logo

ཚད་མ་རིག་པའི་རྒྱུན་ཤེས།

རྩོམ་པ་པོ།:རྨེ་གྲྭ ཚེ་རིང་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-02 ཀློག་གྲངས།:
༤༠༽  དྲི་བ། ཅི་ཞིག་ལ་སེམས་བྱུང་ཟེར།
ལན། རང་ཡུལ་དུ་གྱུར་བའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་པའི་བློ་སེམས་བྱུང་གི་མཚན་ཉིད། མཚན་གཞི། ཀ་བའི་ཤར་ཕྱོགས་འཛིན་པའི་མིག་ཤེས་དང་བུམ་པའི་ལྟོ་བ་འཛིན་པའི་རྟོགས་པ་ལྟ་བུ། སེམས་བྱུང་རྣམས་ནི་རང་གི་ཡུལ་ཤེས་བྱ་ཡིན་མིན་གང་ཡིན་ཡང་། རང་ཡུལ་དེ་ལ་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ལས་དོན་གྱི་ཁྱད་པར་དེ་བློ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་མཐོང་བའི་རིག་པ་ཞིག་ལ་ཟེར། དེ་ལ་དབྱེ་ན། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ དགེ་བ་བཅུ་གཅིག གཞན་འགྱུར་བཞི་སྟེ་ང་གཅིག་ཡོད། སེམས་བྱུང་རྣམས་རང་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་ཡོད་པས་ན་འཁོར་སེམས་ཞེས་བརྗོད་པ་ཡིན། སེམས་བྱུང་དང་འཁོར་སེམས། སེམས་ཀྱི་རྗེས་སུ་འཇུག་པའི་བློ་རྣམས་དོན་གཅིག་གོ །
༤༡༽  དྲི་བ། ཅི་ཞིག་ལ་ལྡན་མིན་འདུ་བྱེད་ཟེར།
ལན། བེམ་ཤེས་གང་ཡང་མ་ཡིན་པའི་འདུས་བྱས་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད། མཚན་གཞི། བུམ་པ་སྐྱེ་བ། འཇིག་པ། གནས་པ། རྒ་བ། གང་ཟག་དང་ལོ་ཟླ་བ། སྔ་དྲོ་ཕྱི་དྲོ། འགོག་པའི་སྙོམས་འཇུག་སོགས་བེམ་ཤེས་གང་ཡང་མ་ཡིན་ཞིང་། བེམ་ཤེས་གང་རུང་གི་གནས་སྐབས་ལ་བཏགས་པའི་འདུས་བྱས་ཐམས་ཅད་ལྡན་མིན་འདུ་བྱེད་དུ་འདུའོ། །
༤༢༽  དྲི་བ། བུམ་པའི་སྐྱེ་བ་དང་གང་ཟག་སྔ་དྲོ་རྣམས་ལྡན་མིན་འདུ་བྱེད་ཇི་ལྟར་ཡིན།
ལན། བུམ་པའི་སྐྱེ་བ་ལྡན་མིན་འདུ་བྱེད་ཡིན་ཏེ། བློ་ངོར་བུམ་པ་དེ་སྔར་མེད་གསར་དུ་སྐྱེ་བའི་ཆ་དེ་ལ་བུམ་པའི་སྐྱེ་བ་ཞེས་བཏགས་པས་དེ་ལྡན་མིན་འདུ་བྱེད་ཡིན་ཞིང་། དེ་ནི་རྡུལ་དུ་གྲུབ་པའི་བུམ་པ་དེ་ཉིད་ཀྱང་མ་ཡིན། བློ་ངོར་སྣང་བ་དེ་སྣང་བ་ལྟར་གྲུབ་པས་ན་བུམ་པའི་སྐྱེ་བ་དེ་རྟོག་ངོར་ཤར་ཙམ་གྱིས་ཟད་པ་མ་ཡིན་པར་བུམ་པའི་སྟེང་དུ་གྲུབ་ཅིང་། བུམ་པ་སྐྱེད་བྱེད་ཀྱི་རྒྱུ་ལས་བྱུང་པ་ལྟར་གྲུབ་པས་འདུས་བྱས་ཤིག་ཀྱང་ཡིན་ཕྱིར་དེ་ལ་ལྡན་མིན་འདུ་བྱེད་ཅེས་བརྗོད་པ་ཡིན། དེ་བཞིན་གང་ཟག་ལྡན་མིན་འདུ་བྱེད་ཡིན་ཏེ། གང་ཟག་ནི་ཕུང་བོ་ལྔའི་ཚོགས་པ་དེ་ཡིན་ཞིང་། གཟུགས་ཤེས་གང་ཡང་མ་ཡིན་པའི་འདུས་བྱས་ཡིན་པས་ལྡན་མིན་འདུ་བྱེད་དོ། །སྔ་དྲོ་ལྡན་མིན་འདུ་བྱེད་ཡིན་ཏེ། ཉི་མ་གླིང་གི་སྟེང་དུ་སླེབ་མཚམས་ཀྱི་དུས་སྐབས་ལ་བཏགས་པ་ཡིན་པས་ལྡན་མིན་འདུ་བྱེད་དོ། །
༤༣༽  དྲི་བ། ཅི་ཞིག་ལ་དངོས་མེད་ཟེར།
ལན། དོན་བྱེད་ནུས་སྟོང་དངོས་མེད་ཀྱི་མཚན་ཉིད། མཚན་གཞི། འདུས་མ་བྱས་དང་རི་རྭ་ལྟ་བུ། དེ་ལ་དབྱེ་ན། ཡོད་པར་གྱུར་བའི་དངོས་མེད་ནམ་མཁའ་ལྟ་བུ་དང་། མེད་པར་གྱུར་བའི་དངོས་མེད་རི་རྭ་ལྟ་བུའོ། །ཡོད་པར་གྱུར་བའི་དངོས་མེད་དང་། འདུས་མ་བྱས། སྤྱི་མཚན། རྟག་པ་རྣམས་དོན་གཅིག་ཡིན།
༤༤༽  དྲི་བ། ཤེས་བྱ་ལ་དབྱེ་ན་གཅིག་དང་ཐ་དད་གཉིས་ལས་ཅི་ཞིག་ལ་གཅིག་ཟེར།
ལན། སོ་སོར་མ་གྲུབ་པའི་ཆོས་གཅིག་གི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། །བུམ་པ་དེ་གཅིག་ཏུ་སྣང་བ་ལས་གཉིས་སུ་སྣང་བ་མེད་པ་ཞིག་ཡིན་ཕྱིར་གཅིག་ཏུ་གོ་དགོས། གཅིག་ཅེས་པ་ཡོད་པ་གང་ཞིག་རྟོག་ངོར་གཅིག་ཡིན་ན་ལྡོག་པ་གཅིག ངོ་བོ་གཅིག རང་བཞིན་གཅིག བདག་ཉིད་གཅིག དོན་གཅིག་ཡིན་དགོས། དཔེར་ན་བུམ་པ་དེ་ལྡོག་པ་ཐ་དད་དུ་མ་གྲུབ་པས་ལྡོག་པ་གཅིག་པ། ངོ་བོ་ཐ་དད་དུ་མ་གྲུབ་པས་ངོ་བོ་གཅིག་པ། དོན་ཐ་དད་དུ་མ་གྲུབ་པས་དོན་གཅིག་པ་ཡིན་ཕྱིར་གཅིག་ཏུ་འཇོག་དགོས་པ་ལྟ་བུའོ། །
༤༥༽  དྲི་བ། ཅི་ཞིག་ལ་ཐ་དད་ཟེར།
ལན། སོ་སོར་གྲུབ་པའི་ཆོས་ཐ་དད་པའི་མཚན་ཉིད། མཚན་གཞི། རྟོག་དངོས་གཉིས། ཀ་བུམ་གཉིས་ལྟ་བུ། ཐ་དད་ཅེས་པ་ཡོད་པ་གང་ཞིག་རྟོག་ངོར་སོ་སོ་རུ་སྣང་ཞིང་སྣང་བ་ལྟར་གྲུབ་པའི་ཆོས་ཤིག་ལ་གོ་དགོས། ཀ་བུམ་གཉིས་ཐ་དད་ཡིན་ཏེ་སོ་སོ་རུ་སྣང་ཞིང་སྣང་བ་ལྟར་གྲུབ་པའི་ཆོས་ཡིན་པའི་ཕྱིར། དེ་ལའང་ངོ་བོ་དང་རྫས་དང་སྒྲ་ཐ་དད། ཡོད་པ་དང་ཤེས་བྱ་ལྟ་བུའི་ལྡོག་པ་ཐ་དད། བུམ་པ་དང་རི་བོང་རྭ་ལྟ་བུའི་གཅིག་པ་བཀག་པའི་ཐ་དད་བཅས་ཡོད། སོ་སོར་གྲུབ་པ། ཐ་དད་དུ་སྣང་བ། ངོ་བོ་ཐ་དད་རྣམས་དོན་གཅིག་ཡིན།
༤༦༽  དྲི་བ། ཅི་ཞིག་ལ་ཚད་མ་ཟེར།
