ་ཞིག་ལ་དབྱེ་ཞིབ་ཀྱིས་ངལ་བ་བརྟེན་པའི་དགོས་པ་མ་མཐོང་སྟེ། ཡིན་ནའང་། རྒྱུད་འབུམ་གཉིས་ཀྱི་གཞུང་ལུགས་ལ་དངོས་སུ་ཞིབ་བསྡུར་བྱས་ཡོང་དུས། རྒྱུད་བཞི་ལ་ཆོས་ཕྱོགས་ཀྱིས་མཁས་པ་གང་མང་ཞིག་གིས་ལེགས་བཅོས་དང་དག་བསྒྲིགས་བྱས་ཡོད་པ་ནང་བཞིན།  འབུམ་བཞི་ལའང་ཕྱིས་སུ་བོན་ཕྱོགས་ཀྱི་མཁས་པ་གང་རུང་ཞིག་གིས་མི་མངོན་པའི་ལག་རིང་བསྐྱངས་ཡོད་པར་བསམ་པ་མ་ཟད།  ད་དུང་རྒྱུད་འབུམ་གཉིས་ཀྱི་གཞུང་ལུགས་གཉིས་ལ་ཤན་ཞུགས་ཆེས་ཆེར་ཐེབས་ཡོད་པའི་ཚེ་རིག་བྱེད་ཀྱི་ཡ་གྱལ་ཡན་ལག་བརྒྱད་པའི་གཞུང་ལའང་ང་ཚོས་དབྱེ་ཞིབ་ཟབ་མོ་བྱེད་དགོས་པར་འདོད་དེ།  གཞུང་ལུགས་ཕན་ཚུན་བར་ལ་ཤན་ཞུགས་ཐེབས་པའི་རྩོད་རྙོག་དེ་ཐག་གཅོད་བྱེད་དགོས་ན།  གཞུང་དོན་དངོས་ལ་འཇུག་པའི་ལག་ལེན་གྱི་སྟེང་ནས་རྟོགས་པར་བྱེད་དགོས་ཏེ།  དེ་ལྟར་འབུམ་བཞིའི་ལེའུ་རྣམས་སྤྱི་སྡོམ་གྱི་ཚུལ་དུ་བརྗོད་པའི་རྣམ་གྲངས་ཀྱི་སྐབས་སུ།  “འབུམ་དང་ཡན་ལག་གནས་དང་ནི།  །སྐབས་དང་མདོ་དང་ལེའུ་བསླབ་པ་བྱའོ།།”ཞེས་རྒྱུད་བཞི་དང་གཅིག་མཐུན་གྱི་འབུམ་བཞིིའི་གོ་རིམ་ལ་འགལ་སྐྱོན་གང་ཡང་མེད་ནའང་།  འབུམ་བཞི་འཆད་པའི་གོ་རིམ་དངོས་ཀྱི་སྐབས་སུ་གནས་དང་མདོ་གཉིས་ཀྱི་གོ་ས་ལ་ནང་འགལ་ཤོར་ཡོད།  འདི་ནི་འབུམ་བཞིའི་ཐུན་མིན་གྱི་ཡོན་ཏན་ཞིག་ཡིན་སྲིད་ནའང་གོང་གི་སྡོམ་དང་ཚིག་སྔ་ཕྱི་ནང་འགལ་བྱུང་ཡོད་པ་ང་ཚོས་ཁས་ལེན་དགོས་ཏེ།  དེ་བཞིན། 《རྒྱུད་བཞིའི》སྐབས་སུ་ཕྱི་མ་རྒྱུད་བསྟན་པའི་མདོ་བཞི་ནི་ལེའུ་གཉིས་བཅུ་བདུན་དྲུག་བསྲེས་པའི་སུམ་ཅུ་གཅིག་གིས་ཆ་ཡོངས་སུ་རྫོགས་པར་བསྟན་ཡོད་ནའང་《སྨན་འབུམ་དཀར་བོ》ལས་གཉིས་བཅུ་བདུན་དྲུག་ལེའུ་ཉི་ཤུ་ལྔ་ཞེས་བསྡོམས་ཚིག་གཅིག་མཚུངས་སུ་བཀོད་ཡོད་ནའང་དོན་གྱིས།  གླེང་སློང་བའི་སྤྱི་དོན་གྱི་ལེའུ་དང་། གཉེན་པོ་གཅིག་རྒྱུག་གང་རྩི་བསྟན་པའི་ལེའུ།  གསོ་དཔྱད་མདོར་བསྡུས་ནས་བསྟན་པའི་ལེའུ།  འགོ་ན་འགོག་སྲུང་བའི་ལེའུ། གཙོ་འཁོར་ལ་རྒྱུད་གཏད་པའི་ལེའུ།  