logo

ཚད་མ་རིག་པའི་རྒྱུན་ཤེས།

རྩོམ་པ་པོ།:རྨེ་གྲྭ ཚེ་རིང་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-02 ཀློག་གྲངས།:
༦༦༽  དྲི་བ། ཅི་ཞིག་ལ་མཚོན་བྱ་ཟེར།
ལན། འཇོག་བྱེད་ཀྱི་རྒྱུ་མཚན་དང་ལྡན་པའི་རང་ལྡོག་མཚོན་བྱའི་མཚན་ཉིད། མཚན་གཞི། ཤེས་བྱ། ཡོད་པ། ཀ་བ། དངོས་པོ་ལྟ་བུ། དངོས་པོ་དོན་བྱེད་ནུས་པའི་མཚོན་བྱ་ཡིན་ཏེ། མཚན་ཉིད་དོན་བྱེད་ནུས་པའི་འཇོག་བྱེད་དེ་དངོས་པོ་ལ་ལྡན་པ་དང་། རང་ལྡོག་ཀྱང་ཡིན་པའི་ཕྱིར། མཚོན་བྱ་ནི་མཚན་ཉིད་དེས་མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ལས་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་པར་བྱེད་པའི་རང་ལྡོག་དེ་ཡིན་ཕྱིར་མཚོན་བྱ་ནི་རང་ལྡོག་ཏུ་འདོད་དོ། །བཏགས་ཡོད་ཆོས་གསུམ་ཚང་བའང་ཡིནཏེ། ཁྱོད་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པ་དང་། རང་གི་མཚན་གཞི་ཀྭ་བུམ་སོགས་ཀྱི་སྟེང་དུ་གྲུབ་པ་དང་། རང་གི་མཚན་ཉིད་དོན་བྱེད་ནུས་པ་ལས་གཞན་པའི་མཚོན་བྱ་མི་བྱེད་པ་ཡིན་པའི་ཕྱིར་རོ། །
༦༧༽  དྲི་བ། མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ཕན་ཚུན་ཁྱབ་པ་སྒོ་བརྒྱད་གང་དག་ཡིན།
ལན། དེ་ནི་གོང་དུ་བཤད་པ་ལྟར། མཚན་ཉིད་ཀྱི་ཕྱོགས་ནས། མཚན་ཉིད་དེ་ཡིན་ན་མཚོན་བྱ་དེ་ཡིན་པས་ཁྱབ། མཚན་ཉིད་དེ་མིན་ན་མཚོན་བྱ་དེ་མིན་པས་ཁྱབ། མཚན་ཉིད་དེ་ཡོད་ན་མཚོན་བྱ་དེ་ཡོད་པས་ཁྱབ། མཚན་ཉིད་དེ་མེད་ན་མཚོན་བྱ་དེ་མེད་པས་ཁྱབ་པ་བཞི་དང་། མཚོན་བྱའི་ཕྱོགས་ནས། མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་པས་ཁྱབ། མཚོན་བྱ་མིན་ན་མཚན་ཉིད་དེ་མིན་པས་ཁྱབ། མཚོན་བྱ་དེ་ཡོད་ན་མཚན་ཉིད་དེ་ཡོད་པས་ཁྱབ། མཚོན་བྱ་དེ་མེད་ན་མཚན་ཉིད་དེ་མེད་པས་ཁྱབ་པ་བཞི་སྟེ་བརྒྱད་དོ། །
༦༨༽  དྲི་བ། ཅི་ཞིག་ལ་མཚན་གཞི་ཟེར།
ལན། མཚན་ཉིད་ཀྱི་མཚོན་བྱ་མཚོན་པའི་གཞིར་གྱུར་བ་མཚན་གཞིའི་མཚན་ཉིད། མཚན་གཞི། ཤེས་བྱའི་མཚན་གཞི། བུམ་པ་དང་ཀ་བ། ཀ་བུམ་གྱི་མཚན་གཞི། གསེར་གྱི་ལྟོ་ལྡིར་བ་དང་། དངུལ་གྱི་གདོང་འདེགས་པ་ལྟ་བུ། དེས་ན་མཚན་གཞི་ནི་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའི་གཞི་ཡིན་ཕྱིར་མཚན་གཞི་ནི་གཞི་ལྡོག་ཏུ་འདོད།
༦༩༽  དྲི་བ། ཤེས་བྱ་ལ་དབྱེ་ན་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས་ཅི་ཞིག་ལ་སྤྱི་ཟེར།
ལན། བློ་ངོར་ཐུན་མོང་བར་སྣང་བའི་ཆོས་སྤྱིའི་མཚན་ཉིད། མཚན་གཞི། ཤེས་བྱ། དངོས་པོ། རྟག་པ་ལྟ་བུ། དངོས་པོ་སྤྱི་ཡིན་ཏེ། རང་གི་གསལ་བའམ་བྱེ་བྲག་ཀྭ་བུམ་སོགས་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར། རྗེས་སུ་འགྲོ་ཞེས་པ་ཀྭ་བུམ་སོགས་དངོས་པོ་ཡིན། དངོས་པོ་ཀྭ་བུམ་སོགས་རེ་རེ་ལ་ཁྱབ་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་ཟེར་དགོས། ཀྭ་བུམ་སོགས་བྱེ་བྲག་དེ་སྤྱི་དངོས་པོ་ཡིན་པའི་སྒོ་ནས་སྤྱི་དངོས་པོ་དེ་ཀྭ་བུམ་སོགས་བྱེ་བྲག་གསལ་བ་ལ་རྗེས་སུ་འགྲོ་བ་དང་། བྱེ་བྲག་ཀྭ་བུམ་མ་ཡིན་ཞིང་སྤྱི་དངོས་པོ་ཡིན་པ་དུ་མ་ཡོད་པ་གཉིས་དང་ལྡན་ན་ཁྱོད་སྤྱི་ཉིད་དུ་འཇོག་རུང་བས་ཁྱབ། ཁྱོད་སྤྱི་ཡིན་ན། ཁྱོད་ལ་བྱེ་བྲག་སྒྲུབ་པའི་རྟགས་གསུམ་ཚང་དགོས། དཔེར་ན། དངོས་པོ་ཁྱོད་སྤྱི་ཡིན་ཏེ། ཁྱོད་ལ་བྱེ་བྲག་སྒྲུབ་པའི་རྟགས་གསུམ་ཚང་བའི་ཕྱིར། བུམ་པ་དེ་དངོས་པོ་ཡིན། བུམ་པ་དེ་དངོས་པོ་དང་བདག་གཅིག་ཏུ་འབྲེལ། བུམ་པ་མ་ཡིན་ཞིང་དངོས་པོ་ཡིན་པའི་གཞི་མཐུན་པ་དུ་མ་ཡོད་པའི་ཕྱིར།