ལན། རང་སྟོབས་ཀྱིས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད། མཚན་ཉིད་ཀྱི་ཟུར་དང་པོའི་རང་སྟོབས་ཞེས་པས་བཅད་ཤེས་ཚད་མ་ཡིན་པ་གཅོད། ཟུར་གཉིས་པ་མི་བསླུ་པ་ཞེས་པས་ཡུལ་མ་རྟོག་པའི་བློ་དོན་མཐུན་མ་ཡིན་པ་ཐམས་ཅད་ཚད་མ་ཡིན་པ་གཅོད། ཟུར་གསུམ་པ་རིག་པ་ཞེས་པས་དབང་པོ་གཟུགས་ཅན་པ་དང་འཇལ་བྱེད་སྲང་སོགས་དང་། ཡུལ་དོན་དུ་གྲུབ་པ་རྣམས་ཁ་ཅིག་གིས་ཚད་མར་བཤད་པས་དེ་དག་ཚད་མ་ཡིན་པ་བཅད་དེ། ཚད་མ་ཡིན་ན་བློ་ཡིན་དགོས་པར་བསྟན་ཡོད། མཚན་གཞི། གངས་རི་དཀར་པོ་གསར་དུ་རྟོགས་པའི་མིག་ཤེས་མངོན་སུམ་ཚད་མ་དང་། བུམ་པ་མི་རྟག་པའི་རྗེས་དཔག་ཚད་མ་ལྟ་བུའོ། །
༤༧༽  དྲི་བ། ཚད་མ་ལ་དབྱེ་ན་ཅི་ཡོད།
ལན། ཚད་མ་མདོ་ལས། མངོན་གསུམ་དང་ནི་རྗེས་སུ་དཔག ། ཚད་མའི་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང་། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །གསུངས་པ་ལྟར། ཚད་མ་ལ་དབྱེ་ན། རང་མཚན་སྣང་ཡུལ་བྱེད་པའི་རྗེས་དཔག་ཚད་མ་གཉིས་ཡོད།
༤༨༽  དྲི་བ། ཅི་ཞིག་ལ་མངོན་སུམ་ཚད་མ་ཟེར།
ལན། རྟོག་བྲལ་མ་འཁྲུལ་བའི་རིག་པ་མངོན་སུམ་ཚད་མའི་མཚན་ཉིད། རྟོག་བྲལ་ཞེས་པས་གསལ་བར་སྣང་བ་མ་ཡིན་པའི་ཡིད་རྟོག་བཅས་རྣམས་མངོན་སུམ་ཡིན་པ་གཅོད། མ་འཁྲུལ་བ་ཞེས་པས་གསལ་བར་སྣང་བ་ཡིན་ཡང་མི་བསླུ་བ་མ་ཡིན་པའི་ཟླ་གཉིས་སྣང་བའི་དབང་ཤེས་ལྟ་བུ་མངོན་སུམ་ཡིན་པ་གཅོད། རིག་པ་ཞེས་པས་དབང་པོ་གཟུགས་ཅན་པ་སོགས་ཤེས་པ་མ་ཡིན་པ་དག་མངོན་སུམ་ཡིན་པ་གཅོད། མཚན་གཞི། དབང་མངོན་སྐད་ཅིག་དང་པོ་ལྟ་བུ། དབྱེ་ན། གཟུགས་འཛིན་དབང་མངོན་ཚད་མ་དང་། སྒྲ་འཛིན་དབང་མངོན་ཚད་མ་སོགས་ལྔ་ཡོད།
༤༩༽  དྲི་བ། མངོན་སུམ་ཚད་མ་ལ་དབྱེ་ན་དུ་ཡོད།
ལན། ཚད་མ་རིགས་ཐིགས་ལས་བཞིར་གསུངས་པ་ལྟར། དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣམ་འབྱོར་མངོན་སུམ་མོ། །དང་པོ། རྟོག་བྲལ་མ་འཁྲུལ་བའི་རིག་པ་གང་ཞིག རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པ་དབང་པོ་མངོན་སུམ་གྱི་མཚན་ཉིད། མཚན་གཞི། བུམ་འཛིན་མིག་ཤེས་དང་། ཆོས་ཉན་པའི་རྣ་ཤེས་ལྟ་བུའོ། །གཉིས་པ། རྟོག་བྲལ་མ་འཁྲུལ་བའི་རིག་པ་གང་ཞིག རང་གི་ཐུན་མོང་མིན་པའི་བདག་རྐྱེན་ཡིད་དབང་ལས་སྐྱེས་པ་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད། མཚན་གཞི། གཟུགས་འཛིན་ཡིད་མངོན་དང་། སྒྲ་འཛིན་ཡིད་མངོན་ལྟ་བུ། གསུམ་པ། རྟོག་བྲལ་མ་འཁྲུལ་བའི་རིག་པ་གང་ཞིག་རང་གི་ངོ་བོ་ཡོངས་སུ་གཅོད་པའི་འཛིན་རྣམ་རང་རིག་མངོན་སུམ་གྱི་མཚན་ཉིད། མཚན་གཞི། བུམ་འཛིན་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་ཡིད་ཤེས་ལྟ་བུ། བཞི་པ། རྟོག་བྲལ་མ་འཁྲུལ་བའི་རིག་པ་གང་ཞིག