logo

རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས།

རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-17 ཀློག་གྲངས།:

རིག་གནས་སྤྱིར་བཤད་པ།

      དོན་གཉེར་རྗེས་འཛིན་བཟོ་དང་གསོ་བའི་དཔྱད། །ལོག་སྨྲ་ཚར་གཅོད་སྒྲ་དང་གཏན་ཚིགས་ཏེ། །ཕྱི་རོལ་རིག་གནས་བཞི་དང་ནང་གི་དོན། །ཐུན་མོང་མིན་པའི་མདོ་སྔགས་འདིར་རིག་བྱ། །ལྔ་པོ་རེ་རེའང་གསུམ་གསུམ་ཉིད་དུ་གནས། །བཟོ་ནི་ལུས་དང་ངག་དང་ཡིད་བཟོ་འོ། །གསོ་བ་གསོ་བྱ་གསོ་ཐབས་གསོ་བ་པོ། །སྒྲ་ནི་རང་བཞིན་རྐྱེན་དང་རྣམ་འགྱུར་ཏེ། །གཏན་ཚིགས་མངོན་གྱུར་ལྐོག་གྱུར་ཤིན་ལྐོག་འཇལ། །ནང་རིག་ཐེག་པ་གསུམ་དུ་གྲགས་ཤིང་གྲུབ། །དེ་ཡང་བརྗོད་བྱ་ཉན་རང་ཐེག་ཆེན་ཏེ། །རྗོད་བྱེད་ཐུན་མོང་བ་དང་དེ་མིན་ལ། །ཤིན་ཏུ་རྒྱས་པའི་མདོ་དང་རྒྱུད་སྡེ་འོ། །དང་པོ་བཞི་ཡི་གསུམ་ཚན་ཐམས་ཅད་ཀྱང་། །ཕྱི་རོལ་པ་ལའང་ཚང་བར་ཡོད་པའི་ཕྱིར། །རིག་གནས་ཐུན་མོང་བ་ཞེས་མཁས་ལ་གྲགས། །གལ་ཏེ་ཕྱི་པའི་བརྗོད་བྱ་རྗོད་བྱེད་ཀུན། །སྐྱོན་ཅན་ནང་པའི་དེ་ལས་བཟློག་པའི་ཕྱིར། །ཐུན་མོང་ཉིད་དུ་འཐད་པ་མིན་ཞེ་ན། །ཀ་ལཱ་པ་ནི་སློབ་ཕན་དང་བཅས་ལ། །སྐྱོན་ཅན་ཡིན་པའི་གཏན་ཚིགས་མ་གྲུབ་ཅིང་། །གོང་མ་གོང་མའི་རིག་པས་ཅུང་ཟད་ཙམ། །གནོད་པས་ཐུན་མོང་ཞེས་བྱར་མི་རིགས་ན། །དངོས་སྨྲ་སྡེ་གསུམ་ནང་པར་འཐད་མི་འགྱུར། །ནང་པའི་རིག་གནས་བཞི་པ་སྟོན་པའི་གཞུང་། །སྡེ་བདུན་མདོ་དང་བཅས་ལས་གཞན་མེད་ཕྱིར། །འདི་དག་ནང་རིག་ཡིན་པར་འདོད་རྣམས་འཁྲུལ། །གསུང་རབ་སྤྱི་ཡི་དགོངས་འགྲེལ་ཡིན་པའི་ཕྱིར། །ཟེར་ན་སྒྲ་མདོ་ཀུན་ཀྱང་དེར་འགྱུར་ཏེ། །གསུང་རབ་ཀུན་གྱི་ཚིག་གི་དགོངས་འགྲེལ་ཕྱིར། །བསྟན་དང་སྟོན་ལ་ཡིད་ཆེས་རྙེད་ཐབས་དང་། །བདག་མེད་སྟོན་དང་དེ་མཁྱེན་ཡེ་ཤེས་ཏེ། །དངོས་སྟོབས་ཚད་མས་འགྲུབ་སོགས་ཚད་མ་མདོའི། །མཆོད་བརྗོད་དོན