ཁྱད་པར་དུ་འཕགས་པའི་བསྟོད་པ།
རྩོམ་པ་པོ།:མཐོ་བཙུན་གྲུབ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-10
ཀློག་གྲངས།:
རྒྱ་གར་སྐད་དུ། བིཤེཥསྟབཿ། བོད་སྐད་དུ། ཁྱད་པར་དུ་འཕགས་པའི་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། བིཤེཥསྟབཌཱིཀཱ། བོད་སྐད་དུ། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཁྱད་པར་ཕུལ་དུ་བྱུང་ལྡན་ཞིང༌། །ལྷ་རྣམས་ཀྱིས་མཆོད་སངས་རྒྱས་ལ། །ཕྱག་འཚལ་ཁྱད་པར་འཕགས་བསྟོད་པ། །དོན་ལ་ཚུལ་བཞིན་བཤད་པར་བྱ། །མཐོ་བཙུན་གྲུབ་རྗེ་ཞེས་བྱ་བའི་བྲམ་ཟེ་རིག་བྱེད་བཞི་ལ་མཁས་པ། བྲམ་ཟེ་རྣམས་ཀྱིས་གཙོ་བོར་བཀུར་བ་ཞིག་ཡོད་པ་དང༌། དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་ལ་བརྩམས་ཏེ་བསྟོད་པ་འདི་བྱས་པར་གྱུར་པ་ཡིན་ནོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། ཡུལ་ཤར་ཕྱོགས་ན་ཁྱད་པར་ཅན་གྱི་བྲམ་ཟེ་ལས་དྲུག་ལ་མངོན་པར་དགའ་བའི་བྲམ་ཟེའི་རིགས་སུ་བྱུང་བ། སྔོན་ལེགས་པར་སྤྱད་པ་ཉེ་བར་བརྩམས་པ་ལས་མཐོ་བཙུན་གྲུབ་རྗེ་ཞེས་བྱ་བ་དང༌། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་སུ་སྐྱེས་པར་གྱུར་ཏོ། །དེ་དག་ཀྱང་བསྟན་བཅོས་མཐའ་དག་རྟོགས་པར་གྱུར་པ་དང༌། དེའི་ཚེ་དེ་གཉིས་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། དེས་ན་ཡུ་བུ་ཅག་གིས་ཅི་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ངེས་པར་བརྟག་པར་བྱའོ་སྙམ་པ་དང༌། དེ་གཉིས་ཀྱིས་ཐོས་པ། རི་བོ་ཏི་སེ་ན་དབང་ཕྱུག་ཆེན་པོ་ཨུ་མ་དང༌། ཁྱུ་མཆོག་དང་བཅས་པར་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱི། དེར་སོང་ལ་དབང་ཕྱུག་ཆེན་པོས་ཡུ་བུ་ཅག་ལ་ཇི་ལྟར་བསྟན་པ་དེ་ལྟར་བྱའོ་ཞེས་ངེས་པ་བསྐྱེད་ནས། དེར་མྱུར་བར་སོང་སྟེ་འབད་པ་ཆེན་པོ་དང་ལྷ་དག་གིས་གྲོགས་བྱས་ཏེ། རི་བོ་ཏི་སེའི་སར་མཉམ་པར་སོང་བ་དང༌། ལྷ་ཆེན་པོའི་ཁྱུ་མཆོག་སྤྲིན་དཀར་པོའི་དུམ་བུ་ལྟ་བུ་ཟས་ལ་ཡན་པ་མཐོང་ངོ༌། །དེ་མཐོང་བས་རབ་ཏུ་དགའ་བ་དང༌། དེའི་རྗེས་ཐོགས་ཉིད་ལ་ལྷ་མོ་ཨུ་མ་འབྲས་བུའི་ཤིང་གི་ཚང་ཚིང་གི་ནགས་ན་འབྲས་བུ་འཐུ་བ་མཐོང་ནས་གུས་པ་དང་བཅས་པས་ཕྱག་བྱས་ཏེ། དེ་དག་གིས་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་གནས་ན་ཡུ་བུ་ཅག་གི་རྗེ་བོ་གནས་སོ་ཞེས་གཏམ་ཐོས་པ་དང༌། དེ་དག་ཡིད་ལ་རབ་ཏུ་དགའ་བ་ཐོབ་པས་མེ་ཏོག་སིལ་མ་གཏོར་བས་ཉེ་བར་མཛེས་པའི་སའི་ཆར་སོང་བ་དང༌། ལྷ་ཆེན་པོ་འབྱོར་པ་ཆེན་པོ་དང་ལྡན་པའི་སྟན་ལ་འདུག་ཅིང༌། འཁོར་གྱི་ཚོགས་སྟོང་གིས་བསྐོར་བ་མཐོང་ངོ༌། །མཐོང་བའི་རྗེས་ཐོགས་ཉིད་ལ་ཚོགས་ཀྱི་བདག་པོས་ལག་པ་ནས་བཟུང་སྟེ། དེའི་ཐད་དུ་ཁྱེར་ནས་གུས་པ་དང༌བཅས་པས་ཕྱག་བྱས་པ་དང༌། དེ་དག་ལ་སྨྲས་པ། ཁྱེད་ཅག་ག་ལས་འོངས་ཞེས་དེ་དག་ལ་དྲིས་པ་དང༌། དེ་གཉིས་ཀྱིས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་སོ། །དེ་ནས་ཇི་ཙམ་ན་དགེ་སློང་རྣམས་ཟས་ཀྱི་དུས་ལ་བབ་པ་དང་ཉེ་བར་གྱུར་པ་ན། ནམ་མཁའ་ལས་སྤྲིན་ལྟ་བུ་འཛམ་བུ་ཆུ་བོའི་གསེར་གྱི་མདོག་ཅན་གྱི་གོས་གྱོན་པ་མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ། བྱ་གཤོག་པ་དམར་པོ་དང་བཅས་པ་ལྟ་བུར་བབས་པར་གྱུར་ཏོ། །དེ་ནས་ལྷ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་གུས་པ་དང་བཅས་པས་སྤོས་དང༌། བྱུག་པ་དང་མཆོད་པའི་ཡོ་བྱད་རྣམས་ཐོགས་ཏེ། དེ་དག་གི་ཐད་དུ་སོང་ནས་དེ་དག་རང་རང་གི་སྟན་ལ་འདུག་པ་ལ་རེ་རེ་ཞིང་གོས་རིན་ཆེ་བ་བསྐོན་ཏེ། བདེ་བར་འདུག་པ་དང༌། བཟའ་བ་དང༌། བཅའ་བ་དང༌། བསོད་པ་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱས་ནས། ཨུ་མས་ཀྱང་མེ་ཏོག་དང༌། འབྲས་བུས་མཆོད་དེ། དེ་དག་ལས་ཆོས་ཀྱི་གཏམ་མཉན་ནས། དེ་དག་སླར་སོང་བ་དང༌། དེ་གཉིས་ལ་སྨྲས་པ། ཁྱེད་ཅག་འདིར་བྱ་བ་གང་གི་ཕྱིར་འོངས་པ་ཁོ་བོས་ཤེས་ཀྱི། དེ་ཁྱེད་ལ་སྨྲ་བར་བྱའོ། །གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པར་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང༌། །ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚོ་ནི་མྱ་ངན་འདས་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་པས་མཆོད། །དེ་བས་ན་ཁྱེད་ཅག་གིས་སྟོན་པ་དེ་ཉིད་དང༌། དེའི་གསུང་རབ་མཆོད་པར་བྱའོ། །དེ་ནས་དེ་ལྟར་རྟོགས་པར་གྱུར་ནས་སླར་ཡང་རང་གི་ཡུལ་དུ་སོང་སྟེ་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཆོས་ཁ་ན་མ་ཐོ་བ་མེད་པ་ཡིན་པར་ཤེས་པས་རིག་བྱེད་ཀྱི་ཚིག་རྣམས་རྩྭ་ལྟར་བོར་ཏེ་རབ་ཏུ་བྱུང་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་དུ་འཕགས་པར་བསྟོད་པ་དང༌། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་གཉིས་བྱས་སོ། །ད་ནི་ཚིགས་སུ་བཅད་པ་དང་པོའི་ཡན་ལག་གི་དོན་བཤད་པར་འདོད་ནས་སྨྲས་པ་ནི། བདག་ནི་སྟོན་པ་གཞན་སྤངས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་གཞན་དག་ཁྱེད་ཅིའི་ཕྱིར་བསྟན་བཅོས་མ་ལུས་པའི་དེ་ཁོ་ན་ཉིད་རྟོགས་ནས་སེར་སྐྱ་དང༌། གཟེགས་ཟན་དང་རྐང་མིག་ལ་སོགས་པའི་སྟོན་པ་དང༌། དེས་བྱས་པའི་བསྟན་པ་རྣམས་ཀྱང་སྤངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་དང༌། དེའི་བསྟན་པ་ལ་འཇུག་པར་བྱེད་ཅེས་ཟེར་རོ། །སྙམ་དུ་དོགས་པའི་ཕྱིར།བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། ། ཞེས་བྱ་བའི་ཚིགས་སུ་བཅད་པ་སྨྲས་པ་ཡིན་ནོ། །དེ་ལ་བདག་ནི་ཞེས་བྱ་བ་ནི་བསྟོད་པར་བྱེད་པ་བདག་ཉིད་དོ། །སྟོན་པ་ཞེས་བྱ་བ་ནི་འཆོས་ཤིང་འདུལ་བར་བྱེད་པ་ཡིན་པས་ན་སྟོན་པ་སྟེ། འདི་ནི་སེར་སྐྱ་ལ་སོགས་པ་ཡིན་པར་འདོད་དོ། །དེ་སྤངས་པ་ནི་ཡོངས་སུ་སྤངས་ཤིང་དོར་བ་ཞེས་བྱ་བའི་དོན་ནོ། །བཅོམ་ལྡན་ཞེས་པ་ནི་བོད་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པ་གང་ཡིན་པ་དེ་ལ་ནི་བཅོམ་པ་ཞེས་བྱ་བའི་སྒྲར་བཤད་ལ། དེ་གང་ལ་མངའ་བ་དེ་ནི་བཅོམ་ལྡན་ནོ། །ཁྱེད་ཇི་ལྟ་བུ་ཞེ་ན། སྐྱབས་ཞེས་བྱ་བ་སྨྲས་པ་ཡིན་ཏེ། རྟེན་ཞེས་བྱ་བའི་དོན་ནོ། །དེ་ཡང་གང་ལ་བརྟེན་ནས་ཉེས་པར་སྤྱོད་པ་རྣམས་ཟད་པར་འགྱུར་བའོ། །མཆིས་པ་ཞེས་བྱ་བ་ནི་མཆིས་ཤིང་ཞུགས་པ་ཞེས་བྱ་བའི་དོན་ཏེ། ཡིད་མི་རྟོན་པ་ལ་སོགས་པ་ཉེས་པར་སྤྱོད་པ་མང་པོ་ཉེ་བར་བསགས་པ་རྣམས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟེན་པས་སྡིག་པ་རྣམས་དང་བྲལ་བར་གྱུར་ཅིང༌། མཐོ་རིས་སུ་སྐྱེས་པར་གྱུར་པ་འདིར་དཔེར་སྦྱར་བར་བྱའོ། །སྟོན་པ་གཞན་དག་སྤངས་པ་དང༌། སྟོན་པ་དེ་ལ་སྐྱབས་སུ་འགྲོ་བའི་རྒྱུ་ཅི་ཞིག་ཡིན་ཞེ་ན། དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། གང་གི་ཕྱིར་ཁྱོད་སྐྱོན་ནི་མི་མངའ་ལ་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །དེ་ཡང་འདི་ལྟར་གང་ལ་བག་ཆགས་ལ་སོགས་པའི་ཉེས་པ་མི་མངའ་བ་ནི་སྐྱོན་མི་མངའ་བའོ། །དེ་ཡང་ལུས་དང་ངག་དང་སེམས་སུན་འབྱིན་པར་བྱེད་པས་ན་སྐྱོན་ཏེ། ཉོན་མོངས་པ་རྣམས་ཞེས་བྱ་བའི་དོན་ནོ། །ཡོན་ཏན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །དེ་མཉམ་པ་མེད་པ་གང་ལ་མངའ་བ་ནི་ཡོན་ཏན་དང་ལྡན་པ་སྟེ། དེ་ནི་ཁྱོད་ཡིན་ནོ་ཞེས་བྱ་བའི་དོན་ནོ།།༡། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཉིད་སྐྱོན་མི་མངའ་ཞིང༌། ཤིན་ཏུ་ཕུལ་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ཡིན་ན། ཅིའི་ཕྱིར་གཞན་དག་བཅོམ་ལྡན་འདས་སྤངས་ནས་སེར་སྐྱ་ལ་སོགས་པ་གཞན་དག་ལ་བསྟེན་ཅེ་ན། དེའི་ཕྱིར།གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན་ལ་ཞེན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་འགྱུར། ། ཞེས་བྱ་བ་སྨྲས་པ་ཡིན་ཏེ། ཡང་ཞེས་བྱ་བ་ནི་རྣམ་པར་བརྟག་པའི་ཚིག་གི་ཕྲད་དོ། །འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་ཐ་མལ་པ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་དོན་ཡིན་ཏེ། འཕགས་པ་རྣམས་ནི་སྐྱོན་ལ་དགའ་བ་མ་ཡིན་ནོ། །དེ་ཡང་ཡུལ་རྣམས་ལ་ཆགས་པས་ན་འཇིག་རྟེན་ནོ་ཞེས་བྱ་བ་ནི་ངེས་པའི་ཚིག་གོ །སྐྱོན་ལ་དགའ་ཞེས་བྱ་བ་ནི། སྨད་པར་བྱ་བའི་དངོས་པོ་རྣམས་ལ་དགའ་ཞིང་ཕྱོགས་སུ་ལྷུང་བ་ཞེས་བྱ་བའི་དོན་ནོ། །ཡང་ན་འཇིག་རྟེན་འདི་ནི་སྐྱོན་ལ་དགའ་བ་མ་ཡིན་མོད་ཀྱི། འོན་ཀྱང་སྐྱོན་གང་ཡིན་པ་དེ་ཡོན་ཏན་ཉིད་དུ་རྟོག་པ་ལ་ཞུགས་པ་ཞེས་བྱ་བའི་དོན་ནོ། །དཔེར་ན། མཁྲིས་པའི་ནད་ཀྱིས་བཅོམ་པའི་མིག་གིས་ཟླ་བའི་འོད་ཟེར་རྣམས་ཀྱི་མཛེས་པ་དངོས་པོ་དཀར་བར་གྱུར་པ་ཡང་སེར་པོར་མཐོང་སྟེ། བདག་ཅག་གིས་ཁ་དོག་སེར་པོར་མཐོང་ཞིང་རྟོགས་སོ་སྙམ་དུ་སེམས་སོ། །དེ་བཞིན་དུ་མི་དགེ་བའི་བཤེས་གཉེན་དང་འདྲིས་པ་དང༌། དམ་པའི་ཆོས་མ་ཡིན་པ་མཉན་པའི་ཉེས་པས། གང་གི་ཉེས་པ་རྣམས་ལའང་ཡོན་ཏན་ཉིད་དུ་འཛིན་པར་འགྱུར་བར་སེམས་འཁྲུལ་བར་འགྱུར་རོ། །ཡོན་ཏན་འཛིན་ལ་ཞེས་པས་ན་ཞེས་བྱ་བས་ནི་ཡོན་ཏན་རྣམས་ལེན་པས་ན་ཡོན་ཏན་འཛིན་པ་སྟེ། ཡོན་ཏན་རྟོགས་པ་ཞེས་བྱ་བའི་དོན་ཡིན་ལ། ཡོན་ཏན་འཛིན་པ་ལ་དམན་པར་གྱུར་པ་ནི་རྨོངས་ཤིང་གཏི་མུག་པ་ཞེས་བྱ་བའི་དོན་ནོ། །དེ་ལ་སྐྱོན་ལ་དགའ་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་གི་ཉེས་པས་རྒྱུད་དྲི་མ་ཅན་དུ་བྱས་པར་བསྟན་པ་ཡིན་ནོ། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། ཞེས་བྱ་བ་འདིས་ནི་འགྲོ་བ་བློ་གྲོས་དང་བྲལ་ཞིང༌། རྣམ་པར་རྟོག་པའི་རྨོངས་པས་འཛིན་པར་བྱེད་པ་བསྟན་པ་ཡིན་ནོ། །སྔར་བཤད་པ་དེ་དག་ངེས་པར་བྱ་བར་ཇི་ལྟར་ནུས་ཤེ་ན། གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་ལྷ་ཆེན་པོ་དང༌། ཁྱབ་འཇུག་དང༌། ཚངས་པ་ལ་སོགས་པ་གཞན་དག་ལ་སྐྱབས་སུ་སོང་བ་ཞེས་བྱ་བའི་དོན་ནོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ། གང་གི་ཕྱིར་འཇིག་རྟེན་པ་རྣམས་ནི་ཡོན་ཏན་མེད་ཅིང༌། ཉེས་པ་མང་པོ་བསགས་པ་ཡིན་པས་གཞན་དག་ལ་སྐྱབས་སུ་འགྲོ་བས་སྟོན་པ་གཞན་འདོད་པར་ངེས་པ་ཡིན་ནོ། །ཞེས་ཚིགས་སུ་བཅད་པ་འདིས་བསྟན་ཏོ།།༢། །ཇི་ལྟར་ན་གཞན་དག་སྐྱོན་དང་ལྡན་ཞིང་ཡོན་ཏན་དང་ལྡན་པ་མ་ཡིན་ཞེ་ན།ཁྱབ་འཇུག་དབང་ཕྱུག་ལ་སོགས་པ། །དེ་ལ་སྐྱེ་བོ་དགའ་དད་པས། །དེ་ཡི་ཡོན་ཏན་གང་བསྒྲགས་པ། །ཁྱོད་ཀྱི་བསྟན་ལ་དེ་དག་སྐྱོན། ། ཞེས་བྱ་བ་སྨོས་ཏེ། ནོར་ལྷ་དང་དབང་ཕྱུག་ཆེན་པོ་ནི་ཁྱབ་འཇུག་དབང་ཕྱུག་སྟེ། དེ་དག་ལ་སོགས་པ་གང་ཡིན་པ་དེ་ནི་ཁྱབ་འཇུག་དབང་ཕྱུག་ལ་སོགས་པའོ། །དེ་ལ་དད་པ་ནི་དེ་ལ་དགའ་ཞིང་རབ་ཏུ་དང་བའི་སྐྱེ་བོ་གང་ཡིན་པ་དེས་ཡོན་ཏན་གང་ཡོངས་སུ་བསྒྲགས་ཤིང༌། ཁྱད་པར་གང་དག་མངོན་པར་སྒྲོག་པ་དེ་ནི་ཁྱེད་ཀྱི་བསྟན་ལ་དེ་དག་སྐྱོན་ཞེས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཀྱི་བསྟན་པ་ལ་སྐྱོན་ཏེ། ཉེས་པ་དང༌། ཕོངས་པ་དང༌། སྨད་པར་བྱ་བའི་གནས་ཡིན་ནོ་ཞེས་བྱ་བའི་དོན་ནོ།།༣། །ཡང་ཁྱེད་ཀྱི་བསྟན་པ་ལ་ཉེས་པ་ཡིན་པའི་ཕྱིར་དེ་རྣམས་ཀྱིས་ཡོན་ཏན་གང་ཞིག་སྒྲོག་པར་བྱེད་ཅེ་ན། ལྷ་ཆེན་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ནས་དེ་དག་སྟོན་པ་ཡིན་ཏེ།ལྷ་ཆེན་ཁྲོས་པའི་མདའ་གཅིག་གིས། །གྲོང་ཁྱེར་སུམ་བརྩེགས་བསྲེགས་ཞེས་གྲགས། །ཁྱོད་ཀྱི་ཡེ་ཤེས་མདའ་ཆེན་གྱིས། །ཁྲོ་བའི་སེམས་ཉིད་ངེས་པར་བསྲེགས། ། ལྷ་ཆེན་ཁྲོས་པ་ཞེས་བྱ་བ་ནི་ཁྲོ་བས་ཁྱབ་པར་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་སོ། །གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ནི་གྲོང་ཁྱེར་གསུམ་པོ་གཅིག་ཏུ་བསྡུས་པ་ལ་གྲོང་ཁྱེར་སུམ་བརྩེགས་འཇིག་ཅེས་བྱ་སྟེ། དེ་དྲག་པོས་བསྲེགས་པའོ། །གྲགས་ཅེས་བྱ་བ་ནི་ཡོན་ཏན་དུ་སྒྲོག་པར་སྲིད་པར་སྟོན་ཏེ། དེ་ཡང་ལྷ་ཆེན་པོའི་ཡོན་ཏན་འཇིག་རྟེན་དུ་སྒྲོག་ཤིང་སྟོན་པ་ནི། ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་གསུམ་ནམ་མཁའ་ལ་རྒྱུ་བ་ཞིག་བྱུང་བ་དང༌། དེ་ལས་ལྷ་མ་ཡིན་རྣམས་བབས་ཤིང་མི་རྣམས་ལ་གནོད་པར་བྱེད་དོ། །དེ་ནས་ལྷ་ཆེན་པོས་མི་རྣམས་བསྐྱབ་པར་བྱ་བའི་ཕྱིར། གཞུ་བླངས་ཏེ་མདའ་གཅིག་གིས་ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་སུམ་བརྩེགས་བསྲེགས་པར་གྱུར་ཏེ། དེ་ཡང་ཇི་སྐད་དུ། འདི་ན་ལྷ་མིན་གྲོང་ཁྱེར་མཁའ་ལ་རྒྱུ། །སྐྱེས་པ་བུད་མེད་རྒན་དང་གཞོན་བཅས་པ། །གཞུ་ཆེན་བླངས་ནས་འབར་བའི་མདའ་ཡིས་ནི། །མེ་ཡིས་བསྲེག་བྱ་བཞིན་དུ་སྐད་ཅིག་བསྲེགས། །ཞེས་བྱུང་བ་ཡིན་ནོ། །འདི་ནི་ཁྱེད་ཀྱི་བསྟན་པ་ལ་སྲོག་གཅོད་པ་ཞེས་བྱ་བ་ཉེས་པ་ཆེན་པོ་ཡིན་ཏེ། དེས་དམྱལ་བར་ལྟུང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། གང་ཞིག་ཁྱོད་མཐོང་སྲོག་གཅོད་ལས། །མི་ལྡོག་པ་ཡི་མཐའ་དེ་ནི། །ཁྱེད་རྣམས་དེང་ནི་དམྱལ་བ་རུ། །ཀྱེ་མ་འགྲོ་བར་འགྱུར་བར་ཤེས། །ཞེས་མདོ་ལས་གསུངས་པ་ཡིན་ནོ། །གལ་ཏེ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་བསྲེགས་པ་དེ་ཉེས་པ་དང་ལྡན་པ་ཡིན་ན། ཁྱེད་ཀྱི་ཡོན་ཏན་དང་ལྡན་པའི་བསྲེགས་པ་གང་ཞེ་ན། ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚོན་ཆ་གང་ཞིག་ཅེ་ན། ཡེ་ཤེས་མདའ་ཆེན་གྱི་ཞེས་བྱ་བ་ཡིན་ཏེ། ཡེ་ཤེས་ཉིད་མདའ་ཆེན་ཡིན་པས་ན། ཡེ་ཤེས་མདའ་ཆེན་ཏེ་དེས་སོ། །ཁྲོ་བའི་མེ་ཞེས་བྱ་བ་ནི་ཁྲོ་བ་ཉིད་མེ་དང་འདྲ་བས་ན་ཁྲོ་བའི་མེ་སྟེ། དེ་ཉིད་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བསྲེགས་ཤིང་ཉེ་བར་ཞི་བར་མཛད་དོ་ཞེས་བྱ་བའི་དོན་ནོ། དྲིས་པ། བྱམས་པའི་མདའ་ཆེན་པོས་ཁྲོ་བའི་མེ་ཉེ་བར་ཞི་བ་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བྱམས་པ་སྒོམས་ཤིག བྱམས་པ་བསྟེན་པ་དང་སྒོམ་པ་དང༌། མང་དུ་བྱེད་པ་ནི་ཞེ་སྡང་སྤོང་བ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱི། དེ་ནི་བྱམས་པས་རྩེ་གཞིལ་བ་ཙམ་དུ་འགྱུར་གྱི་ཡེ་ཤེས་ཀྱིས་ནི་རྩ་བ་ནས་འབྱིན་པར་འགྱུར་བས་ན། འདིར་ཡེ་ཤེས་སྨོས་པ་ཡིན་ནོ།།༤། །ལྷ་ཆེན་གྱིས་ནི་འདོད་པ་དག །བསྲེགས་ཉེས་པས་ན་ཕྱིར་ཡང་དྲངས། །ཁྱེད་ཀྱི་ཡེ་ཤེས་ཞུགས་ཀྱིས་ནི། །འདོད་པ་རྩད་བཅད་བསྲེགས་ནས་བཏོན། ། ཅེས་བྱ་བ་ལ། །བསྲེགས་ཉེས་པ་ནི་ལེགས་པར་མ་བསྲེགས་པ་སྟེ། རྩ་བ་ནས་འབྱིན་པར་མ་བསྲེགས་པའོ། །འདི་སྐད་སྟོན་ཏེ། འདོད་པ་དེ་ཉིད་བསྲེགས་ཉེས་པས་ལྷ་ཆེན་པོས་སླར་དྲངས་ཤིང༌། དབང་དུ་བྱས་པ་ཡིན་ནོ། །དེ་ཡང་འདི་སྐད་ཟེར་ཏེ། དུས་འགའ་ཞིག་ན་ལྷ་ཆེན་པོ་གྲོང་ཁྱེར་གསུམ་བསྲེགས་པ་ལ་སོགས་པའི་བྱ་བས། ཤིན་ཏུ་ཡིད་བྱུང་ནས་ཁ་ན་མ་ཐོ་བ་དེ་སྦྱང་བར་བྱ་བའི་ཕྱིར། རི་ཁ་བ་ཅན་གྱི་རི་སུལ་གྱི་ཚང་ཚིང་དུ་ཞུགས་ཏེ། རྟུལ་ཞུགས་ལ་གནས་པའི་ཚེ་འདོད་པའི་ལྷས་བཟློག་པ་ན་ཁྱེད་ང་ལ་འཚེ་བར་མ་བྱེད་ཅིག་ཅེས་སྨྲས་ཀྱང་ཇི་ཙམ་ན་དེ་འཚེ་བར་བྱེད་པ་ན། ལྷ་ཆེན་པོ་ཁྲོ་བ་འབར་བས་གདུག་བའི་ཡིད་ཀྱི་མིག་གསུམ་པ་ལས་ཕྱུང་བའི་མེས་གང་འདི་ཐལ་བ་ཡང་མི་ལུས་པ་དེ་ལྟར་འདོད་པའི་ལྷ་བསྲེགས་པ་དང༌། ཡང་འདོད་པའི་ལྷས་ལྷ་ཆེན་པོ་ལ་དཀའ་ཟློག་མའི་རོ་སྨད་ཀྱི་འཇོ་སྒེག་གིས་རྒྱུན་དུ་བཟློག་པར་གྱུར་ཏོ། །ཁྱེད་ཀྱི་ཡེ་ཤེས་ཞུགས་ཀྱིས་ནི་ཞེས་བྱ་བ་ནི། ཁྱེད་ཀྱི་ཡེ་ཤེས་ཀྱེ་མེས་སོ། །རྩད་བཅད་ཅེས་བྱ་བ་ནི་ཐོབ་པར་བྱ་བའི་ལྷག་མ་མེད་པ་སྟེ། བག་ཆགས་དང་བཅས་པ་ཞེས་བྱ་བའི་དོན་ནོ། །བསྲེགས་ནས་བཏོན་ཅེས་བྱ་བ་ནི། ཇི་ལྟར་ན་སླར་ཡང་སྐྱེ་བར་མ་འགྱུར་བ་དེ་ལྟ་བུའི་ཚུལ་གྱིས་རྣམ་པར་བསལ་བའོ།།༥། །ལྷ་ཆེན་ཐིག་ལེ་མཆོག་མ་ལ། ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། སུནདྷ་དང༌། ཨུ་པ་སུནདྷ་ཞེས་བྱ་བ་ལྷ་མ་ཡིན་སྤུན་གཉིས་ཤིག་བྱུང་བ་དང༌། དེ་གཉིས་ཀྱིས་ཚངས་པ་བསྒྲུབས་ཏེ། འཇིག་རྟེན་གསུམ་གྱི་མི་བསད་པར་གྱུར་པ་དང༌། བདག་ཅག་ལུས་ཙམ་ཐ་དད་ཀྱི། སེམས་ནི་དེ་ལྟ་མ་ཡིན་པར་ཐ་དད་པ་མེད་པར་མཛོད་ཅིག་ཅེས་བྱ་བ་དང༌། ཚངས་པས་ཀྱང་མཆོག་བྱིན་ནོ། །དེ་ནས་དེ་གཉིས་ཀྱིས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བྱ་བ་ལ་ཞུགས་པར་གྱུར་ཏོ། །ལྷ་རྣམས་ཀྱིས་དེ་གཉིས་གསོད་པའི་ཐབས་ལ་དཔྱོད་པར་གྱུར་པ་དང༌། ཚངས་པས་སྨྲས་པ། དེ་དག་གཅིག་ལ་གཅིག་གསོད་པའི་ཐབས་བསྒྲུབ་པར་བྱའོ་ཞེས་སྨྲས་པ་དང༌། ལྷ་རྣམས་ཀྱིས་རང་གི་ལུས་ལས་ཏིལ་འབྲུ་ཏིལ་འབྲུ་ཙམ་བྱིན་ནས། དེ་ལས་ཐིག་ལེའི་མཆོག་མ་ཞེས་བྱ་བའི་ལྷའི་བུ་མོ་ཞིག་སྐྱེས་ནས། དེ་ཡང་ཚངས་པ་ལ་བསྐོར་བ་བྱེད་དུ་བཅུག་པ་དང༌། དེ་དེའི་གཟུགས་ལ་ཡིད་རྣམ་པར་གཡེངས་པས་ལྟ་བ་ན། ངོ་ཚ་བར་གྱུར་པས་གདོང་བཞི་སྤྲུལ་པར་གྱུར་ཏོ། །དེ་བཞིན་དུ་ལྷ་ཆེན་པོ་ཡང་དེ་དང་འདྲ་བར་འདོད་ཆགས་ཀྱི་དབང་གིས་གདོང་བཞི་སྤྲུལ་པར་གྱུར་ཏོ། །དེ་བས་ན།ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང་བཞི་བྱུང༌། ། ཞེས་སྨོས་པ་ཡིན་ཏེ། ལྷ་ཆེན་ཞེས་བྱ་བ་ནི་རྩེ་གསུམ་གྱི་མཚོན་ཡོད་པའོ། །ཐིག་ལེ་མཆོག་མ་ཞེས་བྱ་བ་ནི་ལྷའི་བུ་མོའོ། །ཆགས་པ་སྐྱེས་པས་ཞེས་བྱ་བ་ནི་ཆགས་པའི་བསམ་པ་སྐྱེས་པ་ལ་ཞུགས་པའོ། །གདོང་བཞི་བྱུང་ཞེས་བྱ་བ་ནི་གང་གདོང་བཞི་པར་གྱུར་པའོ། །ཡང་བཅོམ་ལྡན་འདས་ནི།བདུད་ཀྱི་བུ་མོ་སྒེག་མོ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས། ། ཞེས་བྱ་བ་ཡིན་ཏེ། བདུད་དང་རྗེས་སུ་འབྲེལ་བའི་བུ་མོ་བདུད་ཀྱི་བུ་མོ་སྟེ། སྲེད་མ་དང༌། དགའ་མོ་ཞེས་བྱ་བ་འཁོར་དང་བཅས་པ་ལ་བྱའོ། །དེ་རྣམས་ཀྱི་སྒེག་པ་ནི་རྒོད་ཅིང་སྨྲ་བ་དང་ཟུར་གྱིས་ལྟ་བ་དང༌། གར་བྱེད་པའི་མཚན་ཉིད་ཅན་ཏེ། དེ་དག་གིས་ཀྱང་ངོ༌། །ཁྱེད་ཀྱི་ཞེས་བྱ་བ་ནི་མགོན་པོ་ཁྱེད་ཀྱིའོ། །བ་སྤུའི་