འཁོར་རྣམས་ཀུན་གྱིས་བསྟོད་པ་ཕུལ་པའི་ལེའུ།  རྒྱུད་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བདུན་པོ་འདི་རྣམས་བསྡོམས་ཚིག་གི་ནང་དུ་འདུས་ཐུབ་མེད་པ་ལ་སོགས་པའི་བརྗོད་བྱའི་ཚིག་གི་སྔ་ཕྱི་འགལ་བ་ནི་གཞུང་རྩོམ་པའི་སྐྱོན་དུ་ལྟ་ན།  འདི་ལྟ་བུ་གཞུང་ལུགས་རྩོམ་པའི་རྨང་གཞིའི་ཤེས་བྱ་ལ་གསོ་དཔྱད་དམ་པའི་མེས་པོ་དཔྱད་བུ་ཁྲི་ཤེས་གཙོ་བོའི་མཁས་ཆེན་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ་སོགས་པ་ནི་འཁྲུལ་མི་སྲིད་པའོ།།  དེ་ཕྱིར་ང་ཚོས་རྒྱུ་རིམ་འདིའི་ཁྲོད་ནས་གནད་དོན་ཞིག་རྟོགས་ཐུབ་པ་ནི་འབུམ་བཞི་ལའང་གཡུ་ཐོག་པའི་རྒྱུད་བཞི་ཡོངས་སུ་ལེགས་འགྲུབ་བྱུང་བའི་རྗེས་སུ་བཅོས་བསྒྱུར་གྱིས་ཁ་གསེབ་དང་ལེགས་བསྒྲིགས་གང་ལེགས་ཤིག་བྱས་ཡོད་པ་དེ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སླར་ཡང་རྒྱུད་བཞིར་དག་བཅོས་གནང་སྐབས་འཕགས་ཡུལ་དང་། རྒྱ་ནག ཏ་ཟིག་སོགས་ཀྱི་སྨན་གཞུང་དང་། ཡང་སྒོས《འཁོར་ལོ་རྒྱལ་པོའི་མེ་བུམ》ལྟ་བུ་ཞང་ཞུང་གི་སྨན་དཔྱད་ལའང་དཔྱད་གཞི་མཛད”པ་འཇུག་བྱང་དུ་བཀོད་ཡོད་པར་བལྟས་ན་རྒྱུད་བཞིའི་ཡི་ཚིག་གི་སྡེབ་སྦྱོར་དང་བརྡ་དག་གི་འགལ་འཁྲུལ་ཙམ་ལ་བཟོ་བཅོས་རྒྱབ་པ་མ་ཡིན་པར་གཞུང་གི་རྩ་དོན་ལའང་ལེགས་བཅོས་དང་ཁ་གསེབ་བྱས་ཡོད་པ་གསལ་བོ་ཡིན་པ་དེ་བཞིན་དུ་རྒྱུད་གཉིས་ཀྱི་གཞུང་དོན་འགལ་མེད་དུ་འཆར་བའི་གསོ་རིག་འབུམ་བཞི་ལའང་ལེགས་བཅོས་ཤིག་བཏང་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ།
      དེ་བཞིན། གཞུང་ལུགས་འབྱུང་སའི་ཐོག་མའི་ཡུལ་གྱི་གནས་བབས་དང་རྩ་བའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་མི་གཅིག་ནའང་གསོ་ཐབས་ཀྱི་དམིགས་འབེན་དང་ལག་ལེན་གྱི་ཁ་ཕྱོགས་གཅིག་ཏུ་བབས་ཡོད་པ་མ་ཟད་མཐའ་ན་ནང་གི་ཚིག་གི་སྡེབ་སྦྱོར་ལའང་འགལ་བ་ཆེས་ཆེར་མེད་པའི་རྒྱུད་འབུམ་གཉིས་དང་ཡན་ལག་བརྒྱད་པའི་གཞུང་ལུགས་འདི་གསུམ་ཕན་ཚུན་གཅིག་གིས་གཅིག་ལ་ཤན་ཞུགས་ཙམ་ཡང་ཐབས་མེད་ལབ་པ་ཡིན་ན་སུས་ཀྱང་ཡིད་ཆེས་བྱེད་མི་ཐུབ་པ་ཞིག་ཡིན་ཏེ། དཔེར་ན།  གཞུང་ལུགས་འདི་གསུམ་གྱི་ནང་ནས་ཕྱོགས་ཙམ་བཀོད་ན།