རང་གི་ཐུན་མོང་མིན་པའི་བདག་རྐྱེན་སྒོམ་བྱུང་གི་ཏིང་འཛིན་ལ་བརྟེན་ནས་སྐྱེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། མཚན་གཞི། བདེན་བཞི་མི་རྟག་བཅུ་དྲུག་སོགས་རྟོགས་པའི་བློ་དང་། གང་ཟག་གི་བདག་མེད་ཕྲ་རགས་མངོན་སུམ་དུ་རྟོགས་པའི་བློ་ལྟ་བུའོ། །
༥༠༽   དྲི་བ། ཅི་ཞིག་ལ་རྗེས་དཔག་ཚད་མ་ཟེར།
ལན། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་སྐྱེས་པའི་གཞལ་བྱ་ལྐོག་གྱུར་རྟོགས་པའི་རང་སྟོབས་ཀྱིས་མི་བསླུ་བའི་གཞན་རིག་རྗེས་དཔག་ཚད་མའི་མཚན་ཉིད། མཚན་གཞི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་གསར་དུ་རྟོགས་པའི་རྗེས་དཔག་ལྟ་བུ་དང་། དུ་བའི་རྟགས་ལ་བརྟེན་ནས་རྗེས་སུ་མེ་ཡོད་པར་གསར་དུ་རྟོགས་པའི་རྗེས་དཔག་ལྟ་བུ་ལ་རྗེས་དཔག་ཚད་མ་ཟེར།
༥༡༽   དྲི་བ། རྗེས་དཔག་ཚད་མ་ལ་དབྱེ་ན་ཅི་ཡོད།
ལན། དངོས་སྟོབས་རྗེས་དཔག་དང་། གྲགས་པའི་རྗེས་དཔག  ཡིད་ཆེས་རྗེས་དཔག་སྟེ་གསུམ་ཡོད་དོ། །
༥༢༽   དྲི་བ། ཅི་ཞིག་ལ་དངོས་སྟོབས་རྗེས་དཔག་ཟེར།
ལན། རང་གི་རྟེན་དངོས་སྟོབས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་གཞལ་བྱ་ཅུང་ཟད་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་རིག་པ་དངོས་སྟོབས་རྗེས་དཔག་གི་མཚན་ཉིད། མཚན་གཞི། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ལྟ་བུ། དུ་བ་དྲག་ཏུ་འཕྱུར་བ་ཡོད་ན་མེ་ངེས་པར་ཡོད་དགོས་པ་ནི་མེ་དུ་གཉིས་མེད་ན་མི་འབྱུང་གི་རྒྱུ་འབྲས་ཡིན་པས། དེ་ནི་དངོས་པོའི་ཆོས་ཉིད་ཅིག་ཡིན་པས་དེ་འདྲ་ལ་དངོས་པོ་སྟོབས་ཤུགས་ཀྱི་རིག་པ་ཞེས་བརྗོད་པ་ཡིན།
༥༣༽   དྲི་བ། ཅི་ཞིག་ལ་གྲགས་པའི་རྗེས་དཔག་ཟེར།
ལན། རང་གི་རྟེན་གྲགས་རྟགས་ཡང་དག་ལ་བརྟེན་ནས་བརྡ་འམ་དགོས་པ་ཙམ་གྱིས་བཞག་པའི་ཡུལ་གསར་དུ་མི་བསླུ་བའི་རིག་པ་གྲགས་པའི་རྗེས་དཔག་གི་མཚན་ཉིད། མཚན་གཞི། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ལ་ཟླ་བ་ཞེས་བརྗོད་རུང་བར་རྟོགས་པའི་རྗེས་དཔག་ལྟ་བུ། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་བརྗོད་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་སྒྲུབ་བྱེད་གཞན་འགོད་རྒྱུ་མེད་པར་འཇིག་རྟེན་ན་དེ་ལྟར་གྲགས་སོ་ཞེས། རྒྱུ་མཚན་གཞན་མེད་པར་ནམ་མཁའི་དཀར་ཟླུམ་ལ་ཟླ་བ་ཞེས་བརྗོད་པ་གྲགས་ཤིང་གྲུབ་པའི་རྒྱ་མཚན་གྱིས་བསྒྲུབས་པས་ན། དེ་འདྲ་ཞིག་ལ་གྲགས་རྟགས་ཡང་དག་ཟེར།