རྩེ་ཞེས་བྱ་བ་ནི་སྐུའི་ཡན་ལག་གི་བ་སྤུའི་རྩེ་མོ་ཡང་མི་གཡོ་ཞིང་འགྱུར་བ་མེད་པའོ། །དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བཞུགས་པའི་ཚེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་དེ་དག་གིས་འདོད་ཆགས་བསྐྱེད་པར་མ་ནུས་སོ། །ཞེས་སྟོན་པ་ཡིན་ནོ།།ལྷ་ཆེན་ཕྱེད་ནི་ཆུང་མ་བས། །ངུར་པ་ཡིས་ཀྱང་ཐུབ་མ་ལགས། །ཁྱོད་ནི་བདེ་བར་བགྱིད་པ་ཡིས། །འདོད་པ་ཉིད་ཀྱིས་རྨོངས་པ་གྱུར། ། ཅེས་བྱ་བ་ལ། ཕྱེད་ནི་ཆུང་མ་ཞེས་བྱ་བ་ལུས་ཀྱི་ཕྱེད་ཆུང་མ་སྟེ། ལྷ་མོ་ཨུ་མ་འཆང་ཞིང་འཛིན་པར་བྱེད་པས་ན་ངུར་པ་ཞེས་བྱ་བའི་བྱས་ཀྱང་ཐུབ་ཅིང་རྒྱལ་བར་མི་ནུས་ཏེ། གང་གི་ཕྱིར་དེ་ནི་ཕན་ཚུན་ཐ་དད་པའི་ལུས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་གང་གི་ཚེ་ལྷ་ཆེན་པོ་འདི་ཨུ་མ་དང་ལྷན་ཅིག་ལོ་སྟོང་གི་བར་དུ་འདོད་པའི་བདེ་བ་ཉམས་སུ་མྱོང་བ་ན། ཇི་ཙམ་ན་དེ་ཁུ་བ་འབྱིན་པའི་གནས་སྐབས་སུ་གྱུར་པའི་ཚེ། དེས་བསམས་པ། རེ་ཞིག་ལུས་ཀྱི་ཕྱོགས་གཅིག་གིས་འདོད་པའི་བདེ་བ་ལ་ངས་ལོངས་སྤྱོད་པར་གྱུར་གྱིས། ད་ནི་དགའ་བའི་ཡིད་ཀྱིས་ངའི་ཕྱེད་ལུས་ཀྱི་ཕྱེད་དུ་ཞུགས་པར་བྱས་ལ་ཁྱད་པར་ཅན་གྱི་བདེ་བ་ཉམས་སུ་མྱོང་བར་བྱའོ་སྙམ་སྟེ། དེ་ནས་ལུས་ཀྱི་ཕྱེད་བུད་མེད་ཀྱི་དབང་ཕྱུག་ཅེས་བྱ་བར་གྱུར་ཏོ། །ཡང་ཁྱེད་ནི་བདེ་བར་བགྱིད་ཅེས་བྱ་བ་འཁྲུལ་པར་བྱེད་པའི་འདོད་པ་ཉིད་ཀྱིས་རྨོངས་མ་གྱུར་ཅེས་བྱ་བ་སྟེ། འཁྲུལ་ཅིང་ཆགས་པར་མ་གྱུར་པ་ཞེས་བྱ་བའི་དོན་ནོ། །འཁོར་ལོ་མདུང་ཐུང་ཅན་དག་གིས། །བདུད་སྟོབས་དེ་ལས་རྒྱལ་མ་ནུས། ། ཞེས་བྱ་བ་ལ། འཁོར་ལོ་གང་ལ་ཡོད་པ་དེ་ནི་འཁོར་ལོ་ཅན་ཏེ། འཁོར་ལོའི་མཚོན་ཆ་ཐོགས་པ་ཁྱབ་འཇུག་ཅེས་བྱ་བའི་དོན་ནོ། །མདུང་ཐུང་ཅན་ནི་ལྷ་ཆེན་པོ་སྟེ་མདུང་རྩེ་གསུམ་པ་ཐོགས་པའོ། །བདུད་ཀྱི་སྟོབས་ནི་བདུད་ཀྱི་དཔུང་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གོ །རྒྱལ་བ་ནི་ཟིལ་གྱིས་མནན་པ་སྟེ། དེས་དབང་དུ་བྱ་བར་མི་ནུས་པའོ། །ཁྱོད་ནི་འཁོར་ལོ་མདུང་མེད་པར། །བྱམས་པའི་མཚོན་གང་ལེགས་པས་རྒྱལ། ། ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། བདུད་ཀྱི་སྟོབས་ལས་རྒྱལ་བར་བྱ་བ་ལ་ཁྱབ་འཇུག་དང༌། ལྷ་ཆེན་པོའི་འཁོར་ལོ་དང༌། མདུང་མེད་པར་ཡང་བྱམས་པའི་མཚོན་ཆས་མངོན་པར་རྒྱལ་ཞིང་བཅོམ་པར་སྤྱོད་དོ་ཞེས་བྱ་བའི་དོན་ནོ། །རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། །ལྷ་ཆེན་མགྲིན་པ་སྔོར་གྱུར་པས། །ལྷ་འདི་གཉིས་ལ་གནོད་བགྱིད་མཆིས། །མགོན་ཁྱོད་གནོད་བགྱིད་བྲལ་བ་ལགས། ། ཞེས་བྱ་བ་ནི་འདི་སྐད་ཐོས་ཏེ། ཁྱབ་འཇུག་གི་གཉེན་གྱི་ཚོགས་རྣམས་ས་ཕྱོགས་འགའ་ཞིག་ཏུ་ཆང་འཐུང་ཞིང་འདུག་པ་ན། ཇི་ཙམ་ན་དྲང་སྲོང་གནས་ངན་ལེན་ཉེ་བར་སོང་བ་དང༌། མ་འགགས་པས་བསམ་པར་ཁོ་བོས་དྲང་སྲོང་འདི་ལ་ཅོ་འདྲི་བར་བྱའོ་སྙམ་ནས། བུད་མེད་ཀྱི་གཟུགས་སུ་བྱས་ནས་དེའི་ཐད་དུ་སོང་སྟེ། དེ་ལ་གུས་པ་དང་བཅས་པས་རྗེ་ས་བྱས་ནས་ལྟོ་བར་གཞོང་པ་གླན་ནས་གཡོགས་ཏེ་བཅིངས་པ་བསྟན་ནས། ཁོ་མོའི་དཀུ་འདི་ན་ཅི་ཞིག་ཡོད། འདི་ལས་ཅི་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་དང༌། དྲང་སྲོང་དེས་བསམ་གཏན་གྱི་སྟོབས་ཀྱིས་བལྟས་པ་ལས་དེ་ཤིན་ཏུ་ཁྲོ་བ་དྲག་པོ་སྐྱེས་པར་གྱུར་ནས་ཁྱོད་ཀྱི་ཁོང་ནས་ལྕགས་ཀྱི་གཏུན་གང་གིས་ཁྱབ་འཇུག་གི་རིགས་མ་ལུས་པ་རླག་པར་བྱེད་པ་འབྱུང་བར་གྱུར་ཅིག་ཅེས་དེ་ཐམས་ཅད་ལ་དམོད་པ་བཏབ་བོ། །དེ་ནས་ཅི་ཙམ་ན་ལྕགས་ཀྱི་གཏུན་བྱུང་བར་གྱུར་པ་དང༌། བིཥནུའི་རིགས་ཐམས་ཅད་འོངས་ཏེ། ལྕགས་ཀྱི་གཏུན་དེ་ཆུ་དང་རྡོ་ལ་བརྡར་ཏེ། དེ་འདམ་དང་བྱེ་མ་འདམ་བུའི་རྫིང་གི་ནང་དུ་བོར་རོ། །དེ་ཡང་འདམ་བུའི་ཚལ་དུ་གྱུར་ཏོ། །ཡང་ལྕགས་ཀྱི་གཏུན་དེ་ལས་མདེའུ་དུམ་ཞིག་ལུས་པར་གྱུར་པ་དང༌། འདིས་ཅི་ཞིག་ནུས་པར་འགྱུར་སྙམ་ནས་ཆུ་བོར་དོར་རོ། །དོར་བའི་འོག་ཏུ་ཉས་མིད་ནས་དེ་ཡང་རྒྱའི་ནང་དུ་ཆུད་དེ། ཉ་པས་ཁྱེར་ནས་རྔོན་པ་རྒན་པོ་ཞིག་ལ་བཙོངས་སོ། །དེས་ཀྱང་ཉ་དེ་བཤས་པ་དང༌། ལྕགས་ཀྱི་མདེའུ་བྱུང་ནས་དེ་མདའི་མདེའུར་བཏགས་སོ། །ཇི་ཙམ་ན་དམོད་པས་ཉེ་བར་བཅོམ་པའི་འཇིག་པའི་དུས་འགའ་ཞིག་གི་ཚེ། རྫིང་གི་ངོགས་དེར་ཁྱབ་འཇུག་གི་རིགས་རྣམས་ཆང་འཐུངས་བས་ར་རོས་པ་དང༌། དམོད་པའི་རྣམ་པར་འཕྲུལ་པས་རྩོད་པ་ཆེན་པོ་བྱུང་བར་གྱུར་ནས་འདམ་བུའི་དབྱུག་པས་ཕན་ཚུན