      《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ》ལས་ཉེས་པའི་ལས་བསྟན་པའི་སྐབས་སུ  “ དེ་ནི་རྣམ་འགྱུར་མ་འགྱུར་བས། །ལུས་ནི་འཇོམས་དང་གནས་པ་ཡིན།  །ཞེས་པ་ལ། 《རྒྱུད་བཞི》ལས།  རྣམ་པ་མ་གྱུར་བར་དུ་གྱུར་བ་ལས། །ལུས་ནི་གནས་དང་འཇོམས་པར་བྱེད་པ་ཡིན།  །ཞེས་དང་། 《འབུམ་བཞི་》ལས།  རྣམ་པར་མ་གྱུར་བ་དང་གྱུར་བ་ལས།  །ལུས་ཀྱི་གནས་རྣམས་འཇོམས་པར་བྱེད་པ་ཡིན།  །ཞེས་བཀོད་ཡོད་པ་མ་ཟད། དེ་བཞིན་ཉེས་པ་གསུམ་གྱི་མཚན་ཉིད་བསྟན་པའི་སྐབས་སུ་ཡང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དེ་ལ་རླུང་ནི་རྩུབ་ལ་ཡང་།  །གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ།  །མཁྲིས་པ་སྣུམ་བཅས་རྣོ་ཞིང་དྲོ།  །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར།  །བད་ཀན་སྣུམ་བསིལ་ལྕི་བ་དང་།  །བརྟུལ་ཞིང་འཇམ་བརྟན་འབྱར་བག་ཅན།  །ཞེས་བསྟན་ཡོད་པ་དང་།  རྒྱུད་བཞི་ལས།་ ་རླུང་གི་རྩུབ་ཅིང་ཡང་བ་དང་།  །གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་ཡིན།  །མཁྲིས་པའི་མཚན་ཉིད་སྣུམ་བཅས་རྣོ་ཞིང་ཚ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་ཡིན།  །བད་ཀན་མཚན་ཉིད་སྣུམ་ཞིང་བསིལ་བ་དང་།  །ལྕི་རྟུལ་འཇམ་བརྟན་འབྱར་བག་ཅན་དུ་གནས།  །ཞེས་དང་། འབུམ་བཞི་ལས།   རླུང་གི་མཚན་ཉིད་རྩུབ་ཞིང(ཅིང)ཡང་བ་དང་།  །གྲངས་ཞིང(གྲང་ཞིང)སྲ་ལ་ཕྲ་ཞིང་གཡོ་བ་ཡིན།  ། མཁྲིས་པའི་མཚན་ཉིད་རྣུམ(སྣུམ)བཅས་རྣོ་ཞིང་ཚ།  ། ཡང་ཞིང་དྲི་མནམ་འཁྲུལ(འཁྲུ)ཞིང་གཤེར་བ་ཡིན།  །བད་ཀན་མཚན་ཉིད་སྣུམ་ཞིང་བསིལ་བ་དང་།།ལྕི་བརྟུལ་འཇམ་བརྟེན་འབྱར་བག་ཅན་དུ་གནས།།ཅེས་དང་།