༥༤༽   དྲི་བ། ཅི་ཞིག་ལ་ཡིད་ཆེས་རྗེས་དཔག་ཟེར།
ལན། རང་གི་རྟེན་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་རིག་པ་ཡིད་ཆེས་རྗེས་དཔག་གི་མཚན་ཉིད། མཚན་གཞི། རང་གིས་ཡིད་ཆེས་རྙེད་པའི་སྐྱེས་བུ་ཞིག་གིས་མཛོད་ནང་འདི་ན་རིན་པོ་ཆེ་ཡོད་ཅེས་བརྗོད་ཚེ། སྐྱེས་བུའི་ངག་དེ་ལ་བརྟེན་ནས་རང་ཉིད་ཀྱིས་མཛོད་ནང་ན་རིན་པོ་ཆེ་ཡོད་པར་རྟོགས་པའི་བློ་ལྟ་བུ་དང་། ཡང་ན། དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་ལྟ་བུ། སྦྱོར་བ་འགོད་ཚུལ་ཡང་། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་ཆོས་ཅན། ཁྱོད་ཀྱི་བསྟན་དོན་སྦྱིན་པ་ལས་ལོངས་སྤྱོད་འབྱུང་པ་དང་། ཚུལ་ཁྲིམས་ཀྱིས་བདེ་བ་འབྱུང་པ་མི་བསླུ་བ་ངེས་པ་ཅན་ཡིན་ཏེ། ཁྱོད་དཔྱད་གསུམ་དག་པའི་ལུང་ཡང་དག་ཡིན་པའི་ཕྱིར། ཞེས་ཡིད་ཆེས་ཀྱི་རྟགས་ཞིག་ལ་བརྟེན་ནས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྟོགས་པའི་བློ་ཞིག་ལ་ཡིད་ཆེས་རྗེས་དཔག་ཟེར།
༥༥༽   དྲི་བ། ཅི་ཞིག་ལ་དཔྱད་པ་གསུམ་གྱིས་དག་པ་ཟེར།
ལན། མཐོང་བ་མངོན་འགྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ། མ་མཐོང་བ་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་ལ་དངོས་སྟོབས་ཀྱི་རིག་པས་གནོད་པ་མེད་པ། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་སྟོན་པའི་ཆ་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་མེད་པ་སྟེ་ཚད་མ་གསུམ་གྱིས་གནོད་པ་མེད་པ་ཞིག་ལ་དཔྱད་གསུམ་དག་པ་ཟེར་རོ། །
༤༦༽  དྲི་བ། ཤེས་པ་ལ་བློ་རིག་བདུན་དུ་དབྱེ་བ་གང་དག་ཡིན།
ལན། འཇམ་མགོན་མི་ཕམ་རྒྱ་མཚོས་མཁས་འཇུག་ལས། ཡུལ་ཅན་བློ་ཡི་དབྱེ་བ་ན། །སྣང་ལ་མ་ངེས་ཡིད་དཔྱོད་དང་། །མ་རྟོགས་ལོག་རྟོག་ཐེ་ཚོམ་དང་། །མངོན་སུམ་རྗེས་དཔག་ཚད་མ་གཉིས། །བཅད་ཤེས་དང་ནི་བདུན་དུ་དབྱེ། །ཞེས་གསུངས་པ་ལྟར། མངོན་སུམ་དང་རྗེས་དཔག་གཉིས་ཚད་མ་ཡིན་པས་གཅིག་ཏུ་བརྩི་བ་དང་། ཚད་མིན་ལ་དྲུག་བཅས་བློ་རིག་བདུན་དུ་གསུངས། མངོན་སུམ་དང་རྗེས་དཔག སྣང་ལ་མ་ངེས་པ། ཡིད་དཔྱོད། མ་རྟོགས། ལོག་རྟོག ཐེ་ཚོམ། བཅད་ཤེས་བཅས་སོ། །
༥༧༽  དྲི་བ། ཅི་ཞིག་ལ་ཚད་མིན་གྱི་བློ་ཟེར།
