རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས།
རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-17
ཀློག་གྲངས།:
གསོ་བ་རིག་པ་བཤད་པ།
འགྲོ་ཀུན་ལུས་ནད་སྣ་ཚོགས་ཀྱིས་གཟིར་ཕྱིར། །གསོ་དཔྱད་དོན་དུ་མི་གཉེར་སྲིད་མཐའ་ཙམ། །དེ་ཕྱིར་རིག་གནས་གཉིས་པ་འདི་ཉིད་ནི། །དོན་གཉེར་རྗེས་སུ་འཛིན་པའི་མཆོག་ཏུ་གྲུབ། །ཐུབ་པའི་དབང་པོས་རྒྱ་གར་ལྷོ་ཕྱོགས་སུ། །ཚངས་པས་ཞུས་ངོར་ཚེ་ཡི་རིག་བྱེད་ཀྱི། །སྨན་རྒྱུད་འབུམ་ཕྲག་གསུངས་པར་མཁས་ལ་གྲགས། །གཞན་ཡང་རྒྱུད་སྡེ་སྤྱི་དང་དུས་འཁོར་ལོ། །སྨན་གཞིའི་ལུང་དང་གསེར་འོད་སོགས་སུའང་གསུངས། །སྒྲ་གཅན་འཁོར་ལོས་ཚངས་པའི་དཔྲལ་བར་སྣད། །དེ་ཡི་རྐྱེན་གྱིས་ཚེ་ཡི་རིག་བྱེད་དྲན། །སྐྱེ་རྒུའི་བདག་ལ་བཤད་ཅིང་དེ་ཡིས་ཀྱང་། །ཐ་སྐར་བུ་གཉིས་བརྒྱ་བྱིན་ལ་སོགས་པ། །ལྷ་ཡི་དྲང་སྲོང་རྣམས་ལ་བརྒྱུད་ནས་ནི། །སྟོན་པ་བཞུགས་དུས་རྒྱལ་པོ་པདྨ་ཡི། །སྙིང་པོ་ཞེས་བྱའི་ཡུལ་ལྗོངས་རྡོ་འཇོག་ཏུ། །མི་ཡི་དྲང་སྲོང་རྒྱུན་ཤེས་བུ་ལས་ནི། །གཟུགས་ཅན་སྙིང་པོའི་ཟུར་བུ་ཐ་ཆུང་པོ། །འཚོ་བྱེད་གཞོན་ནུས་བསོས་ཞེས་ཆེར་གྲགས་པ། །སྨན་པའི་རྒྱལ་པོར་ལན་མང་དབང་བསྐུར་ཅིང་། །ཐུབ་པ་སྙུན་གསོའི་སྨན་པའི་རྒྱལ་པོ་བྱུང་། །དེ་ལས་བརྒྱུད་པ་གསལ་བར་མ་མཐོང་ཡང་། །ལམ་འདིའི་ཤིང་རྟའི་སྲོལ་འབྱེད་ཤེས་རབ་ཅན། །ཕ་མའི་བྲན་མཛད་ཕ་ཁོལ་མ་ཁོལ་དང་། །དེ་གཉིས་ངག་བཅག་ལྷ་ཆེན་བསྒྲུབས་པ་ཡིས། །ཕ་གོལ་མ་གོལ་ཞེས་ཀྱང་མཚན་དུ་གྲགས། །ཕྱི་རོལ་རིག་བྱེད་མཁས་པའི་མཐར་སོན་པས། །མངལ་སྐྱེས་སུས་ཀྱང་མ་ཐུབ་རིག་སྨྲའི་མཆོག །རྫུས་སྐྱེས་འཕགས་པ་ལྷས་བཏུལ་སྟོན་པ་དང་། །བསྟན་ལ་དད་པའི་མཆོག་གྱུར་སྙན་ངག་པ། །ཕྱི་མོའི་དབུ་མ་པར་ངེས་དཔའ་བོ་ཡིས། །ཕྱི་ནང་གཞུང་ལུགས་ཟླ་མེད་དུ་མ་བརྩམས། །ཁྱད་པར་ཡན་ལག་བརྒྱད་པ་ཆེན་པོ་སོགས། །སྨན་དཔྱད་མཁས་པ་དགའ་བྱེད་བཞི་ཙམ་མཛད། །དེ་ཡི་ནང་ནས་ཡན་ལག་བརྒྱད་པ་ཡི། །སྙིང་པོ་བསྡུས་པ་ཞེས་བྱ་འདི་མཛད་ནས། །ཁ་ཆེ་ཟླ་དགའ་ལ་བཤད་དེ་ཡིས་ཀྱང་། །ཟླ་ཟེར་ཞེས་བྱའི་རྒྱ་ཆེ་འགྲེལ་པ་མཛད། །དེ་ནས་ལེགས་བརྒྱུད་ལོ་ཆེན་སྐྱེས་བུ་མཆོག །རིན་ཆེན་བཟང་པོས་བསྒྱུར་བཤད་གཏན་ལ་ཕབ། །མཁས་པ་དུ་མར་སྤེལ་ནས་བོད་ཡུལ་དུ། །རྒྱ་ཆེར་འཕེལ་ལས་བོད་ཀྱི་ཤིང་རྟ་ཆེ། །གཡུ་ཐོག་སོགས་ཀྱིས་རྒྱུད་བཞིའི་གྲགས་པ་སྤེལ། །གཞན་ཡང་རྒྱ་ནག་ལ་སོགས་ཡུལ་གཞན་ནས། །འཐོན་པའི་སྨན་དཔྱད་དུ་མའང་ཡོད་མོད་ཀྱི། །གཞུང་གི་མཐར་ཐུག་ཡན་ལག་བརྒྱད་པ་འོ། །འདི་ཡི་གཞུང་ཚད་དགུ་སྟོང་བཞི་བརྒྱ་ལྷག །བརྗོད་བྱ་ཡན་ལག་བརྒྱད་ཡིན་རྗོད་ཚུལ་ནི། །གནས་དྲུག་ལེ་འུ་བརྒྱ་དང་ཉི་ཤུ་འོ། །བརྒྱད་ནི་ལུས་སྤྱི་གསོ་དང་བྱིས་པ་གསོ། །གདོན་གསོ་ལུས་ཀྱི་སྟོད་གསོ་མཚོན་རྨས་གསོ། །དུག་གསོ་རྒས་པ་གསོ་དང་རོ་རྩ་གསོ། །ཀུན་ལ་གསོ་བའི་ཡན་ལག་ཅེས་སྦྱར་བརྒྱད། །གནས་དྲུག་མདོ་གནས་ལུས་གནས་ནད་གཞིའི་གནས། །གསོ་གནས་ཆོ་ག་གྲུབ་གནས་ཕྱི་མའི་གནས། །དྲུག་པོ་རིམ་བཞིན་ལེ་འུ་སུམ་ཅུ་དང་། །དྲུག་དང་བཅུ་དྲུག་ཉེར་གཉིས་དྲུག་དང་ནི། །བཞི་བཅུའོ་མདོ་གནས་དང་པོར་གསོ་བའི་དཔྱད། །སྤྱིར་བསྟན་ཕྱིར་ན་རྩ་བའི་རྒྱུད་ཅེས་བྱ། །ལྔ་པ་ཡན་གྱིས་དེ་ཉིད་འཆད་པའི་ཕྱིར། །བཤད་པའི་རྒྱུད་ཡིན་ཡན་ལག་དང་པོ་སྟོན། །ཐ་མས་ཡན་ལག་ཕྱི་མ་བདུན་འཆད་ཕྱིར། །ཕྱི་མའི་རྒྱུད་དེ་རྒྱུད་གསུམ་ཉིད་དུའང་གནས། །འདི་དག་ལ་བརྟེན་བོད་ཀྱི་རྒྱུད་བཞི་ལའང་། །རྩ་རྒྱུད་བཤད་རྒྱུད་མན་ངག་རྒྱུད་དང་ནི། །ཕྱི་མའི་རྒྱུད་ཅེས་བྱ་བར་གྲགས་པ་ཡིན། །གསོ་བྱའི་ནད་རིགས་བཞི་བརྒྱ་རྩ་བཞི་ཞེས། །གཞན་དུ་གྲགས་པ་རླུང་མཁྲིས་བད་ཀན་དང་། །འདུས་པ་བཞི་ལ་བརྒྱ་རྩ་རེ་རེར་ནི། །ཕྱེ་བར་གསལ་ཞིང་