      གཞན་ཡང་། དུས་དྲུག་སོ་སོར་བསྟེན་དགོས་པའི་རོའི་ལས་བཤད་་པའི་སྐབས་སུ་ཡང་། ཡན་ལག་བརྒྱད་པ་ལས། དགུན་དང་དབྱར་ནི་དང་པོའི་གསུམ།།དཔྱིད་ནི་ཐ་མའི་རོ་གསུམ་བསྟེན།།སོ་ག་མངར་ཏེ་སྟོན་ཀ་ནི།།མངར་དང་ཁ་དང་བསྐ་བ་བསྟེན།།ཞེས་པ་ལ། རྒྱུད་བཞི་ལས། དབྱར་དང་དགུན་ནི་དང་པོའི་རོ་གསུམ་བསྟེན།  །དཔྱིད་ཀ་ཐ་མའི་རོ་གསུམ་སོ་ག་མངར།།སྟོན་ཀ་མངར་ཁ་བསྐ་བ་བསྟེན་པར་བྱ།།ཞེས་དང་། འབུམ་བཞི་ལས།  དབྱར་དང་དགུན་གཉིས་དང་པོའི་རོ་གསུམ་བསྟེན།  དཔྱིད་ཀ་མཐའ་མའི་རོ་གསུམ་སོས་ཀ་མངར།།སྟོན་ཀ་མངར་ཁ་བསྐ་བ་བསྟེན་པར་བྱ།”ཞེས་ཕྲད་དང་རྣམ་དབྱེ་ལ་སོགས་པའི་བརྡ་སྤྲོད་ཀྱི་འགྲོས་དང་མིང་ཚིག་གི་གོང་འོག་སྦྱོར་ཚུལ་གྱི་ཐ་སྙད་ལ་སོགས་པའི་འགྱུར་གྱི་ཁྱད་པར་ཙམ་མ་གཏོགས་གཞན་མཚན་ཉིད་དང་དབྱེ་བ།  བརྗོད་བྱའི་བསྟན་དོན་སོགས་ཁྱད་པར་གང་ཡང་མེད་པའི་ཚིག་བརྗོད་འདི་ལྟ་བུ་གང་མང་ཞིག་གཞུང་ལུགས་གསུམ་གྱི་གོང་འོག་བར་གསུམ་ན་གཅིག་ཏུ་འབྲེལ་ཡོད་པས་ང་ཚོ་སུ་ཡིན་ནའང་དོགས་པ་ཞིག་མི་སྐྱེ་རང་སྐྱེས་ཡིན་ཏེ། ད་དུང་གཞུང་ལུགས་འདི་གསུམ་གྱི་ནང་དུ་ལེགས་སྦྱར་གྱི་ཐ་སྙད་གང་མང་ཞིག་ཡོད་པ་ནང་བཞིན་རྒྱུད་འབུམ་གཉིས་ཀྱི་ནང་དུའང་བོད་རང་གི་བརྡ་རྙིང་པའི་ཞང་སྐད་མ་ཉམས་པ་རང་སོར་གནས་པའང་གང་མང་ཞིག་ཡོད། དཔེར་ན།  ནད་འབུམ་ལས་གཟའ་བཅོས་དང་ཀླུ་གདོན་བཅོས་པའི་ལེའུའི་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས་མན་རྒྱུ་མི་སྣང་།  རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲག་བསྐྱེཀ་པའི་ཞང་སྐད་ཀྱི་སྔགས་རྣམས་མན་རྒྱུད་དུ་ལེགས་སྦྱར་སྐད་ཀྱི་གཟུངས་སྔགས་སུ་བསྒྱུར་བ་དང་།  འཇུག་དོན་སྐབས་ཀྱི་གཟུངས་སྔགས་ཁ་ཤས་ཞང་སྐད་རང་འཇགས་སུ་བཞག་ཡོད་པ་ལྟ་བུའོ།། ཡིན་ཡང་། བོན་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་དང་ལེན་བྱེད་མི་ཐུབ་པ་ཞིག་ནི་ཡན་ལག་བརྒྱད་པའི་ཉིང་ཁུ་མང་པོ་ཞིག་རྒྱུད་བཞིའི་གསང་ལ་འཐིམ་ཡོད་པ་དེ་རེད།  འོན་ཀྱང་ཡན་ལག་བརྒྱད་པའི་ཁུངས་འབུམ་བཞི་ལ་གཏུགས་ན།  རྒྱ་གར་གྱི་ལོ་རྒྱུས་ཁྲོད་ནས་ཁས་ལེན་བྱེད་ཐུབ་མིན་ད་སྔ་བདག་གིས་མི་རྟོགས་ནའང་།  ང་ཚོས་རི་བོ་ཏི་སེ་ནི་གནའ་བོའི་རིག་གནས་ཀུན་ཀྱི་འབྱུང་ཁུངས་ཡིན་པའི་གཞིར་བཞག་གི་སྟེང་ནས་བཤད་ན།  ཡན་ལག་བརྒྱད་པའི་ཁུངས་འབུམ་བཞིར་གཏུགས་ན་མི་ཆོག་པ་མེད་དེ།  འོན་ཀྱང་། ཡན་ལག་བརྒྱད་པ་འདི་སློབ་དཔོན་དཔའ་བོས་རྗེ་བཙུན་སྒྲོལ་མས་ལུང་བསྟན་ལྟར་ལུས་ཀྱི་སྡིག་བཤགས་སུ་ཡན་ལག་བརྒྱད་པ་ཆེན་པོ།  ཡན་ལག་བརྒྱད་པ་བསྡུས་པ།  ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་དེའི་རང་འབྲེལ་དང་བཅས་པ་བརྩམས་པར་གྲགས་ཤིང་།  དུས་རབས་བརྒྱད་པའི་བེེ་རོ་ཙ་ན་ནས་མགོ་བཟུང་སྟེ་གཡུ་ཐོག་གསར་མ་ལ་ཐུག་པའི་དུས་རབས་བཅུ་གསུམ་གྱི་བར་དུ་གངས་རིའི་ལྗོངས་འདིར་ཡན་ལག་བརྒྱད་པའི་འགྲོ་དོན་ཆེས་ཆེར་དར་བ་མ་ཟད་ལོ་ཙཱ་བས་འགྱུར་ཡང་མང་པོ་མཛད་ཡོད་པ་མ་ཟད།  “ཕྱིས་བརྒྱ་ཕྲག་བཅུ་གཅིག་ཙམ་ལ་རྒྱ་གར་གྱི་མཁན་པོ་ཛཱ་རན་ངྷར་དང་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བའི་རྩ་བ་དེ་ཉིད་ད་ལྟ་བསྟན་འགྱུར་གྱི་ཕོད་ཧེ་པའི་ནང་དུ་བཞུགས་ཡོད་པ།  གཞན་ཡང་བསྟན་འགྱུར་གྱི་པོད་ཀོ་པ་དང་།  ཁོ་བ།  གོ་བ། ཧེ་པ།  ཨེ་པ་རྣམས་སྙིང་པོ་བསྡུས་པའི་འགྲེལ་བ་ཟླ་ཟེར་དང་རང་འགྲེལ་ལ་སོགས་པ་སྨན་གཞུང་རྣམས་ཡིན་”ཡིན་པར་གསལ་བར་བལྟས་ན། དཔལ་ལྡན་རྒྱུད་བཞི་ནི་གཞུང་ལུགས་གཉིས་ཀྱི་ཉིང་ཁུ་མ་ལུས་གཅིག་ཏུ་བསྡུས་པའི་གསོ་དཔྱད་ཀུན་གྱི་རྒྱལ་པོ་དེ་ཡིན་པར་བསམ་པ་མ་ཟད།   《བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། 》 ཤོག་ངོས༧༠ལས་ཀྱང་། 《  སྨན་དཔྱད་ཆེན་མོ》 དང《མི་འཇིག་མཚོན་ཆ》ཞེས་པ་འདི་གཉིས་དུས་ཕྱིས་སུ་མཐོང་རྒྱུ་མེད་རུང་དེ་དག་གི་ཉིང་ཁུ་རྣམས་རང་རེའི་གསོ་རིག《རྒྱུད་བཞི》ཡི་ནང་དུ་ཚུད་ཡོད་པའི་སྐོར”གསུངས་པ་ལྟར་དུ་རྒྱ་དཀར་ནག་དང་སྟག་གཟིགས་ལ་སོགས་པའི་གསོ་དཔྱད་ཀྱི་སྙིང་པོའི་ཡང་ཞུན་ཡོད་ཚད་ཀྱང་རྒྱུད་བཞིའི་ནང་དུ་དྲངས་ཡོད་པ་གསལ་བོ་རེད། དེ་ཕྱིར།  