ལན། རང་སྟོབས་ཀྱིས་མི་བསླུ་བ་མ་ཡིན་པའི་རིག་པ་ཚད་མིན་གྱི་བློའི་མཚན་ཉིད། མཚན་གཞི། རྗེས་དཔག་གིས་དྲངས་པའི་སྒྲ་མི་རྟག་པར་རྟོགས་པའི་བཅད་ཤེས་ཏེ་སྒྲ་མི་རྟག་པར་རྟོགས་པའི་བློ་སྐད་ཅིག་གཉིས་པ་ལྟ་བུའི་བློ་རྟོག་བཅས་དང་། གངས་རི་སེར་འཛིན་གྱི་མིག་ཤེས་ལྟ་བུའི་རྟོག་མེད་དག་གོ །
༥༨༽   དྲི་བ། ཚད་མིན་གྱི་བློ་དྲུག་ལས་ཅི་ཞིག་ལ་སྣང་ལ་མ་ངེས་པ་དང་ཡིད་དཔྱོད་ཟེར།
ལན། རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་ཡང་ངེས་མི་ནུས་པའི་རིག་པ་སྣང་ལ་མ་ངེས་པའི་བློའི་མཚན་ཉིད། མཚན་གཞི། མིག་གིས་གཟུགས་ཡིད་དུ་འོང་བ་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་སྒྲ་འཛིན་དབང་མངོན་གྱིས་སྒྲ་ཐོས་ཀྱང་མ་ངེས་པ་ལྟ་བུ་དང་། ཉ་ཕྱིས་གསལ་བོར་སྣང་ཡང་དེ་ཉ་ཕྱིས་ཡིན་པར་ངེས་པ་མི་ནུས་པར་དངུལ་དུ་འཁྲུལ་བའི་གང་ཟག་གི་རྒྱུད་ཀྱི་ཉ་ཕྱིས་མཐོང་བའི་མིག་ཤེས་ལྟ་བུའང་ཡིན། རྒྱུ་མཚན་གང་ཡང་མེད་པར་རང་ཡུལ་ལ་ཞེན་པའི་བློ་དོན་མཐུན་ཡིད་དཔྱོད་ཀྱི་མཚན་ཉིད། མཚན་གཞི། རྒྱུ་མཚན་གང་ཡང་མེད་པར་སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ལྟ་བུ། རང་གི་འཛིན་སྟངས་ཀྱི་ཡུལ་སྒྲ་མི་རྟག་པ་ཡོད་པ་ཡིན་པས་རང་ཡུལ་དེ་བདེན་པ་ཡིན། རང་ཡུལ་བདེན་པ་མེད་ན་ལོག་ཤེས་དང་ཡིད་དཔྱོད་གཞི་མཐུན་དུ་འགྱུར་ཕྱིར་ཡིད་དཔྱོད་ཀྱི་བློ་དེ་བློ་དོན་མཐུན་ཡིན། ཡིན་ཡང་སྒྲ་མི་རྟག་པར་རྟོགས་པ་ལྟ་བུ་ལ་རྒྱུ་མཚན་གང་ཡང་བཤད་དུ་མེད་པ་ཞིག་ལ་ཡིད་དཔྱོད་ཟེར།
༥༩༽  དྲི་བ། ཚད་མིན་གྱི་བློ་དྲུག་གས་ཅི་ཞིག་ལ་མ་རྟོགས་དང་ལོག་རྟོག་ཟེར།
ལན། རང་ཡུལ་དེ་དང་དེ་མིན་གང་དུའང་མ་ཤེས་པའི་རིག་པ་མ་རྟོགས་པའི་བློའི་མཚན་ཉིད། མཚན་གཞི། སྒྲ་མི་རྟག་པར་ཡང་མ་ཤེས། སྒྲ་རྟག་པར་ཡང་མ་ཤེས་པའི་བློ་ལྟ་བུ། སྣང་ལ་མ་ངེས་པའི་བློ་ཐམས་ཅད་ཡིན། ཕྱི་མ་རང་གི་འཇུག་ཡུལ་སྣང་ཡང་དེ་ལ་ངེས་པ་འདྲེན་མ་ནུས་པས་མ་རྟོགས་པའོ། །
རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ལོག་ཤེས་ཀྱི་མཚན་ཉིད། མཚན་གཞི། སྒྲ་རྟག་པར་འཛིན་པའི་བློ་ལྟ་བུ་རྟོག་པ་ལོག་ཤེས་དང་། གངས་རི་སེར་འཛིན་ལྟ་བུ་རྟོག་མེད་ལོག་ཤེས་ཡིན། སྒྲ་རྟག་པ་དང་གངས་རི་སེར་པོ་མ་ཡིན་པས་དེ་དག་ལོག་རྟོག་ཡིན་ནོ། །
༦༠༽  དྲི་བ། ཚད་མིན་གྱི་བློ་དྲུག་ལས་ཅི་ཞིག་ལ་ཐེ་ཚོམ་དང་བཅད་ཤེས་ཟེར།