༧༠༽  དྲི་བ། སྤྱི་ལ་དབྱེ་ན་རིགས་སྤྱི་ཚོགས་སྤྱི་དོན་སྤྱི་གསུམ་ཡོད་པས་ཅི་ཞིག་ལ་རིགས་སྤྱི་དང་ཚོགས་སྤྱི་ཟེར།
ལན། རིགས་སྤྱི་དང་གོང་གི་སྤྱི་ཞེས་པ་གཉིས་དོན་གཅིག་ཡིན། ཚོགས་སྤྱི་ནི། བློ་ངོར་ཆ་ཤས་དུ་མ་འདུས་པ་ལ་རགས་པར་སྣང་བའི་སྒྲོ་བཏགས་དེ་ཚོགས་སྤྱིའི་མཚན་ཉིད། མཚན་གཞི། བུམ་པ། ཤིང་རྟ། རླངས་འཁོར་ལྟ་བུ། བུམ་པ་དེ་རང་གི་ཆ་ཤས་ཞབས་ལྟོ་བ་མགྲིན་པ་ཁ་གཡེལ་སོགས་དུ་མ་ཞིག་ཚོགས་པ་ལས་གྲུབ་པ་ཞིག་ལ་རིལ་བུ་བུམ་པ་ཞེས་གཅིག་ཏུ་སྣང་བའི་སྒྲོ་བཏགས་དེ་ཚོགས་སྤྱིར་འདོད། ཚོགས་སྤྱི་དང་། གཟུགས་རགས་པ་དོན་གཅིག་ཡིན།
༧༡༽  དྲི་བ། ཅི་ཞིག་ལ་དོན་སྤྱི་ཟེར།
ལན། བློ་ངོར་སྣང་བརྟག་གཅིག་ཏུ་འཁྲུལ་བའི་སྒྲོ་བཏགས་དོན་སྤྱིའི་མཚན་ཉིད། མཚན་གཞི། བུམ་འཛིན་རྟོགས་པ་ལ་བུམ་པ་དང་གཅིག་མ་ཡིན་བཞིན་གཅིག་ལྟ་བུར་སྣང་བའི་སྒྲོ་བཏགས་ཀྱི་ཆ་དེ་ལ་གོ་དགོས། བུམ་པའི་རྣམ་པ་རྟོག་ངོར་ཤར་བ་ཙམ་ཞིག་ཡོད་པ་ལ་དོན་སྤྱི་ཟེར། ལ་རྒྱབ་ཀྱི་རང་གི་སྡོད་ཁང་དྲན་པའི་བློ་ལ་སྣང་བའི་སྡོད་ཁང་གི་རྣམ་པ་དེ་སྡོད་ཁང་གི་དོན་སྤྱིར་འཛིན་དགོས།
༧༢༽  དྲི་བ། ཅི་ཞིག་ལ་བྱེ་བྲག་ཟེར།
ལན། རང་གི་རིགས་ཀྱིས་ཁྱབ་བྱེད་དུ་འཇུག་པའི་ཆོས་དེ་བྱེ་བྲག་གི་མཚན་ཉིད། མཚན་གཞི། དངོས་པོ། རྟག་པ། བུམ་པ་ལྟ་བུ། དངོས་པོ་དེ་རང་གི་རིགས་ཀྱིས་ཁྱབ་བྱེད་དུ་འཇུག་པ་ཡོད་དེ། ཤེས་བྱ་དེ་དངོས་པོ་རང་གི་རིགས་ཡིན་པའི་ཕྱིར། ཤེས་བྱ་དེ་དངོས་པོའི་ཁྱབ་བྱེད་ཡིན་ལ་དངོས་པོ་དེ་ཤེས་བྱའི་ཁྱབ་བྱ་ཡིན། དེས་ན་དངོས་པོ་དེ་ཤེས་བྱའི་བྱེ་བྲག་ཏུ་སྒྲུབ་པའི་རྟགས་གསུམ་ཚང་། དངོས་པོ་ཁྱོད་ཤེས་བྱ་ཡིན། དངོས་པོ་དེ་ཤེས་བྱ་དང་བདག་གཅིག་ཏུ་འབྲེལ། དངོས་པོ་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། དེས་ན་ཁྱོད་ཆོས་གང་ཞིག་གི་བྱེ་བྲག་ཡིན་ན་ཁྱོད་ཆོས་དེའི་བྱེ་བྲག་ཏུ་སྒྲུབ་པའི་རྟགས་གསུམ་ཚང་དགོས།
༧༣༽  དྲི་བ། ཅི་ཞིག་ལ་སྒྲ་སྤྱི་ཟེར།
ལན། དཔེར་ན། བུམ་པའི་སྒྲ་དོན་མ་ངེས་པའམ། བརྡ་ལ་མ་བྱང་བའི་རྒྱུད་ཀྱིས་བུམ་པའི་མིང་གི་ཆ་འདྲ་བ་བློ་ལ་འཆར་བ་ལྟ་བུ། དེ་ནི་བུམ་པ་མ་རྟོགས་པ་ཞིག་ལ། བུམ་པའི་དབྱིབས་དང་ལྟོ་བ་སོགས་བཤད་པ་ན་ཁོའི་ཡིད་ལ་བུམ་པའི་དབྱིབས་སོགས་འཆར་རྒྱུ་ཡོད་པ་དེ་སྒྲ་ཙམ་ལ་བརྟེན་ནས་ཤར་བ་ཡིན་སྟབས་དེ་ལ་སྒྲ་སྤྱི་ཟེར།
༧༤༽  དྲི་བ། ཅི་ཞིག་ལ་རྟོག་བཅས་ཟེར།
   ལན། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་བཅས་ཀྱི་མཚན་ཉིད། མཚན་གཞི། བུམ་འཛིན་རྟོག་པ་ལྟ་བུ། དེ་ཡང་བུམ་པའི་སྒྲ་སྤྱི་དང་བུམ་པའི་དོན་སྤྱི་སྟེ་སྒྲ་དོན་གཉིས་པོ་བློ་ངོར་འདྲེས་རུང་དུ་འཛིན་པ་སྟེ་སྣང་བའི་སྒོ་ནས་རང་ཡུལ་ཞེན་པའི་རིག་པ་དེ་རྟོག་བཅས་ཡིན། བུམ་པ་རྟོགས་པའམ་བློ་ངོར་ཤར་བའི་ཚེ་སྒྲ་སྤྱི་དང་དོན་སྤྱི་གཉིས་གཅིག་ཏུ་འཁྲུལ་ནས་འཛིན་པའི་བློ་ལ་སྒྲ་དོན་འདྲེས་འཛིན་ཏེ་འདྲེས་རུང་ནས་འདྲེས་པར་འཛིན་ནོ། །སྒྲ་དོན་འདྲེས་རུང་འཛིན་པའི་ཞེན་རིག་ཡིན་ན། སྒྲ་དོན་འདྲེས་པར་འཛིན་པའི་ཞེན་རིག་ཡིན་པས་མ་ཁྱབ་སྟེ། བརྡ་ལ་མ་བྱང་བའི་བྱིས་པའི་རྒྱུད་ཀྱི་བུམ་འཛིན་རྟོག་པས་བུམ་པའི་དོན་སྤྱི་ཡུལ་དུ་བྱེད་ཀྱང་བུམ་པའི་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་ཚོགས་པ་ཡུལ་དུ་མི་བྱེད་དོ། །དེ་ཡང་རྟོག་པ་ཡིན་ཕྱིར་དེ་ལ་སྒྲ་སྤྱི་དང་དོན་སྤྱི་གཉིས་སྣང་བར་མ་ངེས་ཀྱང་སྒྲ་སྤྱིའི་སྣང་བ་ཡང་དོན་སྤྱི་དང་འདྲེས་རུང་དུ་ཡོད་པས། དེས་ན་རྟོག་བཅས་ནི་སྒྲ་དོན་འདྲེས་རུང་འཛིན་པའི་ཞེན་རིག་ཡིན་ཞེས་གསུངས།
༧༥༽  དྲི་བ། ཅི་ཞིག་ལ་རྟོག་མེད་ཟེར།
ལན། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཤེས་པ་དེ་རྟོག་མེད་ཤེས་པའི་མཚན་ཉིད། མཚན་གཞི། བུམ་འཛིན་མིག་ཤེས་དང་སྒྲ་འཛིན་རྣ་ཤེས་ལྟ་བུ། རང་ཡུལ་མཐོང་བ་ལ་དོན་སྤྱིའི་སྣང་བ་མེད་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་ཏེ་རང་ཡུལ་གང་ཡིན་པ་དེ་གསལ་བར་སྣང་བའི་ཤེས་པ་ཐམས་ཅད་རྟོག་མེད་ཀྱི་ཤེས་པ་ཡིན་ནོ། །
༧༦༽  དྲི་བ། ཤེས་བྱ་ལ་རང་སྤྱི་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་རང་མཚན་ཟེར།
ལན། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པའི་དངོས་པོ་དེ་རང་མཚན་གྱི་མཚན་ཉིད། མཚན་གཞི། བུམ་འཛིན་རྟོག་པ། བུམ་པ་མི་རྟོག་པ་སོགས་ཡུལ་དུས་རང་བཞིན་མ་འདྲེས་པའི་དངོས་པོ་ཐམས་ཅད་ཡིན། བུམ་པ་རང་མཚན་ཡིན་ཏེ། རང་གི་དགག་བྱ་བཅད་པ་དང་དོན་སྤྱི་བརྒྱུད་པ་སོགས་ལ་མི་ལྟོས་པར་རང་དབང་གི་མངོན་སུམ་ཚད་མའི་ངོར་རང་ཉིད་འཆར་རྒྱུ་ཡོད་པའི་རང་བཞིན་ཅན་ནམ་མཚན་ཉིད་ཅན་གྱི་ཆོས་ཡིན་པས་དེ་ལ་རང་མཚན་ཞེས་བརྗོད་པ་ཡིན། དེས་ན་དངོས་པོ་དང་། དོན་དམ་བདེན་པ། བདེན་པར་གྲུབ་པ། རྫས་སུ་གྲུབ་པ། དོན་དམ་པར་གྲུབ་པ། མངོན་སུམ་ཚད་མའི་དངོས་གཞལ། གཞན་དབང་རྣམས་དོན་གཅིག་ཡིན།
༧༧༽  དྲི་བ། ཅི་ཞིག་ལ་སྤྱི་མཚན་ཟེར།
ལན། ཡུལ་རང་ངོས་ནས་མ་གྲུབ་པར་རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་སྤྱི་མཚན་གྱི་མཚནཉིད། མཚན་གཞི། ནམ་མཁའ་དང་ཤེས་བྱ་སོགས་བློ་རྟོག་པས་གཟུང་བའི་ཡུལ་ཐམས་ཅད་ཡིན། ཤེས་བྱ་སྤྱི་མཚན་ཡིན་ཏེ། རང་གི་དགག་བྱ་བཅད་པ་དང་དོན་སྤྱི་སོགས་ལ་མ་ལྟོས་པར་བློ་ལ་འཆར་མི་ཐུབ་ཅིང་། རང་གི་དགག་བྱ་བཅད་པ་དང་དོན་སྤྱི་བརྒྱུད་པ་སོགས་ལ་ལྟོས་ནས་བློའི་ཡུལ་དུ་འཆར་དགོས་པས་ན་དེ་ལ་སྤྱི་མཚན་ཞེས་བརྗོད་པ་ཡིན། སྤྱི་མཚན་དང་། ཀུན་རྫོབ་བདེན་པ། རྟག་པ། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། རྣམ་གྲངས་པའི་ཀུན་བཏགས་དང་ཡོངས་གྲུབ་རྣམས་དོན་གཅིག་ཡིན།
༧༨༽  དྲི་བ། ཤེས་བྱ་ལ་བདེན་པ་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་དོན་དམ་བདེན་པ་ཟེར།
ལན། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི། གཟུགས་དང་། ཤེས་པ། གང་ཟག བུམ་འཛིན་རྟོག་པ་ལྟ་བུའོ། །བུམ་པ་དང་བུམ་འཛིན་རྟོག་པ་རེ་རེ་ནས་དོན་དམ་བདེན་པ་ཡིན་ཏེ། བློ་དོན་དམ་པའམ་བློ་མ་འཁྲུལ་བའི་ངོར་བདེན་པ་ཡིན་པས་ན་དོན་དམ་བདེན་པ་དང་། ཚད་མ་དེའི་སྣང་ཡུལ་དུ་གྲུབ་པས་ན་དོན་དམ་པར་གྲུབ་ཅེས་བརྗོད་པ་ཡིན། དོན་དམ་བདེན་པ། དངོས་པོ། རང་མཚན། འདུས་བྱས། བདེན་པར་གྲུབ་པ་རྣམས་དོན་གཅིག་ཡིན།
༧༩༽  དྲི་བ། ཅི་ཞིག་ལ་ཀུན་རྫོབ་བདེན་པ་ཟེར།
ལན། རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་ཀུན་རྫོབ་བདེན་པའི་མཚན་ཉིད། རྟོག་པའི་བཏགས་ཙམ་ཞེས་བདེན་པར་གྲུབ་པ་མ་ཡིན་པ་དང་། ཆོས་ཞེས་རི་བོང་རྭ་ལྟ་བུ་ཀུན་རྫོབ་བདེན་པ་མ་ཡིན་པ་གཅོད། མཚན་གཞི། ནམ་མཁའ་སོགས་རྟག་པ་ཐམས་ཅད། ནམ་མཁའ་ཀུན་རྫོབ་བདེན་པ་ཡིན་ཏེ། བློས་བཏགས་ཙམ་དེའི་ངོ་བོར་བདེན་པ་ཡིན་པའི་ཕྱིར། བློ་རྟོག་ངོ་ཙམ་དུ་བདེན་པ་ཡིན་པས་ཀུན་རྫོབ་བདེན་པ་ཡིན་གྱི་སྤྱིར་བདེན་པ་མ་ཡིན་ཏེ་རྫུན་པ་ཡིན་པའི་ཕྱིར་ཏེ། རྟོག་ངོར་ཤར་ཙམ་ལས་རང་མཚན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པ་ཡིན། ཐ་སྙད་བདེན་པ། ཀུན་རྫོབ་བདེན་པ་རྟག་པ་རྣམས་དོན་གཅིག་ཡིན།
༨༠༽  དྲི་བ། ཤེས་བྱ་ལ་བརྗོད་བྱ་རྗོད་བྱེད་གཉིས་ལས་ཅི་ཞིག་ལ་བརྗོད་བྱ་ཟེར།
ལན། བརྡ་ལས་གོ་བར་བྱ་བའི་དོན་བརྗོད་བྱའི་མཚན་ཉིད། དེ་ལ་དངོས་ཀྱི་བརྗོད་བྱ་དང་ཞེན་པའི་བརྗོད་བྱ་གཉིས་ཡོད། བརྗོད་པའི་སྒྲ་དངོས་ཡུལ་དུ་བྱས་ནས་བརྗོད་པར་བྱ་བ་དངོས་ཀྱི་བརྗོད་བྱའི་མཚན་ཉིད། རང་བརྗོད་པའི་སྒྲས་ཞེན་ནས་བརྗོད་པར་བྱ་བ་ཞེན་པའི་བརྗོད་བྱའི་མཚན་ཉིད། དེས་ན་སྒྲས་དངོས་ཀྱི་བརྗོད་བྱ་བུམ་པ་སྤྱི་མཚན་དང་། ཞེན་པས་བརྗོད་བྱ་བུམ་པ་རང་མཚན་ཡིན། དོན་རང་མཚན་ཡིན་ན་སྒྲས་ཞེན་ནས་བརྗོད་པར་བྱ་བ་ཡིན་པས་ཁྱབ་པ་དང་། སྤྱི་མཚན་ཡིན་ན་སྒྲས་དངོས་ཀྱི་བརྗོད་པར་བྱ་བ་ཡིན་པས་ཁྱབ་པ་ཡོད། བརྗོད་བྱ་དང་། ཡུལ་དང་། གཞལ་བྱ་རྣམས་དོན་གཅིག་ཡིན།
༨༡༽  དྲི་བ། ཅི་ཞིག་ལ་རྗོད་བྱེད་ཟེར།
ལན། བརྡའི་དབང་གིས་དོན་གོ་བར་བྱེད་པ་རྗོད་བྱེད་ཀྱི་མཚན་ཉིད། མཚན་གཞི་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ། བུམ་པ་ཞེས་བརྗོད་པའི་སྒྲ་དེས་རང་ཡུལ་བུམ་པ་གོ་བར་བྱེད་ཐུབ་པ་ལྟ་བུ་ཞིག་ལ་ཟེར། རང་ཡུལ་བརྡའི་དབང་གིས་གོ་བར་བྱེད་པའི་མཉན་བྱ་ཞིག་ལ་རྗོད་བྱེད་ཟེར། རྗོད་བྱེད་ལ་ངོ་བོའི་སྒོ་ནས་དབྱེ་ན། ཡི་གེ་དང་མང་ཚིག བརྗོད་པ་བཅས་བཞི་རུ་དབྱེ་ཆོག་གོ །
༨༢༽  དྲི་བ། ཤེས་བྱ་ལ་འགལ་འབྲེལ་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་འགལ་བ་ཟེར།
ལན། གནོད་བྱ་གནོད་བྱེད་དུ་གྲུབ་པ་འགལ་བའི་མཚན་ཉིད། དེ་ཡང་ཚད་མ་མདོ་ལས། བསྒྲུབ་བྱ་ལ་གནོད་གྲུབ་པའི་ཕྱིར། །གནོད་པ་བྱེད་པ་འགལ་ཉིད་ཡིན། །ཞེས་དང་། རིགས་གཏེར་ལས། ཆོས་གང་གང་ལ་གནོད་བྱེད་པ། །དེ་ནི་དེ་ཡི་འགལ་ཟླ་ཡིན། །ཞེས་དང་། རྣམ་ངེས་ལས། དེ་ཕྱིར་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །ཞེས་པ་ལྟར། ཐ་དད་གང་ཞིག་རྒྱུན་ནུས་མཚུངས་སུ་འགྲོགས་མི་རུང་བ་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། མཚན་གཞི། ཚ་རེག་གིས་གྲང་རེག་འགོག་པའི་ཚེ་གྲང་རེག་གི་རྒྱུན་འགོག་པར་བྱེད་པའི་ཆ་ནས་འགལ་བ་ཡིན་པ་ལྟ་བུ་དང་། སྣང་བ་དང་མུན་པ་བདག་འཛིན་དང་བདག་མེད་ལྟ་བུ་སོགས་ནི་ལྷན་ཅིག་མི་གནས་འགལ་ཡིན། ཐ་དད་གང་ཞིག་གཞི་མཐུན་དང་ཕུང་གསུམ་མི་སྲིད་པ་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། མཚན་གཞི། དངོས་དངོས་མེད་དང་སྔོན་པོ་དང་སྔོ་མིན། རྟག་མི་རྟག་ལྟ་བུ་སོགས་ནི་ཕན་ཚུན་སྤངས་འགལ་ཡིན་ནོ། །གཞུང་འགའ་ཞིག་ཏུ། ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་འགལ་བའི་མཚན་ཉིད། མཚན་གཞི། ཀྭ་བུམ་གཉིས། རྟག་དངོས་གཉིས་ལྟ་བུ། དེ་ཡང་ཆོས་གང་ཡང་རུང་བ་གཉིས་ཕན་ཚུན་ཐ་དད་ཡིན་པ་གང་ཞིག་དེ་གཉིས་གཞི་མཐུན་མི་སྲིད་པ་སྟེ། དེ་གཉིས་ཀྱི་ཡིན་པ་མི་སྲིད་པ་ཞིག་ལ་འགལ་བ་ཞེས་བརྗོད་པ་ཡིན། དེ་ལ་དབྱེ་ན། ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤངས་འགལ་གཉིས། འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག་ཡིན།
༨༣༽  དྲི་བ། ཅི་ཞིག་ལ་ལྷན་ཅིག་མི་གནས་འགལ་ཟེར།
ལན། ཐ་དད་གང་ཞིག་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བ་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད། མཚན་གཞི། སྣང་མུན་གཉིས། ཚ་རེག་དང་གྲང་རེག་སོགས་རྒྱུན་ནུས་མཚུངས་སུ་འགྲོགས་མི་རུང་བའི་དངོས་པོ་ཐམས་ཅད་ཡིན་ནོ། །
༦༤༽  དྲི་བ། ཅི་ཞིག་ལ་འབྲེལ་བ་ཟེར།