གསོ་རིག་འབུམ་བཞི་ལའང་དཔྱད་བུ་ཁྲི་ཤེས་ནས་བརྒྱུད་པའི་བུ་འཚོ་སྲིད་པའི་རྒྱལ་པོའམ། ཡང་ན་དེའི་མན་ལ་བརྒྱུད་པའི་བོན་གྱི་མཁས་པ་གང་རུང་ཞིག་གིས་ལེགས་བཅོས་ཀྱི་སྨྱུག་རྩེ་ཙམ་ཡང་བསྐྱངས་རེག་བྱས་མེད་ཅེས་སུས་གཅིག་གིས་ཀྱང་ཁ་ཚོམས་གཅོད་མི་ཐུབ་དེ་ལྟར་དུ། ཞོར་གཅིག་ནས་ང་ཚོས་ད་དུང་ཡང་རྒྱུད་བཞི་ལ་འབུམ་བཞི་གཅིག་པོ་མ་ཡིན་པའི་གཞུང་ལུགས་གཞན་གྱི་ཞན་ཤུགས་འཐེབ་ཡོད་མེད་ལའང་རྩད་ཞིབ་བྱེད་དགོས་ཏེ། རྩ་བའི་ཆ་ནས། སྟག་ཚང་ལོ་ཙཱ་བས“རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། །རྒྱ་གར་འཕགས་པའི་ཡུལ་ན་བཤད་པ་མེད།  །བོད་པའི་སྨན་པ་བྱང་ཆུབ་སེམས་དཔས་མཛད” ཅེས་པ་ལྟར་རྒྱུད་བཞི་ནི་རྒྱ་གར་ནས་བརྒྱུད་པའི་བཀའ་གཏེར་གཉིས་གང་གི་ཁུངས་སུ་ཡང་མི་གཏོགས་པར།  བོད་རང་གི་གསོ་དཔྱད་དམ་པའི་མེས་པོ་དཔྱད་བུ་ཁྲི་ཤེས་ནས་བརྒྱུད་པའི་འབུམ་བཞིའི་མ་རྐང་ལས་བྱུང་བའི་བསྟན་བཅོས་ཚད་མའོ།།
སྨྲས་པ།
གླིང་འདིའི་ལྷ་སྲིན་ཡོད་ཚད་མཐུ་ཡིས་མནན།།
དམ་ཆོས་གསེར་གྱི་ཉི་མ་དགུང་ལ་བསྟད།།
ད་དུང་མཁས་དགུའི་ལྟ་བའི་རང་སྣང་ཆ།།
མི་མཐུན་ཕྱོགས་ལྷུང་ཡོལ་བས་སྒྲིབ་འདི་སྐྱོ།།

ལྷད་མེད་གངས་ཀྱི་ཁ་དོག་མི་འགྱུར་བའི།།
སྔོན་བྱོན་མེས་པོའི་ལྷག་བསམ་རབ་དཀར་ཡང་།།
རྒུད་པའི་དུས་གཟེར་འཁྲུག་པའི་རྐྱེན་ངན་ཁྲོད།།
བཀའ་གཏེར་རྒྱུད་འགྲེལ་ལ་སོགས་རིགས་སུ་དབྱེ།།

ཆབ་དང་འཁྱག་རོམ་ངོ་བོའི་རྒྱུ་མཐུན་ཡང་།།
དུས་ཀྱི་དབྱར་དགུན་བར་ན་འགྱུར་བག་རྒོད།།
རྒྱུད་འབུམ་གཞུང་ལ་འགལ་བ་ཡོད་མིན་ཏེ།།
བན་བོན་གྲུབ་མཐའི་བར་ན་རྩོད་རྙོག་ཆེ།།

དགོས་མེད་བཀའ་ལ་གཏད་པའི་ངལ་བ་དང་།།
ཁུངས་མེད་ལུང་ལ་བཅོལ་བའི་རྩོད་སྒྲུབ་སོགས།།
རྣམ་གསུམ་རིག་པའི་དཔྱད་བཟོད་མ་ཡིན་ཡང་།།
གངས་རིའི་ལྗོངས་སུ་འདུན་པའི་སྐབས་མ་མཆིས།།