་ཉེ་བར་བསྣུན་པར་བྱེད་པ་ན། དེ་ན་མེད་པའི་ཁྱབ་འཇུག་མ་གཏོགས་པ་དེའི་རིགས་རྣམས་རྣམ་པར་འཇིག་པར་གྱུར་ཏོ། །དེ་ནས་ཁྱབ་འཇུག་གི་བསམ་པར། ངའི་ཆུང་མའི་ཚོགས་ཁྲི་དྲུག་སྟོང་གྲོང་ཁྱེར་སྒོ་ལྡན་ན་གནས་ཀྱི། དེ་དག་གལ་ཏེ་དམོད་པ་འདིས་ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པའམ། གཞན་དག་གིས་འཕྲོག་པར་འགྱུར་བ་སྲིད་སྙམ་ནས། དེར་སྲིད་སྒྲུབ་བཏང་ངོ༌། །དེས་ཀྱང་དེ་རྣམས་བླངས་ལ་ཁྱབ་འཇུག་གི་ཐད་དུ་ཁྱེར་ཏེ་འོང་ངོ་ཞེས་ཏེ་ཆས་སོ། །རི་བྲག་པ་རྣམས་ཀྱིས་ཀྱང་གཏམ་དེ་ཐོས་ནས་མཚོན་ཆ་སྣ་ཚོགས་པ་ཐོགས་ཏེ། སྲིད་སྒྲུབ་ཀྱི་ཐད་དུ་འཐབ་པའི་ཕྱིར་ལྷགས་པ་དང༌། དེ་རྣམས་ཀྱིས་སྲིད་སྒྲུབ་ཀྱི་མཚོན་ཆ་མ་ལུས་པ་ཟད་པར་བྱས་ནས་དེ་ཐམས་ཅད་ཕྲོག་གོ །ཁྱབ་འཇུག་གིས་དེ་ཐོས་པ་དང༌། ཡིད་ཀྱི་གདུང་བ་བཟློག་པར་མི་ནུས་པས་སེམས་གདུང་བཞིན་དུ་མྱ་ངན་དེ་བསལ་བའི་ཕྱིར་དགོན་པར་སོང་ངོ༌། །དེར་ཚང་ཚིང་ཤིན་ཏུ་སྟུག་པ་ཞིག་ཏུ་མྱ་ངན་གྱི་དབང་གིས་ལུས་ཐམས་ཅད་ཕབ་ནས་འདུག་སྟེ། རྐང་པ་བརྐྱང་བའི་མཐེ་བོང་བསྐྱོད་པ་དང༌། ཇི་ཙམ་ན་རྔོན་པ་རྒན་པོ་དེ་རི་དྭགས་གཤོར་བའི་ཕྱིར་ནགས་ཚལ་དུ་ཞུགས་ཏེ། རི་དྭགས་བལྟ་བའི་ཕྱིར་སེམས་གཏོད་ཅིང་གནས་པ་དང༌། མཐེ་བོང་བསྐྱོད་པ་དེ་རི་དྭགས་ཀྱི་རྣ་བ་འགུལ་བ་ཡིན་ནོ་སྙམ་ནས་མདའ་བསྣུན་པ་དང་དེ་སྲོག་དང་བྲལ་བར་བྱས་སོ། །རྒན་པོས་ཞེས་བྱ་བ་ནི་རྔོན་པ་རྒན་པོས་སོ། །ཁྱབ་འཇུག་ཅེས་བྱ་བ་ནི་སྲེད་མེད་ཀྱི་བུའོ། །མདའ་ཡིས་ཞེས་བྱ་བ་ནི་རྔོན་པའི་མདའ་ཡིས་སོ། །བསྣུན་ཞེས་བྱ་བ་ནི་བཅོམ་པའོ། །ལྷ་ཆེན་མགྲིན་པ་སྔོར་གྱུར་པས། ཞེས་བྱ་བ་ལ། ལྷ་ཆེན་ནི་དབང་ཕྱུག་ཆེན་པོ་སྟེ། དེ་ཡང་དུག་གིས་ཉེ་བར་བཅོམ་པས་མགྲིན་པ་སྔོན་པོར་གྱུར་ཏོ། །དེ་ཡང་འདི་ལྟར་ལྷ་རྣམས་རྒྱ་མཚོ་བསྲུབ་པའི་ཕྱིར་ཞུགས་པ་ན། དེའི་ཚེ་ནོར་བུ་ཀཽ་སྟུ་བྷ་དང༌། རྟ་མགྲིན་རིངས་ལ་སོགས་པ་མང་པོ་ཞིག་རྒྱ་མཚོ་ལས་བྱུང་བར་གྱུར་པ་དང༌། ཇི་ཙམ་ན་དུག་ཅིག་བྱུང་བར་གྱུར་ནས་དེའི་མཐུས་ཁྱབ་འཇུག་དེའི་གན་ན་གནས་པས་པགས་པའི་མདོག་ནག་པོར་གྱུར་ཏོ། །ལྷ་ཆེན་པོས་དེ་བླངས་ནས་འཇིགས་པ་མེད་པར་མིད་པར་རྩོམ་པ་ན། ཇི་ཙམ་ན་མགྲིན་པར་ཐོགས་ཏེ་སྟེང་དུ་ཡང་མ་བྱུང༌། འོག་ཏུ་ཡང་མ་སོང་བར་དེའི་མགྲིན་པ་རྨ་བྱའི་མགྲིན་པ་ལྟར་སྣང་བར་གྱུར་པ་དང༌། ལྷ་རྣམས་ཀྱིས་སྨྲས་པ། འདི་ནི་ཤིན་ཏུ་མཛེས་པས་ད་ནི་དེང་ནས་དེ་མགྲིན་པ་ཉིད་དུ་བཞག་པའི་རིགས་སོ་ཞེས་སྨྲས་སོ་ཞེས་གྲག་གོ །ལྷ་འདི་གཉིས་ལ་ཞེས་བྱ་བ་ནི། ཁྱབ་འཇུག་དང༌། ལྷ་ཆེན་པོ་ལའོ། །གནོད་བགྱིད་མཆིས་ཞེས་བྱ་བ་ནི། གནོད་པ་དང་བཅས་པར་གནས་པས་ན་གནོད་བགྱིད་མཆིས་ཞེས་བྱ་སྟེ། གཞན་གྱིས་བྱས་པའི་ཉེ་བར་གནོད་པའམ་གསོད་པ་དང་ལྡན་པའོ། །མགོན་ཁྱོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་ལ་བོད་པ་སྟེ། བདག་པོ་ཞེས་བྱ་བའི་དོན་ནོ། །གནོད་པ་བགྱིད་པ་མེད་པས་ན་གནོད་བགྱིད་བྲལ་བ་ལགས་ཞེས་བྱའོ། །དྲིས་པ། བཅོམ་ལྡན་འདས་ལ་གཞན་གྱིས་བྱས་པའི་བགྲོངས་པ་མི་མངའ་མོད་ཀྱི། གཞན་གྱིས་བྱས་པའི་གནོད་པ་ནི་མངའ་སྟེ། བྱ་རྒོད་ཀྱི་ཕུང་པོར་རྡོའི་དུམ་བུས་ཞབས་སྣད་པ་ཡིན་ནོ་ཞེ་ན། འདིར་སྨྲས་པ། དེ་ནི་རྨ་གཏོད་པ་ཙམ་དུ་ཟད་ཀྱི། ཉེ་བར་གནོད་པ་ཞེས་མི་བྱ་སྟེ། དེ་ཡང་འདི་ལྟར་དུས་ཡུན་རིང་པོར་ཞུགས་པའི་ཉེ་བར་འཚེ་བ་ལ་གནོད་པ་ཞེས་བཤད་ཀྱི། སྐད་ཅིག་མ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ནི་སྐད་ཅིག་མ་དེ་ཉིད་ལ་དེ་ཙམ་ཞིག་ཏུ་འགྱུར་གྱི། ལྷ་ཆེན་པོའི་མགྲིན་པ་སྔོ་བ་ཇི་ལྟ་བ་དེ་ལྟ་ནི་མ་ཡིན་ནོ། །ཁྱབ་འཇུག་མིའུ་ཐུང་གཟུགས་བསྒྱུར་ནས། །གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས། །ཁྱོད་ནི་གཡོ་ཡང་མཁྱེན་གྱུར་ལ། །གཞན་དག་ལ་ཡང་བསླུ་མི་མཛད། ། ཅེས་བྱ་བ་ལ། འདི་ལྟར་ཐོས་ཏེ། སྟོབས་ལྡན་ཞེས་བྱ་བའི་ལྷ་མ་ཡིན་ཞིག་བྱུང་བ་དང༌། དེས་རང་གི་ཕ་རོལ་གནོན་པས་ཁམས་གསུམ་མ་ལུས་པ་རྣམ་པར་གནོན་པ་ན་ཁྱབ་འཇུག་གིས་བསམས་པ། ངས་འདི་དང་ལྷན་ཅིག་གཡུལ་སྤྲོད་པར་མི་ནུས་ཏེ། ཤིན་ཏུ་སྐྱེས་བུའི་རྩོལ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་ངེས་པར་སྒྱུ་ཐབས་ཀྱིས་བསླུ་བར་བྱའོ། །སྙམ་དུ་རྣམ་པར་བསམས་ནས། བདག་ཉིད་བྲམ་ཟེ་མིའུ་ཐུང་ཞིག་གི་གཟུགས་སུ་སྤྲུལ་ནས་སློང་མོའི་བདག་ཉིད་ཅན་དུ་བྱས་ཏེ་སོང་ནས། རྒྱལ་པོ་སྟོབས་ལྡན་རྟའི་མཆོད་སྦྱིན་བྱེད་པའི་བརྟུལ་ཞུགས་ལ་གནས་པའི་ཚེ། སུ་ཞིག་གང་ཞིག་ཅི་ཞིག་འདོད། །གང་ལ་ཅི་ཞིག་སྦྱིན་པར་བྱ། །ཞེས་ཟེར་བ་ལ་བརྩོན་པ་དེའི་ཐད་དུ་ཕྱིན་ནས། ཕ་དང་མའི་ཕྱིར་མེ་ལ་མཆོད་སྦྱིན་བྱེད་པས་དེའི་དོན་དུ་ས་ཕྱོགས་གོམ་པ་ཉིད་ཀྱི་ཚད་སློང་ངོ་ཞེས་སྨྲས་པ་དང༌། དེས་སྨྲས་པ། འདི་ཙམ་ཞིག་གིས་ཁྱོད་ལ་དགོས་པ་ཅི་ཞིག་རྫོགས་པར་འགྱུར། གཞན་དུ་ན་གླང་པོ་དང༌། རྟ་དང༌། ཤིང་རྟ་དང༌། གསེར་ལ་སོགས་པའི་དངོས་པོ་སློངས་ཤིག་དང༌། དེ་ངས་དགག་པ་མེད་པ་དང༌། ཁྱད་པར་དང་བཅས་པ་སྦྱིན་པར་བྱའོ་ཞེས་སྨྲས་ཀྱང་འདོད་པར་མ་གྱུར་ཏོ། །དེ་ནས་དེས་སྨྲས་པ། གལ་ཏེ་དེ་ལྟར་འདོད་ན་རེ་ཞིག་གོམ་པ་གསུམ་ཡང་ཁྱེར་ཅིག་ཅེས་སྨྲས་པ་དང༌། ཁྱབ་འཇུག་གི་གོམ་པ་གཉིས་ཀྱིས་འཇིག་རྟེན་གསུམ་གྱི་བར་དུ་རྐང་པ་གཅིག་བརྐྱངས་ནས། གོམ་པ་གསུམ་པའི་གནས་མ་རྙེད་པ་དང༌། དམ་བཅས་པ་ལས་ཉམས་པར་བྱས་པའི་དོར་ཐབས་ཁས་བླངས་པས་ཡིད་ཞུམ་པར་གྱུར་པ་དང༌། འཇིགས་པ་ཆེན་པོས་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བཅོམ་པར་གྱུར་བས་སྟོབས་ལྡན་བཟུང་སྟེ། ས་འོག་ཏུ་བཅིངས་པར་གྱུར་ཏོ། །མིའུ་ཐུང་ནི་གཟུགས་ཐུང་བའོ། །གཟུགས་ནི་ལུས་སོ། །བསྒྱུར་ནས་ཞེས་བྱ་བ་ནི་མངོན་པར་སྤྲུལ་ནས་སོ། །གང་གིས་ཤེ་ན། ཁྱབ་འཇུག་གིས་སོ། །ཅི་ཕ་རོལ་གནོན་པས་སམ་ཞེ་ན། གཡོ་ཐབས་ཀྱིས་ནི་ཞེས་བྱ་བ་སྨོས་ཏེ། བསླུ་ཐབས་ཀྱིས་སོ། །སྟོབས་ལྡན་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་རྒྱལ་པོའོ། །བསླུས་ཞེས་བྱ་བ་ནི་རྒྱལ་སྲིད་ལས་ཉམས་པར་བྱས་ཞེས་བྱ་བའི་དོན་ནོ། །ཁྱེད་ནི་གཞན་དག་ལས་བསླུ་བར་མི་མཛད་དོ། །གལ་ཏེ་གཡོ་མི་མཁྱེན་པས་དེའི་ཕྱིར་གཞན་དག་བསླུ་བར་མི་མཛད་དོ་ཞེས་རྟོག་པ་ལ། དེའི་ཕྱིར་གཡོ་ཡང་མཁྱེན་འགྱུར་ལ། ཞེས་སྨོས་པ་ཡིན་ཏེ། དེ་ཡང་གཡོ་མཁྱེན་པས་ན་གཡོ་ཡང་མཁྱེན་གྱུར་ལ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་དངོས་པོ་ཐམས་ཅད་མཁྱེན་ཅིང༌། ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་སྤྱོད་པར་མི་མཛད་པ་སྟེ། འདིར་རལ་གྲི་ཐོགས་པའི་གཙོ་བོའི་མདོ་དཔེར་བརྗོད་པར་བྱའོ། །མགོན་ཁྱོད་རྫུ་འཕྲུལ་རྣམ་འཕྲུལ་བ། །རྨད་བྱུང་གང་གིས་མཐོང་བ་དེས། །ཁྱབ་འཇུག་འཇིག་རྟེན་གསུམ་བརྒལ་བ། །འཕྱེ་བོ་མཆི་བ་བཞིན་དུ་མཐོང༌། ། ཞེས་བྱ་བ་ལ། ཁྱེད་ཀྱི་རྫུ་འཕྲུལ་པ་རྣམས་ནི་མགོན་ཁྱོད་རྫུ་འཕྲུལ་ཏེ། ཡིད་མགྱོགས་པ་ལ་སོགས་པའོ། །དེའི་རྣམ་པར་འཕྲུལ་པ་ནི་རྣམ་པར་རོལ་པའོ། །ཇི་ལྟ་བུ་ཞེ་ན། རྨད་བྱུང་ཞེས་བྱ་བ་སྟེ། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བ་བསྐྱེད་པ་ཞེས་བྱ་བའི་དོན་ནོ། །ཁྱབ་འཇུག་འཇིག་རྟེན་གསུམ་བརྒལ་བ། ཞེས་བྱ་བ་ནི་གོམ་པ་གསུམ་གྱིས་འཇིག་རྟེན་གསུམ་བརྒལ་བའོ། །འཕྱེ་བོ་ཞེས་བྱ་བ་ནི་རྐང་པ་མེད་པ་སྟེ། འཕྱེ་ཞིང་འགྲོ་བས་འཕྱེ་བ་ཡིན་ལ། དེ་དང་འདྲ་བར་འཇུག་པས་ན་འཕྱེ་བོ་བཞིན་དུའོ། །མཐོང་བ་ནི་རྟོགས་པའོ། །འདི་སྐད་སྟོན་པར་འགྱུར་ཏེ། གང་ཁྱེད་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་རྨད་དུ་བྱུང་བ་མཐོང་བ་དེས་ནི་ལྷ་ཡུལ་དང་ས་འོག་ཏུ་ཁྱབ་འཇུག་གིས་འཇིག་རྟེན་གསུམ་བརྒལ་བར་གྱུར་པ་ཡང་འཕྱེ་བོ་མཆི་བ་བཞིན་དུ་མཐོང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་པ་རྣམས་ནི་འཛམ་བུའི་གླིང་ཙམ་ཉིད་ལ་འཇིག་རྟེན་གསུམ་དུ་འདོད་དེ། རྒྱ་མཚོ་བཞིས་ཡོངས་སུ་བཅད་པ་འཇིག་རྟེན་གཉིས་ཀྱི་བར་ནི་མེའི་འཇིག་རྟེན་ཡིན་ལ། འོག་གི་ས་གཞི་ནི་ཀླུའི་འཇིག་རྟེན་ནོ། །རི་ཁ་བ་ཅན་ལ་སོགས་པ་རི་བོ་ལྷ་རྣམས་གནས་པ་དང༌། སྐར་མ་ལ་སོགས་པ་ནི་ལྷའི་འཇིག་རྟེན་ཉིད་ཡིན་ནོ། །དེ་ཁྱབ་འཇུག་གིས་བརྒལ་བར་བྱས་པ་འདི་ཙམ་ལ་འཇིག་རྟེན་གསུམ་བརྒལ་བ་ཞེས་བྱ་བ་ལ། སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་བསྐྱེད་པ་ཙམ་གྱིས། ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ས་ཡ་དཔག་ཏུ་མེད་པ་འདས་པའི་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ནས་མྱུར་བ་ཉིད་དུ་གཤེགས་པ་འདིར། དཔེར་སྦྱར་བར་བྱའོ།།གཞོན་ནུ་ཚངས་པར་སྤྱོད་པ་ན། །དྲུག་ལྡན་མ་དང་ལྷན་ཅིག་སྤྱོད། །ཁྱོད་ཀྱིས་འཁྲིག་པའི་སྦྱོར་བ་བདུན། །ཐལ་བ་བཞིན་དུ་བགྱིས་པར་གྱུར། ། ཅེས་བྱ་བ་ལ། གཞོན་ནུ་དང༌། ཀ་རྟི་ཀ་དང༌། ཕུག་ན་གནས་པ་དང༌། རྨ་བྱ་ལ་ཞོན་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འཁྲིག་པ་སྤྱོད་པ་ལས་ལོག་པ་སྟེ། འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ཚངས་པ་ཉིད་འདི་ལྟར་སྤྱོད་པའོ། །ལྷན་ཅིག་ཅེས་བྱ་བ་ནི་དུས་གཅིག་དང་ཐབས་ཅིག་པའོ། །གང་དང་ཞེ་ན། དྲུག་ལྡན་མ་དང་ཞེས་བྱ་བ་སྟེ། དེའི་ཆུང་མ་དྲུག་ལྡན་མ་ཞེས་བྱ་བ་དང་ངོ༌། །སྤྱོད་ཅེས་བྱ་བ་ནི་སྤྱོད་པའི་བྱེད་པའམ་སྲུང་བའོ། །དེ་ཡང་འདི་ལྟར་ཐོས་ཏེ། དྲུག་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་མཆོག་ཏུ་གཟུགས་བཟང་བ། སྤྱོད་པ་ལ་མཁས་པ། གཟུགས་ཀྱི་ཉེ་བར་སྤྱོད་པ་དང༌། བུད་མེད་ཀྱི་ཡོན་ཏན་གྱིས་གཞན་དག་ཟིལ་གྱིས་མནན་པས་གནས་པར་ཞིག་བྱུང་བར་གྱུར་ལ། དེ་ཡང་གཞོན་ནུས་ཆུང་མའི་དོན་དུ་བླངས་པ་དང༌། དེ་ལ་དྲང་སྲོང་འགའ་ཞིག་གིས་སྨྲས་པ། གལ་ཏེ་ཁྱེད་འཇིག་རྟེན་གསུམ་ལ་རྣམ་པར་རྒྱལ་བ་དོན་དུ་གཉེར་ཞིང༌། གྲགས་པ་ཁྱད་པར་ཅན་བསྒྲག་པར་བྱ་བའི་བསམ་པ་ཡོད་ན། དུས་འདིའི་ཚེ་ཁྱོད་ཀྱིས་རལ་གྲི་སོ་ཞེས་བྱ་བའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེའི་བརྟུལ་ཞུགས་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། ལང་ཚོ་ལ་བབ་ཅིང་འདོད་པའི་བདེ་བ་ཉམས་སུ་མྱོང་བར་ནུས་པ་ན། ཆུང་མ་ཐམས་ཅད་ཀྱི་གཙོ་མོར་གྱུར་པ་གཟུགས་ཤིན་ཏུ་བཟང་བ་དང་ལྡན་པ་དེ་དང་ལྷན་ཅིག་རྩེ་ཞིང༌། ཡན་ལག་རེག་པ་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཀྱང༌། གཉིས་སྙོམས་པར་ཞུགས་པ་ཡིན་ནོ་ཞེས་ཚོར་བ་མེད་པར་བྱས་ཏེ། བརྟུལ་ཞུགས་འདི་དུས་རིང་པོར་བསྟེན་ན་འབྲས་བུར་འགྱུར་རོ། །ཞེས་སྨྲས་པ་དང༌། དེ་ནས་བརྩམས་ཏེ་གཞོན་ནུས་བརྟུལ་ཞུགས་བརྩམས་པ་ཡིན་ནོ། །ཁྱེད་ཀྱིས་འཁྲིག་པའི་ཞེས་བྱ་བ་ལ་སོགས་པ་ལ། འཁྲིག་པ་ནི་གཉིས་ཀྱིས་གཉིས་སྦྱོར་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་འཁྲིག་པར་གྱུར་པས་ན། འཁྲིག་པ་སྟེ། ཀུན་ཏུ་སྦྱོར་བ་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་བས་ན་ཁྱོད་ཀྱིས་ཐལ་བ་བཞིན་དུ་མཛད་པར་གྱུར་བ་ནི་ཐལ་བ་མ་ཡིན་པ་ལས་ཐལ་བ་ཉིད་དུ་མཛད་ཅིང་བརླག་པར་གྱུར་བའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་འཁྲིག་པའི་སྦྱོར་བ་བདུན་དང་ལྡན་པའི་མདོ་ལས་གསུངས་ཏེ། བྲམ་ཟེ་འདི་ལ་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁས་འཆེ་ཞིང༌། དེ་བུད་མེད་དང་གཉིས་ཀྱིས་གཉིས་མི་སྦྱོར་ཡང་བུད་མེད་ལ་མིག་གིས་མིག་གི་ཡུལ་གཟུགས་ལ་ངེས་པར་སེམས་ཤིང་ལྟ་སྟེ། དེས་དེ་ཉམས་སུ་ལེན་ཅིང་རྟོག་པ་ལ་ཞེན་ཅིང༌། ཞེན་ནས་གནས་པ་འདི་ནི་བྲམ་ཟེ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱི། མི་ལྡན་པ་མ་ཡིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་སྤྱོད་པ་ཡིན་ཞིང༌། ཞིག་པ་དང༌། བུ་ག་ཅན་དང༌། འདྲེན་མ་དང༌། ནག་ནོག་ཅན་ཡིན་ཏེ། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཕོངས་པ་རྣམས་ལས་ཡོངས་སུ་གྲོལ་བར་མི་འགྱུར་ཞིང༌། སྡུག་བསྔལ་རྣམས་ལས་ཐར་བར་ང་མི་སྨྲའོ། །གཞན་ཡང་བུད་མེད་ཀྱི་ཡུལ་ལ་མིག་གིས་ཡུལ་གཟུགས་ལ་ངེས་པར་སེམས་ཤིང༌། ལྟ་བར་ཡང་བྱེད་པ་ནས་དེ་དང་ལྷན་ཅིག་རྩེ་བ་དང༌། ཅ་ཅོ་འདོན་པ་ཉམས་སུ་ལེན་པ་ཡང་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ཏེ། སྔ་མ་བཞིན་ནོ། །གཞན་ཡང་བུད་མེད་དང་ལྷན་ཅིག་ཅ་ཅོ་འདོན་པ་ཉམས་སུ་ལེན་པར་ཡང་བྱེད་ཅིང༌། བུད་མེད་ལས་བསྐུ་བ་དང༌། མཉེ་བ་དང༌། ཁྲུས་བྱ་བ་བདག་གིར་བྱེད་ཅིང༌། ཉམས་སུ་ལེན་པ་དེ་ཡང་དེ་བཞིན་ནོ། །གཞན་ཡང་དེ་བཞིན་དུ་ཡོངས་སུ་མཉེ་བའི་བར་དུ་བདག་གིར་ཡང་བྱེད་ཅིང༌། རྩིག་པས་ཆོད་པ་དང༌། ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང༌། གླུ་དང༌། གར་ལ་སོགས་པའི་སྒྲ་ཉམས་སུ་ལེན་པར་བྱེད་ཅིང་ཉན་པར་བྱེད་པ་དེ་ཡང་དེ་བཞིན་ནོ། །གཞན་ཡང་སྒྲའི་བར་དུ་ཉམས་སུ་ལེན་པར་བྱེད་པ་ནས། གཞན་དག་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་ཅིང་རྩེ་བ་དང༌། དགའ་བས་ཡོངས་སུ་སྤྱོད་པ་ཉམས་སུ་མྱོང་བར་བྱེད་པ་ཡང་དེ་བཞིན་ནོ། །གཞན་ཡང་ཡོངས་སུ་སྤྱོད་པའི་བབ་དུ་ཡང་བྱེད་ལ། སྔོན་ཉམས་སུ་མྱོང་བའི་རྒོད་པ་དང༌། རྩེ་བ་དང༌། དགའ་མགུར་ཡོངས་སུ་སྤྱོད་པ་དེ་རྗེས་སུ་དྲན་པར་བྱེད་ཅིང༌། དེ་ལས་དེ་བདག་གིར་བྱེད་པ་ཡང་དེ་བཞིན་ནོ། །
འབྲེལ་ཡོད་འོས་སྦྱོར།