ལན། ཆོས་གང་ཞིག་ཆོས་གཞན་མི་འདོར་བ་ཆོས་གཞན་དེ་དང་འབྲེལ་བའི་མཚན་ཉིད། མཚན་གཞི། མེ་དུ་གཉིས་ལྟ་བུ། དེ་ལ་དབྱེ་ན་གཉིས། འབྲེལ་བ་གང་ཞིག་ངོ་བོ་གཅིག་པའི་སྟོབས་ཀྱི་སྒོ་ནས་མི་འདོར་བ་བདག་གཅིག་འབྲེལ་གྱི་མཚན་ཉིད། མཚན་གཞི། བུམ་པ་མི་རྟག་པ་ལྟ་བུ། འབྲེལ་བ་གང་ཞིག་བསྐྱེད་བྱ་སྐྱེད་བྱེད་ཀྱི་སྒོ་ནས་མི་འདོར་བ་དེ་བྱུང་འབྲེལ་གྱི་མཚན་ཉིད། མཚན་གཞི། མེ་དང་དུ་བ་ལྟ་བུའོ། །
༨༥༽  དྲི་བ། ཅི་ཞིག་ལ་མི་འགལ་བ་ཟེར།
ལན། ཁྱོད་ཀྱི་ཡིན་པ་ཡོད་པ་མི་འགལ་བའི་མཚན་ཉིད། མཚན་གཞི། བུམ་པ་དང་ཤེས་བྱ་ལྟ་བུ། ཆོས་དེ་གཅིག་གམ་གཉིས་སོགས་གང་ཡིན་ཡང་དེའི་ཡིན་པ་ཡོད་པ་ཅན་གྱི་ཆོས་དེ་མི་འགལ་བ་ཡིན་ཞེས་བརྗོད་པའོ། །བུམ་པའང་ཡིན་ལ་ཤེས་བྱའང་ཡིན་པ་ཡོད་པ་ལྟ་བུའོ། །
༨༦༽  དྲི་བ། ཤེས་བྱ་ལ་དགག་སྒྲུབ་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་སྒྲུབ་པ་ཟེར།
ལན། རྟོག་པས་དགག་བྱ་དངོས་སུ་བཅད་པ་ལ་མི་ལྟོས་པར་རྟོགས་སུ་རུང་བ་སྒྲུབ་པའི་མཚན་ཉིད། མཚན་གཞི། བུམ་པ། གཟུགས། ཤེས་པ། ཀ་བ་ལྟ་བུའོ། །བུམ་པ་དེ་རང་དངོས་སུ་རྟོགས་པའི་བློས་དགག་བྱ་གང་ཡང་དངོས་སུ་བཅད་ནས་རྟོགས་མི་དགོས་པར་བུམ་པ་དེ་རང་དབང་གིས་བློ་ངོར་འཆར་རུང་བ་ཡིན་པས་དེ་ལ་སྒྲུབ་པ་ཟེར། སྒྲུབ་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ། བུམ་པ་ཁྱོད་འཛིན་རྟོག་པས་ཁྱོད་རང་དངོས་སུ་རྟོགས་ནས་ཁྱོད་ཀྱི་དགག་བྱ་ཤུགས་ལ་བཅད་པའི་ཕྱིར་རོ། །
༨༧༽  དྲི་བ། ཅི་ཞིག་ལ་དགག་པ་ཟེར།
ལན། རྟོག་པ་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་སུ་རུང་བ་དགག་པའི་མཚན་ཉིད། མཚན་གཞི། བུམ་པ་མི་རྟག་པ་དང་། ནམ་མཁའ་། ཡོད་པ། བུམ་པའི་དོན་སྤྱི་ལྟ་བུའོ། །རྟག་པ་ཐམས་ཅད་དངོས་པོ་བཅད་ཙམ་གྱི་ཆ་ལ་བཏགས་པ་ཡིན་པས་དེ་རྟོགས་པའི་ཚེ་དངོས་པོ་དངོས་སུ་བཅད་ནས་དངོས་མེད་རྟག་པ་དེ་རྟོགས་དགོས་ལ། དེས་ན་རྟག་པ་ཡིན་ན་དགག་པ་ཡིན་པས་ཁྱབ། བུམ་པའི་དོན་སྤྱི་ནི། རྟོག་ངོར་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཡིན་ལ། དེ་དངོས་སུ་རྟོགས་པའི་བློས་དེའི་དགག་བྱ་བུམ་པ་རང་མཚན་གྱིས་གྲུབ་པ་དངོས་སུ་བཅད་ནས་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བའམ་ལྟོ་ལྡིར་བའི་རྣམ་པའི་བློ་ངོར་ཤར་བའི་བུམ་པ་དེ་དོན་སྤྱི་ཡིན་པར་རྟོགས་པ་ལྟ་བུ་དང་། བུམ་པ་མི་རྟག་པར་རྟོགས་པའི་བློས་བུམ་པ་མི་རྟག་པའི་དགག་བྱ་བུམ་པ་མི་རྟག་པ་ཡིན་པ་དངོས་སུ་བཅད་ནས་བུམ་པ་མི་རྟག་པ་རྟོགས་པ་ལྟ་བུ་སྟེ། དེས་ན་བུམ་པ་མི་རྟག་པ་དགག་པ་ཡིན་ཞེས་བརྗོད་དོ། །དགག་པ་དང་། སེལ་བ། གཞན་སེལ། ལྡོག་པ་རྣམས་དོན་གཅིག་ཡིན།
༨༨༽  དྲི་བ། དགག་པ་ལ་དབྱེ་ན་མ་ཡིན་དགག་པ་དང་མེད་དགག་གཉིས་ཡོད་པ་ལས་ཅི་ཞིག་ལ་མ་ཡིན་དགག་ཟེར།
ལན། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཅད་ཤུལ་དུ་སྒྲུབ་ཆོས་གཞན་འཕེན་པ་མ་ཡིན་དགག་གི་མཚན་ཉིད། མཚན་གཞི། འདི་བྲམ་ཟེ་མིན་དང་། བུམ་པ་མ་ཡིན་པ་ལས་ལོག་པ། ལྷས་སྦྱིན་ཚོན་པོས་ཉིན་པར་ཟས་མི་ཟ་བ་ལྟ་བུ། དཔེར་ན། ལྷས་སྦྱིན་ཚོན་པས་ཉིན་པར་ཟས་མི་ཟ་བ་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་ཉིན་མོ་ཟས་ཟ་བ་དངོས་སུ་བཀག་ནས་དེའི་ཤུལ་དུ་བཀག་ཙམ་དེ་ལས་ཆོས་གཞན་པ་མཚན་མོ་ཟས་ཟ་བར་བསྟན་ལ། ཟས་ཟ་བའི་དུས་ཀྱང་ཉིན་མོ་ཟ་བ་དངོས་སུ་བཀག་ནས་མཚན་མོ་ཟ་བ་ཤུགས་ལ་གོ་བ་སྟེ། སྒྲུབ་ཆོས་གཞན་མཚན་མོ་ཟས་ཟ་བ་འཕེན་པའམ་རྟོགས་རྒྱུ་ཡོད་པ་འདི་ལྟ་བུ་ཞིག་ལ་མ་ཡིན་དགག་ཟེར། མ་ཡིན་དགག་དང་མ་ཡིན་དགག་གི་གཞན་སེལ་དོན་གཅིག་ཡིན།
༨༩༽  དྲི་བ། ཅི་ཞིག་ལ་མེད་དགག་ཟེར།