ལན། རང་ཡུལ་ལ་རང་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པའི་སེམས་བྱུང་ཐེ་ཚོམ་གྱི་མཚན་ཉིད། མཚན་གཞི། སྐྱེ་བ་ཕྱི་མ་ཡོད་དམ་མེད་སྙམ་པ་ལྟ་བུ་དང་། སྒྲ་རྟག་པ་ཡིན་ནམ་མི་རྟག་པ་ཡིན་སྙམ་པའི་སེམས་བྱུང་ལྟ་བུའོ། །རྟོགས་ཟིན་རྟོགས་པའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད། མཚན་གཞི། བུམ་འཛིན་མངོན་སུམ་སྐད་ཅིག་གཉིས་པ་དང་། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུའོ། །
༦༡༽  དྲི་བ། སྤྱིར་ཚད་མ་ཡིན་ན་གསར་རྟོགས་སམ་གསར་དུ་མི་བསླུ་བའི་རིག་པ་ཞིག་ཡིན་དགོས་པས་ཁྱབ་བམ།
ལན། དེར་ངེས་པ་མེད་དེ། དབུ་མ་རང་རྒྱུད་པ་མན་ཆད་ཀྱི་ཚད་མ་ཡིན་ན་གསར་དུ་མི་བསླུ་བའི་རིག་པ་ཡིན་དགོས་པ་དང་། ཐལ་འགྱུར་བའི་ལུགས་ལ། མི་བསླུ་བའི་དོན་ཙམ་ཞིག་གམ་མི་བསླུ་བའི་རིག་པ་ཞིག་ཚད་མའི་མཚན་ཉིད་ཡིན་པས། བཅད་ཤེས་ཡིན་ན་ཚད་མ་ཡིན་པས་ཁྱབ་པ་ལྟ་བུའོ། །
༦༢༽  དྲི་བ། ཤེས་བྱ་ལ་མཚན་མཚོན་གཞི་གསུམ་ལས་ཅི་ཞིག་ལ་མཚན་ཉིད་ཟེར།
ལན། དངོས་འགལ་གཅོད་པའི་དོན་ལྡོག་ཏུ་གྲུབ་པ་མཚན་ཉིད་ཀྱི་མཚན་ཉིད། མཚན་གཞི། བློའི་ཡུལ་དུ་བྱ་རུང་བ་ཤེས་བྱ། ཚད་མས་དམིགས་པ་ཡོད་པ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་དུ་བཞག་པ་ལྟ་བུ། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ལྟ་བུ་ལ་མཚོན་ན། དངོས་འགལ་གཅོད་པ་ཞེས་པའི་མཚན་ཉིད་དེས་དངོས་པོ་མ་ཡིན་པ་ཐམས་ཅད་གཅོད་པ་དང་། དོན་ལྡོག་ཅེས་པས་དོན་བྱེད་ནུས་པ་དངོས་པོའི་དོན་ལྡོག་ཡིན་པ་ལས་རང་ལྡོག་ཡིན་པ་གཅོད། དེས་ན་མཚན་ཉིད་ནི་མཚན་གཞི་དེ་མཚོན་བྱ་དེ་ཡིན་པའི་དོན་ཡིན་ཕྱིར་མཚན་ཉིད་ནི་དོན་ལྡོག་ཏུ་འདོད། རྫས་ཡོད་ཆོས་གསུམ་ཚང་བའང་ཡིན་ཏེ། དཔེར་ན། དོན་བྱེད་ནུས་པ་དེ་དངོས་པོའི་མཚན་ཉིད་ཡིན་པ་དང་། རང་གི་མཚན་གཞི་ཀ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་དང་། རང་གི་མཚོན་བྱ་དངོས་པོ་ལས་གཞན་པའི་མཚན་ཉིད་མི་བྱེད་པ་སྟེ་རྫས་ཡོད་ཆོས་གསུམ་ཚང་། སྤྱིར་མཚན་ཉིད་ནི་མཚན་གཞིའམ་འཇོག་གཞི་དེའི་སྟེང་དུ་མཚོན་བྱའམ་བཞག་བྱ་དེ་ཉིད་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་འཇོག་བྱེད་ཡང་དག་ཅིག་ལ་མཚན་ཉིད་ཟེར།
༦༣༽  དྲི་བ། སྐྱོན་གསུམ་དང་བྲལ་བའི་མཚན་ཉིད་ཅེས་པའི་སྐྱོན་གསུམ་པོ་གང་དག་ཡིན།