བསྡུ་ན་བཞི་པོར་འདུས། །གཞུང་འདིར་གསོ་བྱའི་སྒོ་ནས་བརྒྱད་ཉིད་དང་། །ནད་གཞིའི་སྒོ་ནས་བཅུ་དྲུག་ཉིད་དུའང་གསལ། །གཞན་དུ་བཀྲེས་འདུའི་ནད་ཅེས་གཉིས་སུའང་བསྡུས། །དེར་ནི་སྨན་ཡང་རྣམ་པ་བཞིར་བསྡུས་ཏེ། །དུས་རུང་ཐུན་ཚོད་རུང་དང་ཞག་བདུན་པ། །འཚོ་བའི་བར་དུ་བཅད་པ་ཞེས་བྱ་འོ། །རྒྱུད་དུ་རྩ་རླུང་ཐིག་ལེའི་ནད་གསུམ་སྟེ། །རྩ་ཆད་རླུང་ལོག་དྭངས་མ་ཉམས་པ་འོ། །དེར་ནི་གསོ་ཐབས་གཙོ་བོར་རྣལ་འབྱོར་ཏེ། །ཕལ་པ་འབྱོར་ལྡན་ཕྱི་རོལ་སྨན་གྱིས་དང་། །ཀུན་སྤངས་ལུས་གནས་སྨན་གྱིས་གསོ་བར་གསུངས། །འདིར་ནི་སྨན་དང་ནད་པ་ནད་གཡོག་དང་། །སྨན་པ་རྣམས་ལ་ཡོན་ཏན་བཞི་བཞིར་བསྟན། །ཐ་མ་གཉིས་པོ་གསོ་བ་པོར་མཚུངས་པས། །གསོ་བའི་བརྗོད་བྱ་གསུམ་དུ་བསྡུས་པ་ཡིན། །གསོ་དཔྱད་བྱུང་ཚུལ་རྣམ་ཐར་རྒྱས་པ་དང་། །སྤྱི་ཡི་རྣམ་གཞག་ལག་ལེན་གཅེས་བསྡུས་རྣམས། །གཞན་དུ་བཤད་ཕྱིར་འདིར་ནི་དེ་ཙམ་མོ། །རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། གསོ་བ་རིག་པ་བཤད་པ་སྟེ་ལེའུ་གསུམ་པའོ།། །།

སྒྲ་རིག་པ་བཤད་པ།
གསུམ་པས་ཚིག་ལ་འཁྲུལ་པ་སེལ་བའི་ཕྱིར། །དེ་ལ་ལོག་པར་སྨྲ་བ་ཚར་གཅོད་བྱེད། །སྒྲ་རིག་དེ་བཞིན་གཤེགས་པས་གསུངས་པ་ནི། །ངེས་ཚིག་སོ་སོ་ཡང་དག་རིག་པ་ཡི། །ཡི་གེ་དབྲི་དང་བསྣན་དང་བསྒྱུར་བ་དང་། །ཚིག་གི་རྣམ་དབྱེ་སོགས་ཀྱི་རྣམ་འགྱུར་རོ། །ཁྱད་པར་རྔ་བོ་ཆེ་ཡི་མདོ་ལས་ནི། །བྱིངས་དང་མིང་དང་ཀུན་བཤད་ཉེ་སྒྱུར་དང་། །ཀྲྀཏ་དང་དེ་ཕན་གྱིས་བསྡུས་གྲུབ་པ་རྣམས། །རྒྱལ་བའི་གསུང་རབ་ལས་འབྱུང་གསལ་བར་གསུངས། །འཇམ་པའི་དབྱངས་དང་འཇིག་རྟེན་དབང་ཕྱུག་གིས། །དུས་ཀྱི་འཁོར་ལོའི་དབྱངས་གསལ་ལ་བརྟེན་པའི། །ཡི་གེའི་བསྡུ་བ་མཛད་པའི་སྒྲ་ཡི་མདོ། །ཡོད་པར་དབྱངས་འཆར་མདོར་བསྡུས་ཐོག་མར་གསལ། །ཚངས་པ་རྟག་པར་ཞི་བས་བྱས་པའང་ཡོད། །བརྒྱ་བྱིན་གྱིས་བྱས་ཨིནྡྲ་བྱཱ་ཀ་ར། །དེ་ལ་དྲང་སྲོང་ཕུར་བུས་ལེགས་སྦྱངས་པས། །ཤིན་ཏུ་མཁས་པའི་ང་རྒྱལ་མཆོག་ཏུ་གྱུར། །ང་རྒྱལ་བརྒྱ་བྱིན་གྱིས་བཅོམ་ཞུམ་ནས་ནི། །ལྷ་ཕྲན་བློ་གསལ་མང་ལ་འཆད་འཕྲོ་བཞག །ད་དུང་རང་ཉིད་སྒྲ་ལ་སྦྱོང་བར་ཞུས། །ཉན་འཆད་གཉིས་ཀ་གྱིས་ཞེས་བཀས་བསྐུལ་བས། །དུས་བཟང་བརྒྱད་ལ་གཞན་ལ་མི་སྟོན་པར། །རང་ཉིད་སློབ་པའི་སྦྱོར་ལ་བརྩོན་པས་ན། །ཉན་པོ་གཞན་གྱིས་དུས་བཟང་བསྲུང་དགོས་ཤར། །དེ་བཞིན་བྲམ་ཟེ་པཱ་ཎི་ནི་ཡིས་ཀྱང་། །རང་མིང་ལྡན་པའི་བསྟན་བཅོས་ཆེན་པོ་སྦྱར། །དེ་ལ་ཙནྡྲ་གོ་མིས་བསྡུས་པ་ཡི། །གཞུང་ལ་ཙནྡྲ་པར་གྲགས་ཆོས་འབངས་ཀྱིས། །བྱས་པའི་འགྲེལ་པ་དང་བཅས་བོད་དུ་འགྱུར། །དབང་ཕྱུག་གོ་ཆས་གཞོན་ནུ་གདོང་དྲུག་བསྒྲུབས། །གྲུབ་ནས་ཚར་གཅིག་བསྟན་པས་ཚིག་དོན་རྟོགས། །ཆ་བསགས་ཀ་ལཱ་པ་ཡི་མདོ་ཞེས་བྱ། །རང་སྡེའི་མཁས་པ་བགྲོད་དཀའ་སེང་གེ་ཡིས། །སྦྱར་བའི་འགྲེལ་པ་དུར་སིང་ཞེས་བྱ་དང་། །གཞན་སྡེ་ཇོ་བོ་དྲག་འབྱོར་གྱིས་སྦྱར་བའི། །སློབ་ཕན་ཞེས་བྱའི་འགྲེལ་པའང་བོད་དུ་བྱོན། །སྔ་མའི་བྱིངས་མདོ་ཡི་གེའི་མདོ་འགྲེལ་བཅས། །ཕྱི་མའི་བྱིངས་མདོ་ཨུ་ཎ་འགྲེལ་པར་བཅས། །བྱིངས་དང་ཀུན་བཤད་དཔུང་གཉེན་སི་སོགས་ཀྱི། །བྱ་བ་རྒྱས་པ་ལ་སོགས་མང་པོ་དང་། །སྔ་མའི་སུབ་མཐའ་རིན་ཆེན་འབྱུང་གནས་སོགས། །སྒྲ་ཡི་ཡན་ལག་སྡེབ་སྦྱོར་རིན་ཆེན་འབྱུང་། །སྙན་ངག་མེ་ལོང་མངོན་བརྗོད་འཆི་མེད་མཛོད། །ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ། །ཤོང་དཔང་ཡབ་སྲས་རྣམས་ཀྱིས་བསྒྱུར་ཅིང་བཤད། །སྒྲ་དང་སྙན་ངག་སྡེབ་སྦྱོར་མངོན་བརྗོད་དང་། །ཟློས་གར་རྣམས་ལ་རིག་གནས་ཆུང་ངུ་འམ། །ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད། །སྒྲ་རིག་བརྗོད་བྱ་སྤྲོས་ཏེ་བཤད་ན་ནི། །སྒྲ་ཡི་ཡན་ལག་ཐུན་མོང་གསུམ་དང་ནི། །ཐུན་མོང་མིན་པ་གསུམ་ཞེས་བྱ་བ་ལས། །དང་པོ་མིང་དང་ཚིག་དང་ཡི་གེ་འོ། །མངོན་པར་ཡི་གེ་དུ་མ་འདུས་པ་ལས། །དོན་གྱི་ངོ་བོ་ཙམ་སྟོན་མིང་ཡིན་ཏེ། །དེ་འདུས་ཁྱད་པར་སྟོན་པ་ཚིག་ཡིན་ལ། །ཡི་གེ་གཉིས་པོ་དེ་ཡི་བསྒྲུབ་གཞི་བྱེད། །དངོས་སྨྲའི་ལུགས་ལའང་རིག་པས་དཔྱད་བཟོད་ནི། །ཡི་གེའི་ཆ་ཤས་སྐད་ཅིག་རེ་རེ་སྟེ། །གཞན་རྣམས་རྒྱུན་ཡིན་ལྡན་མིན་འདུ་བྱེད་དོ། །འདི་ལ་མཁས་རློམ་ཁ་ཅིག་འདི་སྐད་དུ། །ཁ་ཡིག་གཅིག་ཉིད་རྒྱ་སྐད་ནམ་མཁའ་དང་། །བོད་སྐད་སྨྲ་བའི་བུ་གའི་མིང་ཡིན་ཕྱིར། །མིང་ལ་ཡི་གེ་འདུས་པས་མ་ཁྱབ་ལ། །ཁ་ཡིག་སྲོག་ཏུ་ཨ་ཡིག་མ་ཞུགས་ན། །བརྗོད་དུ་མི་རུང་ཚུལ་ལ་རྨོངས་པར་ཟད། །འདིར་ནི་ཡི་གེ་རེ་རེས་དོན་སྟོན་ཏེ། །ཨ་ཨི་ཨུ་རྣམས་ལྷ་རེའི་མིང་ཡིན་ཕྱིར། །འདིར་ཡང་མིང་ཚིག་འགལ་ཏེ་ཚིག་ཡིན་ན། །སི་སོགས་ཏི་སོགས་གང་རུང་མཐའ་ཅན་ཡིན། །མིང་ངམ་རྟགས་ནི་དེ་འཇུག་གཞི་ཡིན་ཕྱིར། །ཡི་གེའི་ངོ་བོ་སྐད་ཀྱི་གདངས་ཡིན་ཏེ། །ཐུང་མཐའ་སྐྱེས་བུ་དར་མའི་མིག་འཛུམ་ཚད། །གཅིག་ཡུན་དེ་ཡིན་རིང་པོ་གཉིས་ཡུན་དང་། །གསུམ་ཡུན་ལ་སོགས་ཤིན་ཏུ་རིང་པོ་འོ། །གཟུགས་ནི་ལཙྪ་དྷ་རི་ལ་སོགས་ཏེ། །བྱེད་ལས་མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ངེས་ཚིག་ཨཀྵ་ར་དང་བྱཱ་ཉྫ་དང་། །ཝརྞ་ཞེས་པ་གཞན་དུ་མི་འགྱུར་དང་། །མིང་ཚིག་གསལ་དང་དོན་རྣམས་རྗོད་བྱེད་དོ། །དབྱེ་བསྡུ་སྒྲ་པས་དབྱངས་ཡིག་བཅུ་བཞི་དང་། །གསལ་བྱེད་སོ་གསུམ་དབྱངས་གསལ་མིན་པ་བཞིར། །དབྱེ་ཞིང་བསྡུ་ན་དབྱངས་གསལ་གཉིས་མིན་གསུམ། །རིང་ཐུང་ཤིན་ཏུ་རིང་པོ་ཞེས་པ་གསུམ། །དབྱངས་ལ་འབྱེད་ཅིང་ལྀ་ཡིག་རིང་པོ་མེད། །འཚམས་སྦྱོར་ཡི་གེ་ཐུང་ངུ་མེད་པས་ན། །དེ་ལྔ་ལས་གཞན་དབྱངས་ལ་གསུམ་གསུམ་དབྱེ། །རེ་རེའང་མཐོ་དམའ་བར་པ་གསུམ་གསུམ་དང་། །རེ་རེའང་སྣ་ལྡན་སྣ་མེད་གཉིས་གཉིས་དབྱེ། །དུས་ཀྱི་འཁོར་ལོར་རང་བྱུང་ཡི་གེ་ལྔ། །ཨ་ཨི་རྀ་ཨུ་ལྀ་ཞེས་བྱ་བ་ཡིན། །དེ་ཡི་རིང་པོ་ཡོན་ཏན་འཕེལ་བ་རྣམས། །ལྔ་ལྔ་ཡ་ཎར་བསྒྱུར་བ་ཧ་སོགས་ལྔ། །རིང་ཐུང་ཕྱེ་བས་དབྱངས་ཡིག་སུམ་ཅུ་སྟེ། །ཨ་ཡིག་ཐིག་ལེ་ཅན་དང་ཚིག་དྲག་ཅན། །གཉིས་བསྣན་དབྱངས་ཡིག་སོ་གཉིས་ཞེས་ཀྱང་བཤད། །གསལ་བྱེད་སྡེ་པ་ལྔ་དང་བ་སྡེ་སྟེ། །སུམ་ཅུར་བྱས་པ་མང་ཞིང་ཧ་སྡེ་དང་། །ཌྷ་སྡེ་ཞེས་པའང་བསྣན་པས་བཞི་བཅུར་གསུངས། །སྔགས་གཞན་དབྱངས་གསལ་བཅུ་དྲུག་སོ་བཞི་སྟེ། །དབྱངས་ལ་རིང་ཐུང་སྦྱར་བས་བཅུ་དྲུག་དང་། །གསལ་བྱེད་ལ་སོགས་དྲུག་བསྣན་བཞི་བཅུ་པོ། །ཕྲག་གཉིས་དཔེ་བྱད་བརྒྱད་ཅུར་བྱས་པའང་གསུངས། །རྒྱུ་ནི་རྗོད་འདོད་རླུང་དང་གནས་རྣམས་དང་། །བྱེད་པ་ལྕེ་རྐན་ལས་སྐྱེས་ཕལ་ཆེར་ཏེ། །རྔ་སྒྲའི་གདངས་སོགས་གཞན་ལས་སྐྱེས་པའང་ཡོད། །ཡི་གེའི་གཙོ་བོ་འབྲུ་གསུམ་རླུང་གདངས་ནི། །བྱེད་པ་ལྕེ་རྐན་གནས་ལ་མི་བལྟོས་སོ། །ཀློག་ཚུལ་དབྱངས་གསལ་སོ་སོ་དག་ལས་བསླབ། །མིང་ལ་ཐོག་མའི་མིང་དང་རྗེས་གྲུབ་མིང་། །འདི་གཉིས་རིམ་བཞིན་དངོས་མིང་བཏགས་མིང་ཡིན། །མཚན་ཉིད་རྒྱུ་མཚན་མེད་པའི་འདོད་རྒྱལ་དང་། །འདྲ་འབྲེལ་རྒྱུར་བྱས་ཕྱི་ནས་སྦྱར་བ་ཞེས། །ཟེར་བ་རྣམས་ལ་སངས་རྒྱས་ཞེས་པའི་སྒྲ། །དངོས་མིང་མིན་པར་ཐལ་བའི་གནོད་པ་ཡོད། །དེས་ན་རྒྱུ་མཚན་མེད་དམ་ཡོད་ཀྱང་རུང་། །དང་པོར་སྦྱར་བས་དེ་ལ་འཁྲུལ་མེད་དང་། །འདྲ་འབྲེལ་རྒྱུར་བྱས་གཞན་ལའང་འཇུག་རུང་ཡིན། །ཚིག་གི་ཁྱད་པར་སྙན་ངག་སྡེབ་སྦྱོར་ཏེ། །དང་པོ་བཅད་ལྷུག་སྤེལ་མ་གསུམ་དུ་བཤད། །ཚིགས་བཅད་རྐང་བཞི་པ་སྟེ་དེ་ལ་ཡང་། །ཡི་གེ་བགྲང་ཞིང་མཉམ་པ་བྲྀཏྟ་དང་། །ཕྱི་མོ་བགྲང་ཞིང་མི་མཉམ་ཛཱ་ཏི་འོ། །དེ་གཉིས་སྡེབ་སྦྱོར་མིང་ཡིན་དང་པོ་ལ། །ཡི་གེ་ཉེར་དྲུག་མན་ཆད་ཚིགས་བཅད་དང་། །རྐང་པས་བཅད་པའི་ཡི་གེ་བགྲང་མོད་ཀྱང་། །ཉེར་བདུན་ཡན་ལ་རྒྱུན་ཆགས་ཞེས་བྱར་བཤད། །བྲྀཏྟ་མཉམ་དང་ཕྱེད་མཉམ་མི་མཉམ་གསུམ། །ཛཱ་ཏི་འཕགས་པ་རོ་ལངས་ཕྱི་མོ་མཉམ། །སྙན་ངག་ཚིགས་བཅད་ལ་ཡང་གྲོལ་མཛོད་འདུས། །རིམ་བཞིན་རྐང་པ་གཅིག་དང་ཚིགས་བཅད་གཅིག །ཚིགས་བཅད་དུ་མས་དོན་གཅིག་སྟོན་པ་འོ། །ལེ་འུས་བཅིངས་པ་སྙན་ངག་ཆེན་པོ་དང་། །མ་བཅིངས་སྙན་ངག་ཆུང་ངུའི་ཚིགས་བཅད་ཡིན། །རྐང་པ་མེད་པའི་ཚིག་རྒྱུན་ལྷུག་པ་སྟེ། །བརྗོད་དང་གཏམ་ཞེས་བྱ་བ་གཉིས་སུ་དབྱེ། །སྤེལ་མའམ་གཅམ་བུ་ཟློས་གར་བསྟན་བཅོས་ཡིན། །དེ་གསུམ་ལེགས་སྦྱར་ལ་སོགས་སྐད་བཞིར་དབྱེ། །རྒྱ་གར་ལྷོ་དང་ཤར་པའི་སྙན་ངག་ལ། །བེ་དརྦྷ་བ་དང་གཽ་ཌ་བ་ཞེས་བྱ། །སྦྱར་བར་བ་དང་མཉམ་ཉིད་ལ་སོགས་བཅུ། །དང་པོའི་རྒྱན་ཡིན་བཟློག་པ་གཉིས་པའི་རྒྱན། །ཐུན་མོང་དོན་རྒྱན་སུམ་ཅུ་རྩ་ལྔ་དང་། །སྒྲ་རྒྱན་ཟུང་ལྡན་བྱ་དཀའ་བྱ་སླ་དང་། །གབ་ཚིག་བཞི་སྟེ་དང་པོ་བར་མ་ཆོད། །བར་ཆོད་ཟུང་ལྡན་ཆེ་དང་ལུགས་ལྡོག་དང་། །བྱ་དཀའ་བ་གླང་གཅིན་དང་ཕྱེད་འཁོར་དང་། །ཀུན་འཁོར་ཀུན་ཏུ་བཟང་པོ་ཞེས་བྱར་གྲགས། །བྱ་སླ་དབྱངས་གནས་ཡི་གེ་མ་ངེས་གསུམ། །གབ་ཚིག་ཀུན་ཚོགས་བསླུ་མེད་སོགས་བཅུ་དྲུག །མངོན་བརྗོད་དུ་མའི་དོན་ལ་མིང་གཅིག་ཉིད། །འཇུག་པ་དག་ཕྱགས་ས་དང་འོད་ཟེར་དང་། །ཕྱུགས་སོགས་བཅུ་ལ་གོ་སྒྲ་ཉིད་འཇུག་དང་། །དོན་གཅིག་ཉིད་ལ་དུ་མའི་མིང་འཇུག་པ། །ཉི་མ་ཉིད་ལ་རྟ་ལྗང་ཚ་ཟེར་ཅན། །ནམ་མཁའི་ནོར་བུ་པདྨའི་གཉེན་སོགས་སོ། །ཐུན་མོང་མིན་པ་རང་བཞིན་རྐྱེན་རྣམ་འགྱུར། །རང་བཞིན་བྱིངས་དང་མིང་ཡིན་བྱིངས་ལ་ཡང་། །བྱིངས་མདོ་ལེ་འུ་དགུ་ནས་བཤད་རྣམས་ལ། །གླེགས་བམ་ནས་བྱུང་ཞེས་ཟེར་འགྲེལ་པ་ཡི། །ཟུར་ནས་རྙེད་རྣམས་མདོ་ཡི་བྱིངས་སུ་གྲགས། །བྱིངས་མཐར་སན་སོགས་དྲུག་པོ་བྱིན་ནས་ཀྱང་། །བྱིངས་སུ་གནས་རྣམས་རྐྱེན་གྱིས་བཅོས་པའི་བྱིངས། །མིང་ནི་ལུགས་འདིར་རྟགས་སུ་གྲགས་པ་སྟེ། །བྱིངས་ལ་རྐྱེན་བྱིན་རྣམ་དབྱེ་མ་བྱིན་པའི། །བར་སྐབས་སྒྲ་ཡི་ཡན་ལག་མིང་ངམ་རྟགས། །དབྱེ་ན་ཕོ་མོ་མ་ནིང་སོ་སོ་བ། །གསུམ་དང་ཐུན་མོང་བ་སྟེ་མིང་བཞི་ཟེར། །རྐྱེན་ལ་མཚན་ཉིད་རང་བཞིན་རྣམ་འགྱུར་དུ། །སྒྲུབ་པར་བྱེད་པའི་སྒྲ་ཡི་ཡན་ལག་ཟེར། །དབྱེ་ན་བདུན་ཏེ་བྱིངས་ལ་ཀྲྀཏ་ཀྱི་རྐྱེན། །སྦྱར་བས་བྱིངས་ནི་རྟགས་སུ་སྒྲུབ་པའི་རྐྱེན། །བྱིངས་ལ་ཏི་སོགས་སྦྱར་བ་ཚིག་ཏུ་སྒྲུབ། །བྱིངས་ལ་སན་སྦྱར་བྱིངས་ཉིད་བྱིངས་སུ་སྒྲུབ། །རྟགས་ལ་མོ་རྟགས་སྦྱར་བ་རྟགས་ཉིད་རྟགས། །རྟགས་ལ་དེ་ཕན་རྐྱེན་སྦྱར་མིང་ཉིད་མིང་། །རྟགས་ལ་ཡིན་སོགས་སྦྱར་བ་རྟགས་ཉིད་བྱིངས། །རྟགས་ལ་སི་སོགས་སྦྱར་བ་རྟགས་ཚིག་ཏུ། །སྒྲུབ་པར་བྱེད་པས་རྐྱེན་གྱི་སྡེ་ཚན་བདུན། །རྣམ་འགྱུར་རང་བཞིན་རྐྱེན་དང་འབྲེལ་བ་འམ། །ཡི་གེ་ཙམ་དང་འབྲེལ་བའི་བསྒྱུར་དབྱི་སྟེ། །ཡན་ལག་སོ་སོ་བའི་དང་ཕྲིད་པ་ལས། །གྱུར་པའི་རྣམ་པར་འགྱུར་བ་གཉིས་སུ་བསྡུ། །དང་པོ་སྦྱར་བ་མིང་དང་ཨཱ་ག་མ། །སྦྱར་མིན་རྗེས་འབྲེལ་ཞེས་གྲགས་མི་གནས་ཏེ། །རྗེས་འབྲེལ་ཙམ་དང་བརྗོད་དོན་ངོ་བོའི་དོན། །དང་པོ་བྱིངས་རྐྱེན་རྟགས་དང་ཨཱ་ག་མ། །མི་ཟད་པ་དང་ཚིག་གི་རྗེས་འབྲེལ་ལོ། །ཨཱ་ག་མ་ནི་གློ་བུར་བ་ཞེས་བྱ། །དེས་ན་དུས་གནས་གར་ཡོད་མི་ཤེས་པར། །ཐོལ་བྱུང་དཀྱུས་མིན་དགོས་ལྡན་རྟགས་ཀྱི་དོན། །ཕྲད་གྱུར་སྤྱི་དང་བྱིངས་རྐྱེན་ཕྲད་པ་དང་། །ཚིག་གཉིས་ཕན་ཚུན་ཕྲད་ལས་གྱུར་པ་ཡི། །རྣམ་པར་འགྱུར་བའི་དབྱེ་བ་མཐའ་ཡས་ཕྱིར། །ལེགས་སྦྱར་གཞུང་དང་ཁོ་བོས་སྦྱར་བ་ཡི། །སྤྱི་དོན་ཉིད་དུ་གསལ་ཕྱིར་བླང་བར་མཛོད། །རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས། སྒྲ་རིག་པ་བཤད་པ་སྟེ་ལེའུ་བཞི་པའོ།། །།
འབྲེལ་ཡོད་འོས་སྦྱོར།