ལན། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཅད་ཤུལ་དུ་སྒྲུབ་ཆོས་གཞན་མི་འཕེན་པ་མེད་དགག་གི་མཚན་ཉིད། མཚན་གཞི། ནམ་མཁའ་དང་། གང་ཟག་གི་བདག་མེད། བུམ་པའི་དགག་གཞི། རི་རྭ་མེད་པ་ལྟ་བུའོ། །དེས་ན་དགག་བྱ་ཡོད་མེད་གང་ཡིན་ཡང་དགག་བྱ་དེ་བཅད་ཙམ་གྱི་ཆ་ལ་བཞག་པའི་ཆོས་ཐམས་ཅད་མེད་དགག་ཡིན། མེད་དགག་ནི་རང་དངོས་སུ་རྟོགས་པའི་བློས་མེད་དགག་དེས་རང་གི་དགག་བྱ་དེ་བཀག་ཙམ་མམ་མེད་ཙམ་གྱི་ཆ་དེ་རྟོགས་པ་ལ་མེད་དགག་ཟེར་བ་ལས། གཞན་པའི་སྒྲུབ་པ་དང་མ་ཡིན་དགག་གི་ཆོས་གཉིས་གང་ཡང་དངོས་ཤུགས་གང་དུའང་མི་རྟོགས་པའམ་མི་འཕེན་པ་ཞིག་ལ་ཟེར། དཔེར་ན། ནམ་མཁའ་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་ཐོགས་རེག་བཅད་ཙམ་མམ་མེད་ཙམ་གྱི་ཆ་དེ་རྟོགས་པ་ལས། དེ་ལས་གཞན་པའི་ཆོས་གང་ཡང་དངོས་ཤུགས་གང་དུའང་མི་རྟོགས་པ་ལྟ་བུའོ། །
༩༠༽  དྲི་བ། ཅི་ཞིག་ལ་གཞན་སེལ་ཟེར།
ལན། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བསལ་བའི་སྒོ་ནས་རྟོགས་པར་བྱ་བ་དེ་གཞན་སེལ་གྱི་མཚན་ཉིད། མཚན་གཞི། བུམ་པ་མི་རྟག་པ། གང་ཟག་གི་བདག་མེད། དེས་ན་དགག་པ་ལས་ལོགས་སུ་གཞན་སེལ་མེད་པས་དགག་པ་དང་གཞན་སེལ་དོན་གཅིག་ཏུ་གོ་ཆོག་གོ །
༩༡༽  དྲི་བ། ཤེས་བྱ་ལ་མངོན་ལྐོག་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་མངོན་འགྱུར་ཟེར།
ལན། དོན་སྤྱི་ལ་མ་ལྟོས་པར་མངོན་སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། མངོན་འགྱུར་དང་དངོས་པོ་དོན་གཅིག་ཏུ་བཤད། མཚན་གཞི། བུམ་པ། ཀ་བ་ལྟ་བུ། སྤྱིར་དངོས་པོ་ཡིན་ན་མངོན་གྱུར་ཁོ་ན་ཡིན་པས་ཁྱབ། གཞི་གྲུབ་ན་མངོན་གྱུར་ཡིན་པས་མ་ཁྱབ་སྟེ་རྟག་པ་སོགས་གཞི་གྲུབ་ཀྱང་མངོན་གྱུར་མ་ཡིན་པའི་ཁྱབ་པས་ཕྱིར་རོ། །བློ་དེ་ལ་མངོན་གྱུར་ཡིན་ན་བློ་དེ་ལ་ལྐོག་གྱུར་མ་ཡིན་པས་ཁྱབ། བློ་སོ་སོ་ལ་ལྟོས་ན་མངོན་ལྐོག་གཉིས་ཀའི་ཡིན་པ་ཡོད་དེ། ལའི་སྟེང་གི་གང་ཟག་ལ་ལའི་མེ་དེ་མངོན་གྱུར་དང་། ཐག་རིང་གི་གང་ཟག་ལ་མེ་དེ་ལྐོག་གྱུར་ཡིན། སློབ་དཔོན་ཤྰཀྱ་བློས། མངོན་སུམ་ཡང་ཀློག་ཏུ་གྱུར་བའི་ཕྱིར་དང་། ལྐོག་ཏུ་གྱུར་བ་ཡང་གཞན་དུ་མངོན་སུམ་ཉིད་དུ་འགྱུར་བའི་ཕྱིར། ཞེས་གསུངས་སོ། །
༩༢༽  དྲི་བ། ཅི་ཞིག་ལ་ལྐོག་གྱུར་ཟེར།
 ལན། དོན་སྤྱི་སྣང་ཡུལ་བྱས་ནས་རྗེས་དཔག་ཚད་མས་དངོས་སུ་རྟོགས་པར་བྱ་བ་ལྐོག་གྱུར་གྱི་མཚན་ཉིད། ལྐོག་གྱུར་དང་ཤེས་བྱ་དོན་གཅིག་ཏུ་བཤད། མཚན་གཞི། གཟུགས་དང་ནམ་མཁའ། བུམ་པ་དང་གང་ཟག་གི་བདག་མེད་ལྟ་བུའོ། །གཞི་གྲུབ་ན་ལྐོག་གྱུར་ཡིན་པས་མ་ཁྱབ་སྟེ། ཁོ་རྟོགས་པའི་རྗེས་དཔག་ཚད་མ་ཡོད་པའི་ཕྱིར། རྟག་པ་རྣམས་ལྐོག་གྱུར་ཁོ་ན་ཡིན། དངོས་པོ་རྣམས་མངོན་ལྐོག་གཉིས་ཀ་ཡིན་ནོ། །
༩༣༽  དྲི་བ། ཤེས་བྱ་ལ་ཡུལ་དང་ཡུལ་ཅན་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་ཡུལ་ཟེར།
ལན། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད། བློ་སྤྱིས་རིག་པར་བྱ་བའམ་བློ་ཚད་མས་རྟོགས་པར་བྱ་བ་ཞིག་ལ་ཟེར། མཚན་གཞི། བུམ་པ། ཤེས་པ། གང་ཟག་ལྟ་བུ། བུམ་པ་ཡུལ་ཡིན་ཏེ་ཁྱོད་འཛིན་རྟོག་པས་རིག་པར་བྱ་བའི་ཡུལ་ཡིན་པའམ་ཁྱོད་འཛིན་བློས་རྟོགས་པར་བྱ་བ་ཞིག་ཡིན་པས་ཁྱོད་ཡུལ་དུ་བཞག་གོ ། ཡུལ་ལ་དབྱེ་ན། སྣང་ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་ཏེ་བཞི་ཡོད། ཡུལ་དང་། གཞལ་བྱ། བརྗོད་བྱ། ཡོད་པ། ཤེས་བྱ་རྣམས་དོན་གཅིག་ཡིན།
༩༤༽  དྲི་བ། ཡུལ་ལ་དབྱེ་ན། སྣང་ཡུལ་དང་གཟུང་ཡུལ་ཞེན་ཡུལ་འཇུག་ཡུལ་བཞི་ལས་ཅི་ཞིག་ལ་སྣང་ཡུལ་ཟེར།