ལན། ཇི་སྐད་དུ། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀུན་གྱི་སྤྱི་སྐྱོན་ཡིན། །ཞེས་གསུངས་པ་ལྟར། མཚན་ཉིད་ནི་རང་གི་མཚོན་བྱའི་ཆ་ཤས་རྣམས་ལ་མ་ཁྱབ་པས་སྐྱོན་དང་། རང་གི་མཚོན་བྱ་ལས་གཞན་པའི་རང་གི་མཚོན་བྱ་མ་ཡིན་པ་ལའང་ཁྱབ་པས་སྐྱོན་དང། རང་གི་མཚོན་བྱའི་དོན་དུ་མི་སྲིད་པའམ་རང་གི་མཚོན་བྱའི་དོན་ལྡོག་མ་ཡིན་པའི་སྐྱོན་གསུམ་པོ་གང་རུང་ཡོད་ན་མཚན་ཉིད་དེ་སྐྱོན་ཅན་ཡིན་པས། མཚན་ཉིད་ཡང་དག་ཡིན་ན་སྐྱོན་དེ་གསུམ་དང་བྲལ་བ་ཞིག་དགོས།
༦༤༽  དྲི་བ། མཚན་ཉིད་སྐྱོན་ཅན་ཞེས་པ་ཅི་འདྲ་ཞིག་ལ་ཟེར།
ལན། དང་པོ་མ་ཁྱབ་པའི་སྐྱོན་ནི། དཔེར་ན། དོན་བྱེད་ནུས་པ་ཤེས་བྱའི་མཚན་ཉིད་དུ་བཞག་ན། དེས་གཟུགས་སོགས་དངོས་པོ་ཐམས་ལ་ཁྱབ་ཀྱང་། ནམ་མཁའ་སོགས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་མ་ཁྱབ་པས་ན། རང་གི་མཚོན་བྱའི་ཆ་ཤས་ཤིག་མཚོན་མ་ནུས་པས་དེ་ལྟ་བུའི་མཚན་ཉིད་དེ་ལ་མ་ཁྱབ་པའི་སྐྱོན་ཡོད།
གཉིས་པ་ཁྱབ་ཆེས་པའི་སྐྱོན་ནི། དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་དུ་བཞག་ན། ཀ་བ་སོགས་དངོས་པོ་ཐམས་ཅད་དོན་བྱེད་ནུས་པ་ཡིན་པས། བུམ་པའི་མཚན་ཉིད་དེས་ཀ་བ་སོགས་དང་མ་འདྲེས་པར་བུམ་པའི་རང་ལྡོག་འཇོག་མི་ནུས་པས་དེ་ལྟ་བུའི་མཚན་ཉིད་དེ་ལ་ཁྱབ་ཆེས་བའི་སྐྱོན་ཡོད།
གསུམ་པ་མི་སྲིད་པའི་སྐྱོན་ནི། དཔེར་ན། རྒྱུ་རྐྱེན་ལས་སྐྱེས་པ་འདུས་མ་བྱས་ཀྱི་མཚན་ཉིད་དུ་བཞག་ན། རྒྱུ་རྐྱེན་ལས་སྐྱེས་པ་ཞིག་འདུས་མ་བྱས་ཐམས་ཅད་ལ་མི་སྲིད་པ་ཞིག་ཡིན་ཕྱིར། མཚན་ཉིད་དེས་འདུས་མ་བྱས་གོ་བར་བྱེད་མི་ནུས་པས་དེ་ལྟ་བུའི་མཚན་ཉིད་ལ་མི་སྲིད་པའི་སྐྱོན་ཡོད། དེས་ན་མཚན་ཉིད་ཡང་དག་ཅིག་ཡིན་ན་སྐྱོན་དེ་གསུམ་དང་བྲལ་བ་ཞིག་དགོས་སོ། །
༦༥༽   དྲི་བ། སྐྱོན་གསུམ་བྲལ་གྱི་མཚན་ཉིད་ཅེས་པ་ཅི་འདྲ་ཞིག་ལ་ཟེར།
ལན། དཔེར་ན། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་དུ་བཞག་ན། དེས་རང་གི་མཚོན་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པས་མ་ཁྱབ་པའི་སྐྱོན་མེད། དངོས་པོ་ལས་གཞན་པའི་དངོས་མེད་སོགས་ལ་ཁྱབ་མེད་པས་ཁྱབ་ཆེས་པའི་སྐྱོན་མེད། དོན་བྱེད་ནུས་པ་དེ་དངོས་པོ་ཐམས་ཅད་ལ་སྲིད་ཕྱིར་མི་སྲིད་པའི་སྐྱོན་མེད་པས་སྐྱོན་གསུམ་བྲལ་གྱི་མཚན་ཉིད་ཡིན།

འབྲེལ་ཡོད་འོས་སྦྱོར།