་ཙམ་རྒྱས་པར་བཤད་པ་སྟེ། །དེ་ལྟར་བྱས་ན་ཡན་ལག་བརྒྱད་པ་དང་། །ཙནྡྲ་པ་དང་རིན་ཆེན་འབྱུང་གནས་སོགས། །ནང་རིག་ཉིད་དུ་ཐལ་བ་བཟློག་པ་མེད། །དེས་ན་དངོས་བསྟན་བསྟན་བྱའི་གཙོ་བོ་ནི། །གནས་གསུམ་གཞལ་བྱ་རྟོག་གེའི་ཚིག་དོན་བརྒྱད། །ཡིན་ཕྱིར་ཐུན་མོང་རིག་གནས་ཉིད་དུ་བཟུང་། །དངོས་བསྟན་བསྟན་བྱའི་གཙོ་བོས་མདོ་རྒྱུད་དང་། །མདོ་ལ་དྲང་ངེས་སྡེ་སྣོད་གསུམ་དང་ནི། །སྔགས་ལ་རྒྱུད་སྡེ་བཞི་རུ་འབྱེད་ཕྱིར་རོ། །འཁོར་བ་ཀུན་ལས་ངེས་འབྱུང་བསམ་པ་དང་། །བདག་པས་གཞན་གཅེས་ཐེག་ཆེན་བྱང་ཆུབ་སེམས། །བདེན་བཞིའི་དེ་ཉིད་ལ་སོགས་བདག་མེད་གཉིས། །ཕྲ་རགས་བསྟན་བྱའི་གཙོ་བོར་གང་མཛད་པ། །དེ་ནི་ནང་རིག་ཉིད་དུ་ལེགས་པར་གྲུབ། །རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། རིག་གནས་སྤྱིར་བཤད་པའི་ལེའུ་སྟེ་དང་པོའོ།། །།

བཟོ་རིག་བཤད་པ།

      རིག་གནས་དང་པོས་དོན་གཉེར་རྗེས་འཛིན་ཏེ། །བསྟན་པ་གནས་ཕྱིར་དཀོན་ཅོག་གསུམ་གྱི་རྟེན། །བཞེང་བར་འདོད་པའི་འབྱོར་ལྡན་ལྷག་བསམ་ཅན། །རྒྱལ་བས་བསྟན་འཛིན་ཉིད་དུ་ལུང་བསྟན་ཅིང་། །གཞི་ནི་ཚངས་པའི་བསོད་ནམས་སྐྱེད་བྱེད་དེ། །སྔར་མེད་གནས་སུ་རྒྱལ་བའི་རིང་བསྲེལ་མཆོག །བཞུགས་པའི་མཆོད་རྟེན་རྩིག་པར་བྱེད་པ་དང་། །དགེ་འདུན་ཀུན་ར་ལོངས་སྤྱོད་དང་བཅས་བྱེད། །དགེ་འདུན་བྱེ་བ་ལེགས་པར་བསྡུམ་པ་དང་། །བྱམས་སོགས་ཚད་མེད་བཞི་པོ་བསྒོམ་པ་འོ། །ཞེས་གསུངས་དང་པོ་གཉིས་པོ་དོན་གཉེར་ལ། །བཟོ་རིག་ཤེས་པས་འདོད་དོན་སྒྲུབ་པ་ཙམ། །སྨྲ་མཁས་གྲགས་པ་ཅན་གྱིས་མི་འགྲུབ་ཅིང་། །ཆུ་ཆེན་བརྒལ་བར་འདོད་པའི་གྲུ་གཟིངས་དང་། །གཞན་ཕྱོགས་འཇོམས་པའི་འཁྲུལ་འཁོར་མཚོན་ཆ་དང་། །རང་ཕྱོགས་བསྲུང་བའི་མཁར་རྫོང་གོ་ཆ་དང་། །གོས་བཟང་རྒྱན་མཆོག་བཟའ་བཏུང་རོལ་མོ་སོགས། །དགོས་དགུ་མཐའ་དག་འདི་ལ་རག་ལས་ཕྱིར། །དེས་ན་སྒོ་གསུམ་བཟོ་ལ་མི་སློབ་དང་། །ཁྱད་པར་མདོ་རྒྱུད་ཆོས་མཐུན་གཙོར་བཟུང་ནས། །དགེ་འདུན་སྡེ་དང་རྟེན་གསུམ་འགོག་བྱེད་པ། །འདི་དག་གཅེར་བུས་གྲུབ་མཐས་བསླུས་པར་ཟད། །རྒྱལ་བས་འདུལ་བ་ལུང་གི་གནས་མལ་གཞིར། །གཙུག་ལག་ཁང་དང་དེ་དབུས་དྲི་གཙང་ཁང་། །སྒོ་ཁང་ཁྱམས་ཀྱི་ཐོག་འབུགས་ཐོག་བརྩེགས་དང་། །གནས་ཁང་སོ་སོར་རི་མོ་བྲི་ཚུལ་སོགས། །རྒྱ་ཆེར་གསུངས་ཤིང་མདོ་སྔགས་ཕལ་ཆེར་དང་། །ཁྱད་པར་ཤཱ་རིའི་བུས་ཞུས་མདོ་དང་ནི། །སྡོམ་འབྱུང་དུས་འཁོར་སོགས་ལས་སྐུ་གཟུགས་དང་། །མཆོད་རྟེན་ཕྱག་ཚད་ལེགས་པར་གསུངས་པ་བཞིན། །དྲང་སྲོང་ཨེ་ཊཱའི་བུ་ཡིས་བྱས་པ་ཡི། །སྐུ་གཟུགས་རྣམས་ཀྱི་མཚན་ཉིད་སྟོན་པ་དང་། །དྲི་མེད་འགྲེལ་པ་སོགས་ལས་མཆོད་རྟེན་དང་། །སངས་རྒྱས་གསང་བས་མཛད་པར་གྲགས་པ་ཡི། །བློས་སློངས་མཚན་ཉིད་གཞན་ཡང་བཟོ་ཡི་གནད། །སྟོན་པའི་རྒྱ་བོད་གཞུང་ལ་བསླབ་པར་བྱ། །ལུས་ངག་གཙོ་བོར་བྱེད་དང་མི་བྱེད་ལས། །ལུས་ངག་ཡིད་ཀྱི་བཟོ་ཞེས་གསུམ་དུ་དབྱེ། །ལུས་བཟོ་མཆོག་ནི་སྐུ་གསུང་ཐུགས་ཀྱི་རྟེན། །སྐུ་ལ་ལོངས་སྐུ་རང་སོར་བརྒྱད་པ་ནི། །ཉི་ཤུ་རྩ་ལྔར་དུས་ཀྱི་འཁོར་ལོར་གསུངས། །སྤྲུལ་སྐུ་རང་སོར་བརྒྱ་དང་བརྒྱད་པ་འམ། །བཅུ་གཅིག་པ་རུ་རིག་པས་ཐོབ་པ་བཞིན། །གཞུང་ལུགས་གཞན་དུ་འབྱུང་ལྟར་ལག་ལེན་བྱེད། །མི་ལུས་ཕལ་པ་སྲིད་དུ་གྱ་བཞི་དང་། །ཞེང་དུ་གོ་དྲུག་ཆུ་ཞེང་མི་མཉམ་གསུངས། །གཞན་ཡང་སྤྲུལ་སྐུ་ལ་ནི་ཞི་ཁྲོ་དང་། །རྒྱན་དང་ཕྱག་མཚན་སོགས་ཀྱི་མཚན་ཉིད་དོ། །གསུང་གི་རྟེན་ནི་ཚངས་པའི་ཡི་གེ་སོགས། །ཡིག་རིགས་དྲུག་ཅུ་རྩ་བཞིར་མདོ་ལས་གསུངས། །ལཙྪ་ཝརྟུ་ལ་དང་དྷ་རི་དང་། །ན་ག་ར་དང་ཁ་ཆེའི་ཡི་གེ་སོགས། །རྒྱ་གར་ཉིད་ཀྱི་ཡིག་རིགས་དུ་མ་དང་། །བོད་དང་རྒྱ་ནག་བྲུ་ཞའི་ཡི་གེ་སོགས། །ཐུགས་ཀྱི་རྟེན་ནི་མཆོད་རྟེན་ཞེས་བྱ་བ། །རྫོགས་སངས་རྒྱས་ལ་རྣམ་ཀུན་ཡོངས་རྫོགས་ཏེ། །ཤཱཀ་ཐུབ་མཆོད་རྟེན་བརྒྱད་དུ་གྲགས་པ་འོ། །རང་སངས་རྒྱས་ལ་ཆར་ཁེབས་མེད་པ་དང་། །ཉན་ཐོས་འབྲས་བུ་བཞི་ལ་འབྲས་བུའི་གྲངས། །སོ་སོའི་གདུགས་ཀྱི་རིམ་པ་བྱ་བ་དང་། །སོ་སྐྱེ་ལ་ནི་བྱི་བོ་ཞེས་བྱ་བ། །གདུགས་མེད་བུམ་པའི་སྟེང་དུ་བྲེ་ལྡན་ཏེ། །ཚད་ནི་དུས་འཁོར་དྲི་མེད་འགྲེལ་པ་གཉིས། །སོ་སོར་འབྱུང་དང་བློས་སློངས་ཕྱག་ཚད་སོགས། །ཁོ་བོས་གཞུང་ལུགས་གཞན་དང་ཁྱད་པར་དུ། །རྟེན་གསུམ་བཞེང་ཚུལ་དཔལ་འབྱོར་རྒྱ་མཚོར་བཤད། །ལུས་བཟོ་ཕལ་པ་ཁང་ཁྱིམ་གྲུ་གཟིངས་དང་། །ཤིང་རྟ་ལ་སོགས་འཁྲུལ་འཁོར་སྣ་ཚོགས་ཀྱང་། །དུས་འཁོར་རྣམ་བཤད་ཀུན་ཏུ་རྒྱས་པར་བཤད། །ངག་བཟོ་རྒྱལ་བ་མཆོད་པའི་བསྟོད་དབྱངས་དང་། །གདུག་པ་འདུལ་བའི་གད་རྒྱངས་ང་རོ་དྲག །སྣ་ཚོགས་རོལ་མོའི་ཆ་བྱད་མཐའ་ཡས་སོ། །ཡིད་བཟོ་ཐོས་དང་བསམ་དང་སྒོམ་པའོ། །ཐོས་བསམ་བྱ་བའི་ཡུལ་ནི་མཐའ་ཡས་ཏེ། །བརྟག་པ་བརྒྱད་དང་རིག་གནས་བཅོ་བརྒྱད་དང་། །སྐར་རྩིས་དབྱངས་འཆར་ནག་རྩིས་གསོ་དཔྱད་སོགས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་བཞི་སྟེ། །དེ་དག་བསྟན་དོན་ཞི་གནས་ལྷག་མཐོང་སོགས། །ཡིད་བཟོའི་མཆོག་གྱུར་ཐར་ལམ་ཁྱད་པར་དུ། །དེ་ཕྱིར་གནས་འདིར་རིག་གནས་མཐའ་དག་འདུས། །དེ་དག་ཕལ་ཆེར་བཤད་ཟིན་ཆད་པར་འགྱུར། །བརྟག་པ་བརྒྱད་ནི་རིན་ཆེན་ས་གཞི་གོས། །ལྗོན་ཤིང་རྟ་གླང་ཕོ་མོ་བརྟག་པ་འོ། །ཕྱི་མ་གཉིས་ནི་རྒྱུད་སྡེ་ཀུན་ན་གསལ། །ས་གཞི་བརྟག་ཐབས་དཔལ་འབྱོར་རྒྱ་མཚོར་བཤད། །གཞན་རྣམས་འཁྲུལ་མེད་བོད་དུ་མ་བྱོན་ཞིང་། །རྟ་དབྱངས་ལ་སོགས་བོད་ཀྱིས་སྦྱར་རྣམས་ལ། །རང་བཟོའི་སྐྱོན་མཐོང་ཕྱིར་ན་འདིར་མ་བཤད། །རྩིས་ཀྱི་རྣམ་གཞག་ཟུར་དུ་བཤད་ལས་ཤེས། །རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། བཟོ་རིག་བཤད་པ་སྟེ་ལེའུ་གཉིས་པའོ།། །།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།