ལན། རང་འཛིན་ཤེས་པ་ལ་རྣམ་པ་འཆར་བའི་ཡུལ་སྣང་ཡུལ་གྱི་མཚན་ཉིད། མཚན་གཞི། དཔེར་ན། བུམ་འཛིན་མིག་ཤེས་ལ་དངོས་སུ་འཆར་བའི་བུམ་པ་དང་། བུམ་འཛིན་རྟོག་པ་ལ་འཆར་བའི་བུམ་པའི་དོན་སྤྱི་ལྟ་བུའོ། །རྟོག་པའི་སྣང་ཡུལ་བུམ་པའི་དོན་སྤྱི་དང་། རྟོག་མེད་ཀྱི་སྣང་ཡུལ་བུམ་པ་འཇོག་དགོས་པས་དེ་གཉིས་ཀྱི་སྣང་ཡུལ་ལ་ཁྱད་པར་ཡོད་དེ། རྟོག་མེད་མངོན་སུམ་གྱི་སྣང་ཡུལ་ལ་དངོས་པོ་ཐམས་ཅད་དང་། རྟོག་པའི་སྣང་ཡུལ་ལ་དོན་སྤྱི་ཐམས་ཅད་འཇོག་དགོས།
༩༤༽  དྲི་བ། ཅི་ཞིག་ལ་གཟུང་ཡུལ་ཟེར།
   ལན། རང་འཛིན་མངོན་སུམ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་གཟུང་ཡུལ་གྱི་མཚན་ཉིད། མཚན་གཞི། བུམ་འཛིན་མིག་ཤེས་ལ་སྣང་བའི་བུམ་པ་དང་། སྒྲ་འཛིན་རྣ་ཤེས་ལ་སྣང་བའི་སྒྲ་ལྟ་བུའོ། །སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་ཏུ་སྨྲ་བར་བྱེད་ན། རི་བོང་རྭ་འཛིན་རྟོག་པ་ལ་གཟུང་ཡུལ་ཡོད་པར་ཐལ་བའི་སྐྱོན་ཡོད་ལ། དེས་ན་ཁྱོད་ཀྱི་གཟུང་ཡུལ་དེ་གཞན་གྱིས་རྟོགས་པར་ཐལ་བའི་སྐྱོན་ཡང་ཡོད། རྣམ་འགྲེལ་ལས། རྣམ་པ་དེ་ནི་ཐ་དད་ན། །གཞན་གྱིས་ཀྱང་ནི་རྟོགས་པར་འགྱུར། །ཞེས་གསུངས་སོ། །
༩༦༽  དྲི་བ། ཅི་ཞིག་ལ་ཞེན་ཡུལ་ཟེར།
   ལན། རང་འཛིན་རྟོག་པས་ཞེན་ནས་རྟོགས་པར་བྱ་བ་ཞེན་ཡུལ་གྱི་མཚན་ཉིད། མཚན་གཞི། བུམ་པ་ལྟ་བུ། བུམ་པ་དེ་བུམ་པ་འཛིན་རྟོག་པའི་ཞེན་ཡུལ་ཡིན་ཏེ། བུམ་འཛིན་རྟོག་པས་ཞེན་ནས་འཛིན་པ་ཡིན་ཕྱིར་ཞེན་ཡུལ་ཞེས་བརྗོད་དོ། །འདིར་ཞེན་ནས་རྟོག་པར་བྱ་བ་ཞེས་པ་སྒྲ་དོན་འདྲེས་རུང་འཛིན་པའི་རྟོག་པས་དོན་སྤྱི་དངོས་ཡུལ་དུ་བྱས་ནས་འཛིན་པ་ཞིག་ལ་གོ་དགོས།
༩༧༽  དྲི་བ། ཅི་ཞིག་ལ་འཇུག་ཡུལ་ཟེར།
   ལན། བློ་དོན་མཐུན་གྱིས་ཇི་ལྟར་བཟུང་བ་བཞིན་གྲུབ་པའི་ཆོས་དེ་འཇུག་ཡུལ་གྱི་མཚན་ཉིད། དེ་དང་ཤེས་བྱ་དོན་གཅིག་ཡིན། མཚན་གཞི། བུམ་པ་དེ་བུམ་འཛིན་མིག་ཤེས་དང་བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ལམ་འཇུག་ཡུལ་ཡིན། རྟོག་པ་དོན་མཐུན་དང་དོན་མཐུན་མ་ཡིན་པ་ཐམས་ཅད་ལ་ཡོད་དོ། །
༩༨༽  དྲི་བ། ཅི་ཞིག་ལ་ཡུལ་ཅན་ཟེར།
   ལན། རང་ཡུལ་ལ་འཇུག་པའི་དངོས་པོ་ཡུལ་ཅན་གྱི་མཚན་ཉིད། མཚན་གཞི། སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུ། ཡུལ་ཅན་ལ་དབྱེ་ན། སྒྲ་དང་བློ་དང་གང་ཟག་སྟེ་གསུམ་ཡོད། སྒྲའི་ཡུལ་ཅན་ནི། མིང་ཚིག་བརྗོད་པ་ཀུན་གྱི་རྩོམ་གཞིར་གྱུར་པའི་སྒྲའི་སྐད་གདངས་རྗོད་བྱེད་སྒྲའི་མཚན་ཉིད། མཚན་གཞི། བཀའ་བསྟན་དང་སྒྲ་མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །དེ་ཡུལ་ཅན་ཡིན་ཏེ། རང་ཡུལ་སྒྲ་མི་རྟག་པ་ལ་འཇུག་པའི་ཆོས་ཡིན་པའི་ཕྱིར། བློའི་ཡུལ་ཅན་ནི། རང་ཡུལ་འཛིན་པ་ཡུལ་ཅན་བློ་ཡི་མཚན་ཉིད། སྒྲ་མི་རྟག་པར་རྟོགས་པའི་བློ་ལྟ་བུ། ཡུལ་ཅན་གང་ཟག གདགས་གཞི་ཕུང་པོ་བཞིའམ་ལྔ་ལ་བཏགས་པའི་སྐྱེས་བུ་གང་ཟག་གི་མཚན་ཉིད། གང་ཟག་གང་དང་གང་གི་རང་རྒྱུད་ཀྱི་བློའི་འཇུག་ཡུལ་གང་ཡིན་པ་དེ་གང་ཟག་དེའི་ཡུལ་ཡིན། གང་ཟག་དེས་རྟོགས་མ་རྟོགས་གང་ཟག་དེའི་རྒྱུད་ཀྱི་བློས་རྟོགས་མ་རྟོགས་ལ་ཟེར་བའི་ཕྱིར། བློའི་ཡུལ་ཡིན་ན་གང་ཟག་གི་ཡུལ་ཡང་ཡིན་ནོ། །
༩༩༽  དྲི་བ། དངོས་པོ་ལ་རྒྱུ་འབྲས་གཉིས་སུ་དབྱེ་བ་ལས་ཅི་ཞིག་ལ་རྒྱུ་ཟེར།
   ལན། སྐྱེད་བྱེད་རྒྱུའི་མཚན་ཉིད། རང་གི་འབྲས་བུ་གང་ཡིན་པ་དེ་སྐྱེད་པར་བྱེད་པ་ལ་རྒྱུ་ཟེར། མཚན་གཞི། མྱུ་གུའི་སྔ་ལོགས་སུ་བྱུང་བའི་མྱུ་གུའི་རྒྱུར་གྱུར་བའི་དངོས་པོ་ལྟ་བུ། རྒྱུ་ལ་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཡོད།