དེ་ལྟའི་བདག་འདྲའི་བློ་ཆུང་ཏམ་བུ་རའི།
རང་སྣང་མཁའ་ལ་གཏད་པའི་འུར་སྒྲ་འདི།།
མཁས་རྒུའི་འདུན་བརྒྱ་འཛོམས་པའི་སྙན་ཡངས་སུ།།
གཟན་པར་མཛད་ན་དེ་ཡང་མཐོལ་ལོ་བཤགས།།
དཔྱད་གཞིའི་ཡིག་ཆ།
《གཡུ་ཐོག་གསར་རྙིང་གི་རྣམ་ཐར》མི་རིགས་དཔེ་སྐྲུན་ཁང་།  ༡༩༨༥
《ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་བ་ཚིག་ཉུང་དོན་གསལ》 སློབ་དཔོན་དཔའ་པོས་མཛད།  བློ་བཟང་ནོར་བུ་ཤཱསྟྲཱི་དང་སྨན་དགེ་རྡོ་རྗེ་དགྲ་འདུལ་ཟུང་གིས་བསྒྱུར།
《གསོ་རིག་འབུམ་བཞི།》དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།
《 འཚོལ་ཞིབ་དང་མཐའ་དཔྱོད།》 དེང་རབས་བོད་རིག་པའི་སྐོར་གྱི་དཔྱད་རྩོམ་གཅེས་བསྡུས།  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།
《གསོ་བ་རིག་པ་དང་ཚེའི་རིག་བྱེད་ཀྱི་ཁྱད་པར་ལ་ཅུང་ཟད་དཔྱད་པ་ངང་བའི་བཞེད་སྒྲ》རག་རྡོ་བློ་བཟང་བསྟན་འཛིན། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
《བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས》བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།
《རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ》ཟུར་མཁར་བློ་གྲོས་རྒྱལ་པོ་བརྩམས།
《ཟུར་མཁར་བའི་ཤེས་བྱ་ཁོག་འབུབས》 ཟུར་མཁར་བློ་གྲོས་རྒྱལ་པོས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།  བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས།
《གསོ་བ་རིག་པའི་ཁོག་འབུགས་བེེཌཱུརྱའི་མེ་ལོང》སྡེ་སྲིད་སངས་རྒྱ་མཚོས་བརྩམས།
≪བོད་ཀྱི་གསོ་བ་རིག་པའི་ཉིང་ཁུ་དཔལ་ལྡན་རྒྱུད་བཞི་དང་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་མ་ཕྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་གཉིས་ཀྱི་ཁྱད་པར་སྙིང་བསྡུས།≫ཉེ་བའི་སློབ་དཔོན་ཆེན་མོ། རྡོ་རྗེ་དགྲ་འདུན།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།