༡༠༠༽  དྲི་བ། རྒྱུ་ལ་དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་ཡོད་པ་ལས་ཅི་ཞིག་ལ་དངོས་རྒྱུ་ཟེར།
   ལན། དངོས་སུ་སྐྱེད་བྱེད་དངོས་རྒྱུའི་མཚན་ཉིད་། མཚན་གཞི། དུ་བ་སྐད་ཅིག་དང་པོ་ལ་མེ་དེ་དངོས་རྒྱུ་ཡིན་པ་ལྟ་བུ། དེ་ལ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས། རང་འབྲས་རང་འདྲའི་རིགས་རྒྱུན་དུ་གཙོ་བོར་སྐྱེད་བྱེད་ཉེར་ལེན་གྱི་རྒྱུའི་མཚན་ཉིད། མཚན་གཞི། བུད་ཤིང་སྐད་ཅིག་ཐ་མ་དེ་སོལ་བའི་ཉེར་ལེན་གྱི་རྒྱུ་ཡིན་པ་ལྟ་བུའོ། །རང་འབྲས་རང་དང་རིགས་རྒྱུན་མི་འདྲ་བར་གཙོ་བོར་སྐྱེད་བྱེད་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། མཚན་གཞི། རྫ་བུམ་གྱི་རྒྱུར་གྱུར་བའི་སྐྱེས་བུའི་བྱེད་རྩོལ་དེ་རྫ་བུམ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན། དངོས་པོ་ཡིན་ན་ཉེར་ལེན་གྱི་རྒྱུ་ཡིན་པས་མ་ཁྱབ་སྟེ་མར་མེ་སྐད་ཅིག་མཐའ་མ་བཞིན་ནོ། །
༡༠༡༽   དྲི་བ། ཅི་ཞིག་ལ་བརྒྱུད་རྒྱུ་ཟེར།
   ལན། བརྒྱུད་ནས་སྐྱེད་བྱེད་བརྒྱུད་རྒྱུའི་མཚན་ཉིད། མཚན་གཞི། དུ་བའི་རྒྱུད་བུད་ཤིང་ལྟ་བུ་དེ་དུ་བའི་བརྒྱུད་རྒྱུ་ཡིན། རྫ་བུམ་གྱི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་རྫ་བུམ་གྱི་རྒྱུར་གྱུར་བའི་འཇིམ་པ་དེ་རང་འབྲས་རྫ་བུམ་གྱི་བརྒྱུད་རྒྱུ་ཡིན་ཏེ། རང་འབྲས་རྫ་བུམ་དེ་བརྒྱུད་ནས་སྐྱེད་བྱེད་ཡིན་པའི་ཕྱིར། དངོས་པོ་ཡིན་ན་བརྒྱུད་རྒྱུ་ཡིན་པས་མ་ཁྱབ་སྟེ་མར་མེ་སྐད་ཅིག་མཐའ་མ་བཞིན་ནོ། །
༡༠༢༽  དྲི་བ། ཅི་ཞིག་ལ་འབྲས་བུ་ཟེར།
   ལན། བསྐྱེད་བྱ་འབྲས་བུའི་མཚན་ཉིད། རྒྱུ་གང་ཞིག་གིས་གསར་དུ་བསྐྱེད་པར་བྱ་བའི་ཆོས་དེ་འབྲས་བུ་ཡིན། མཚན་གཞི། བུམ་པའི་རྒྱུན་ཕྱི་མ་རྣམས་དང་། བུམ་པའི་འབྲས་བུར་གྱུར་པའི་བུམ་འཛིན་ཚད་མ་ལྟ་བུ། དབྱེ་ན། དངོས་འབྲས་དང་བརྒྱུད་འབྲས་གཉིས་ཡོད།
༡༠༣༽  དྲི་བ། འབྲས་བུ་ལ་དབྱེ་ན་དངོས་འབྲས་དང་བརྒྱུད་འབྲས་གཉིས་ཡོད་དེ་པ་ཅི་ལྟ་བུ་ཞིག་ལ་ཟེར།
   ལན། དངོས་སུ་བསྐྱེད་བྱ་དེ་དངོས་འབྲས་ཀྱི་མཚན་ཉིད། རྒྱུ་དེའི་རང་དང་རང་གི་འབྲས་བུའི་བར་དུ་རྒྱུའི་རྒྱུན་གཞན་གྱིས་བར་མ་ཆོད་པར་དངོས་སུ་བསྐྱེད་པར་བྱ་བའི་ཆོས་དེ་དངོས་འབྲས་ཡིན། མཚན་གཞི། ཤོག་གུའི་ཕྱི་ལོགས་དེ་མ་ཐག་ཏུ་བྱུང་བའི་ཤོག་གུའི་འབྲས་བུ་ལྟ་བུའོ། །བརྒྱུད་ནས་བསྐྱེད་བྱ་བརྒྱུད་འབྲས་ཀྱི་མཚན་ཉིད། མཚན་གཞི། ཤོག་གུའི་ཕྱི་ལོགས་སུ་བྱུང་བའི་ཕྱི་ལོགས་སུ་བྱུང་བའི་ཤོག་གུའི་འབྲས་བུ་ལྟ་བུའོ། །ཞེས་ཚད་མ་རིག་པའི་དྲིས་ལན་བརྒྱ་བ་འདི་ཉིད་རང་དང་སྐལ་བ་མཉམ་པའི་སློབ་གྲོགས་མི་ཉུང་བ་ཞིག་གིས། སྔ་གཞུག་ཏུ་དྲི་བ་དྲུག་ཅུ་ལྷག་ལ་ལན་འདེབས་དགོས་བྱུང་བ་དག་རང་ཉིད་ཀྱིས་ཟིན་བྲིས་སུ་ཕབ་པ་དང་། སློབ་གྲོགས་སྐོར་ཞིག་གིས་རེ་འདུན་མཚོན་བྱེད་དང་། ད་དུང་རང་ཉིད་རིག་གཞུང་ལ་གོམས་པའི་ཕྱིར་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་བཏོན་ཏེ། ཚད་མའི་དྲིས་ལན་བརྒྱ་བ་འདི་ཕྱི་ལོ ༢༠༠༧ ལོའི་ཟླ ༥ བའི་ངལ་གསོའི་དུས་ཚིགས་ཀྱི་སྐབས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མཐར་ཞུགས་པའི་སློབ་བུ་ཐ་ཤལ་བ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཏུ་འབོད་པས་བྲིས་པ་འདིས། རང་དང་སྐལ་བ་མཉམ་པའི་བྱིས་པ་དག་ལ་བློ་སྒོ་འབྱེད་པའི་ལྡེ་མིག་ཅིག་ཏུ་འགྱུར་བར་ཤོག་ཅིག་གུ །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།