ཁྱད་པར་དུ་འཕགས་པའི་བསྟོད་པ།
རྩོམ་པ་པོ།:མཐོ་བཙུན་གྲུབ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-10
ཀློག་གྲངས།:
དོན་གྱི་དབང་པོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཡུལ་ལྔ་པོ་སྟེ་འདོད་པའི་ཡོན་ཏན་ལྔས་ཞེས་བྱ་བའི་དོན་ནོ། །རྨོངས་མ་གྱུར་ཅེས་བྱ་བ་ནི་རྣམ་པར་འགྱུར་བར་མ་གྱུར་པའོ།།རྒྱས་པ་འདོད་གདུངས་གཡེན་སྤྱོ་བས། །བུད་མེད་ཀྱི་ནི་རྡོག་པས་བསྣུན། །ཁྱོད་ནི་ཁྱིམ་པར་བཞུགས་ན་ཡང༌། །ཕྱིར་ཞིང་འཁྲུག་པར་འགྱུར་བ་མེད། ། ཅེས་བྱ་བ་ལ། འདོད་པས་གདུངས་ཤིང་གཟིར་བ་ཡིན་པས་ན་འདོད་གདུངས་ཏེ། འདོད་པའི་འདོད་ཆགས་ཀྱིས་གཙེས་ཞེས་བྱ་བ་བའི་དོན་ནོ། །གཡེན་སྤྱོ་བ་ཞེས་བྱ་བ་ནི་བརྟན་པ་དང་བྲལ་ཞིང་སེམས་གཡོ་བ་ཉིད་ཀྱིས་ངོ་ཚ་མེད་པར་གྱུར་པའོ། །བུད་མེད་ཀྱི་རྡོག་པས་བསྣུན་ཞེས་བྱ་བ་ནི་བུད་མེད་ཀྱི་རྡོག་པ་དག་སྟེ། དེའི་རྐང་པ་གཉིས་ཀྱིས་བསྣུན་ཅིང་བརྡེག་པ་ཞེས་བྱ་བའི་དོན་ནོ། །དེ་སུ་ཞིག་ཡིན་ཞེ་ན་རྒྱས་པའོ། །དེ་ཡང་འདི་ལྟར་དྲང་སྲོང་རྒྱས་པ་ཀཱ་ཤཱི་མཛེས་དགའ་མོ་དང་ལྷན་ཅིག་བག་ཕེབས་པར་འདོད་པའི་བདེ་བ་རྗེས་སུ་མྱོང་ཞིང་འདུག་པ་ན། དུས་འགའ་ཞིག་གི་ཚོ་གྲོང་ཁྱེར་ཝ་རཱ་ཎ་སཱི་རྒྱལ་པོ་ཚངས་པས་བྱིན་ལ་ཕས་ཀྱི་རྒོལ་བའི་འཇིགས་པ་ཉེ་བར་གྱུར་ནས། གང་གི་ཕྱིར་གཞོན་ནུ་རྣམས་ཀྱང་ཉིན་གཅིག་ལ་འོབས་ཁྲུ་བཅུ་བཅུ་རྐོར་བཅུག་པའི་ལུང་བསྒོ་བ་ན་གཞན་དག་ལྟ་མོས་ཀྱང་ཅི་དགོས། དེ་ནས་ཀཱ་ཤཱི་མཛེས་དགའ་མོ་ལའང་ལུང་བསྒོ་བ་དང༌། དེས་གླ་རྔན་ཆེན་པོས་གླ་མིའི་སྐྱེས་བུ་བཙལ་ཀྱང་མ་བརྙེད་ནས་སེམས་པ་ལ་ཞུགས་པར་གྱུར་ཏོ། །རྒྱས་པས་སྨྲས་པ། ཅིའི་ཕྱིར་ཁྱོད་མི་དགའ་བར་བྱེད། ཏོག་ཙེ་དང་སྐོན་པ་བྱིན་ཅིག །ངས་འོབས་བརྐོ་བར་བྱའོ་ཞེས་སྨྲས་ནས། ཇི་ཙམ་ན་སོང་སྟེ། བརྐོས་པ་དང་འོབས་མ་རྫོགས་པར་ཉི་མ་ནུབ་པ་ལ་མངོན་དུ་ཕྱོགས་པར་གྱུར་ཏོ། །དེ་ནས་རྒྱས་པས་དགོངས་ཀའི་དུས་ལ་བབ་བོ། །སྙམ་ནས་མ་ལོག་པར་དེ་ཉིད་དུ་གནས་པར་གྱུར་ཏོ། །ཆུ་ཚོད་ལ་སོགས་པའི་མཚན་མས་ཉིན་མོ་རྫོགས་པར་གྱུར་ཅིང༌། མཚན་མོའི་དུས་ལ་བབ་པར་ཤེས་ནས་རྒྱལ་པོ་དང་བློན་པོ་གྲོང་ཁྱེར་བ་དང་བཅས་པ་སེམས་རྣམ་པར་གཡེངས་པ་དང༌། དེ་རྣམས་འགྲོ་བ་ལ་བརྩོན་པར་གྱུར་པ་ན། ཇི་ཙམ་ན་བྲམ་ཟེ་གཞན་ཞིག་གིས་འོབས་བརྐོ་བ་ལ་གཡེངས་པའི་སེམས་ཀྱི་རྒྱས་པ་མཐོང་བ་དང༌། ཡུན་རིང་མོ་ཞིག་ན་ངོ་ཤེས་པར་གྱུར་ཏོ། །དེ་ནས་དེ་ལས་ཐོས་པ་དང༌། རྒྱལ་པོ་དང་བློན་པོ་གྲོང་ཁྱེར་གྱི་སྐྱེ་བོ་དང་བཅས་པ་དེའི་ཐད་དུ་སོང་སྟེ། རྐང་པ་གཉིས་པ་གཏུགས་ནས་བཟོད་པར་གསོལ་བ་དང༌། དེ་གདོང་གཞན་དུ་ལྟ་ཞིང་རྐོ་བ་ཉིད་ཀྱིས་གནས་སོ། །དེ་ཡང་དམོད་བར་འཇིགས་སྐྲག་པ་དང༌། འདིས་ནི་ཀཱ་ཤཱི་མཛེས་དགའ་མོའི་སྐལ་བ་རྐོ་བར་ཤེས་ནས་དེ་ལ་ཕྲིན་དུ་བསྐུར་བ། ཐུབ་པ་ཁྱད་པར་ཅན་འདི་ཁྱེད་ཀྱི་སྐལ་བའི་འོབས་རྐོར་བཅུག་པ་ལས་སློང་ཞིག་ཅེས་བྱས་པ་དང༌། དེས་བུ་མོ་མངག་གཞུག་མ་ཞིག་ལན་གསུམ་གྱི་བར་དུ་བཏང་ཡང་དེ་ཡོངས་སུ་མ་འདོད་དོ། །དེ་ནས་དེ་རང་ཉིད་བཞོན་པ་ལ་ཞོན་ཏེ། འོངས་ནས་དེ་ལས་བབས་ཏེ་རྐང་གདུབ་དང་བཅས་པའི་རྐང་པས་མགོ་བོར་བསྣུན་ཏེ། གང་གི་ཕྱིར་ད་ནི་སྐྱོ་བར་གྱུར་པས་ངས་ལན་གསུམ་གྱི་བར་དུ་ཕྲིན་བསྐུར་ན་ཅིའི་ཕྱིར་ལྡང་བར་མི་བྱེད། རྒྱས་པ་ཡིད་དགའ་བར་གྱུར་པ་དང་སྨྲས་པ། གང་གི་ཕྱིར་འདི་ལྟར་བར་དུ་བརྩེ་བས་ན་ཤིན་ཏུ་རྗེས་སུ་བཟུང་བ་ཡིན་ནོ། །ཞེས་སྨྲས་ནས་ལངས་པར་གྱུར་ཏོ། །ཡང་ཁྱེད་ནི་ཁྱིམ་པར་བཞུགས་པ་ནའང་ཞེས་བྱ་བ་བཙུན་མོའི་འཁོར་སྟོང་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་དུ་ཟིན་ན་ཡང༌། ཕྱིར་ཞིང་འཁྲུགས་པར་གྱུར་པ་མེད་ཅེས་བྱ་བ་སྟེ། འདི་ལྟར་བཙུན་མོ་ལ་ཡིད་རྣམ་པར་བསྐྱོད་པའང་མེད་ན། འདི་ལྟ་བུའི་གནས་སྐབས་སུ་འགྱུར་བ་ལྟ་མོས་ཀྱང་ཅི་དགོས་ཞེས་མི་སྲིད་པ་ཉིད་དུ་སྟོན་པ་ཡིན་ནོ།།དགའ་བྱེད་ཆུང་མའི་དོན་གྱི་ཕྱིར། །རྒྱ་མཚོའི་ཕ་རོལ་སོན་ཅེས་གྲགས། །ཁྱོད་ཀྱིས་བུད་མེད་སྟོང་ཕྲག་ནི། །བརྒྱད་ཅུ་སྤངས་ནས་ནགས་སུ་གཤེགས། ། ཞེས་བྱ་བ་ལ། དགའ་བྱེད་ནི་རྒྱལ་པོ་ཤིང་རྟ་བཅུ་པའི་བུའོ། །ཆུང་མ་ནི་དེ་ཉིད་ཀྱི་ཆུང་མ་སཱི་ཏཱ་སྟེ་རོལ་རྙེད་མའོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། རྒྱལ་པོ་ཤིང་རྟ་བཅུ་པའི་བཙུན་མོ་གཞོན་པ་ཀཻ་ཀེ་ཡའི་ཕྲག་དོག་གིས་དགའ་བྱེད་ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་བརྫངས་པར་གྱུར་ཏོ། །དེ་ནས་དེ་རང་ཉིད་ཀྱི་ཆུང་མ་རོལ་རྙེད་མ་དང༌། ནུ་བོ་ལཀྵ་མ་ཎ་དང་ལྷན་ཅིག་ཏུ་ནགས་སུ་གནས་པ་ན། ཇི་ཙམ་ན་ལང་ཀཱའི་བདག་པོ་སྒྲ་སྒྲོགས་ཀྱིས་སཱི་ཏཱ་ཆུང་མའི་དོན་དུ་ཕྲོགས་སོ། །དེའི་རྗེས་ཐོགས་ཉིད་དུ་དགའ་བྱེད་ཆུང་མ་དང་བྲལ་བར་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ། སླར་ཡང་རང་གི་ཆུང་མ་ལོན་པའི་དོན་གྱི་ཕྱིར་དུ། རྒྱ་མཚོའི་ཕ་རོལ་ཏེ་ལང་ཀཱར་སོན་ཅེས་ཏེ། ཕྱིན་ཏོ་ཞེས་བྱ་བའི་དོན་ནོ། །གྲག་ཅེས་བྱ་བས་ནི་འཇིག་རྟེན་གྱི་གཏམ་ཡིན་པར་བསྟན་ཏོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཙུན་མོའི་འཁོར་གྲངས་དེ་སྙེད་པ་ལ་ཆགས་པ་མེད་པར་ཡོངས་སུ་སྤངས་ནས་ནགས་སུ་སྟེ། དབེན་པར་གཤེགས་སོ་ཞེས་བྱ་བའི་དོན་ནོ། །རྣ་ཅན་འཐབ་དཀའ་ལ་སོགས་ལ། །ཁྱབ་འཇུག་གིས་ནི་གནོད་པ་བརྩམས། །སེམས་ཅན་རྣམས་ལ་ཕན་བཞེད་པ། །ཁྱོད་ཀྱིས་སྲོག་ཀྱང་བཏང་བར་མཛད། ། ཅེས་བྱ་བ་ལ། འདི་ལྟར་ཐོས་ཏེ། ཀུན་ཏི་བོ་ཛ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དེ་ལ་ཀུན་ཏི་ཞེས་བྱ་བའི་བུ་མོ་གཟུགས་དང་ལང་ཚོ་ལ་སོགས་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང༌། ཇི་ཙམ་ན་དྲང་སྲོང་གནས་ངན་ཞེས་བྱ་བ་དེའི་ཁྱིམ་དུ་ཞུགས་ནས་འོ་ཐུག་བླངས་པ་དང་མྱུར་བར་བསྒྲུབས་ཏེ། འོ་ཐུག་གིས་བཀང་བའི་སྣོད་ལག་པར་བླངས་ནས་ལག་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ཡང་བཞིན་དང་མདོག་རྣམ་པར་འགྱུར་བ་མེད་པར་གུས་པ་དང་བཅས་པར་ཟས་ལ་སྤྱོད་དུ་བཅུག་ནས་ཟས་ཀྱི་མཐར་ཡང་ལག་པའི་པདྨ་གཉིས་པོ་དེ་མ་ཚིག་པར་མཐོང་ནས་ཡོངས་སུ་མགུ་པས་སྨྲས་པ། ང་ལས་མཆོག་ལོང་ཞིག གལ་ཏེ་མཉེས་པར་གྱུར་ན་བདག་སྐྱེས་བུ་གང་འདོད་པ་དེ་དང་དེ་བདག་ཉིད་ཀྱི་དབང་དུ་འགྱུར་བ་དེ་ལྟ་བུའི་མཆོག་སྩོལ་ཅིག དེས་དེ་ལ་རིགས་སྔགས་བྱིན་ནས་རིག་སྔགས་འདི་ཁྱེད་ཀྱིས་བཟླས་ནས་ལན་ལྔའི་བར་དུ་ཁྱོད་མངོན་པར་འདོད་པའི་དངོས་གྲུབ་བྱེད་པར་འགྱུར་རོ་ཞེས་སྨྲས་ནས་སོང་ངོ༌། །དེ་ཡང་གནས་ཀྱི་གཞིར་འདུག་སྟེ། ཅི་རིགས་པ་འདིའི་དོན་བདེན་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་དོགས་པ་སྐྱེ་ཞིག་དེ་ཉམས་སད་པའི་ཕྱིར་དེ་བཟླས་ནས་ཉི་མ་དང་ཕྲད་པར་གསོལ་བ་བཏབ་པ་དང༌། སྐད་ཅིག་མ་དེ་ཉིད་ལ་ཉི་མ་ཤིང་རྟ་དང་བཅས་ཤིང་གོ་ཆ་དང་བཅས་པར་དྲུང་ན་འདུག་པ་དང༌། དེ་མཐོང་ནས་ཀུན་ཏིས་ངའི་གན་དུ་མ་འོང་ཞིག་ཅེས་བཟློག་པ་དང༌། ཉི་མས་སྨྲས་པ། ང་ལ་གསོལ་བ་བཏབ་ནས་བྱ་བ་མ་བྱས་པར་ང་མི་ལྡོག་གོ །ཡང་ན་ཁྱེད་ཀྱི་རིགས་མ་ལུས་པ་རྣམ་པར་བརླག་པའི་དམོད་པ་གདབ་པར་བྱའོ། །དེས་སྨྲས་པ། ཇི་ལྟར་ན་རང་གི་རིགས་བསུན་པར་བྱེད་ཅེས་སྨྲས་པ་དང༌། སླར་ཡང་གཞོན་ནུ་ཉིད་དུ་གྱུར་པའི་མཆོག་བྱིན་ནས་དེ་དང་ལྷན་ཅིག་འདོད་པའི་བདེ་བ་སྤྱོད་ནས་ཉི་མ་སོང་ངོ༌། །དེའི་རྗེས་ཐོག་ཉིད་ལ་རྣ་ཅན་གོ་ཆ་བགོས་པ་དང་བཅས་པ། རྣ་བ་གཉིས་རྣ་ཆས་བརྒྱན་པ་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་གྲོགས་མོ་ཞིག་གིས་སྦྲང་རྩི་དང་མར་གྱིས་ཁ་བཀང་སྟེ། ཤིན་ཏུ་འཇམ་པའི་གོས་ཀྱིས་ལུས་དཀྲིས་ནས་སྒྲོམ་གྱི་ནང་དུ་བཅུག་སྟེ། དེ་བླངས་ནས་གང་གཱའི་ངོགས་སུ་མཚན་མོ་སོང་སྟེ། ཉི་མའི་བུ་ནི་མཛེས་པ་འདི། །སྒྲོམ་འདི་རྒྱ་མཚོས་བསྲུང་བར་གྱིས། །ལྷ་ཡི་ཚོགས་ནི་འདུས་པ་དང༌། ཚངས་པས་ཀྱང་ནི་རྟག་ཏུ་སྲུངས། །ཞེས་སྨྲས་པས་གང་གཱར་བོར་རོ། །གང་གཱ་དང་ཐག་མི་རིང་བ་ན་ཡུལ་འཁོར་སྲུང་གི་རྟའི་སྤྱན་ལྷག་པའི་ཤིང་རྟ་ཞེས་བྱ་བ་རྟ་འཚོ་ཞིང་འདུག་པས་གང་གཱའི་ཆུ་བོས་སྒྲོམ་ཁྱེར་ཞིང་འགྲོ་བ་མཐོང་བ་དང༌། དེ་བླང་བའི་ཕྱིར་འཁོར་རྣམས་ལ་བསྒོ་ནས་ཁྱེར་ཏེ་འོངས་པ་མཐོང་བ་དང་འདི་ངའི་བུར་བྱའོ་སྙམ་ནས་གསོས་པར་གྱུར་ཏོ། །ཡང་དེའི་ཚེ་རི་དབང་ཆེན་ན་དགའ་བྱེད་དགྲ་སྟ་ཅན་ཞེས་བྱ་བ་མཚོན་ཆའི་སྦྱོར་བ་ལ་མཁས་པ་ཞིག་དཀའ་ཐུབ་སྤྱོད་པ་དང༌། དེས་འདི་ལྟར་དམ་བཅས་ཏེ་བྲམ་ཟེ་མ་ཡིན་པ་རྣམས་ལ་ངས་མཚོན་ཆའི་སྦྱོར་བ་འདི་བསླབ་པར་མི་བྱའོ་ཞེས་དམ་བཅས་སོ། །རྣ་ཅན་དེས་ཀྱང་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ། དེའི་གན་དུ་སོང་ནས་བྲམ་ཟེའི་མཚོན་ཆའི་སྦྱོར་བ་བསླབས་སོ། །དེས་ཀྱང་དེ་ལ་ཐམས་ཅད་བསླབས་སོ། །དེས་མཚོན་ཆའི་སྦྱོར་བ་ལེགས་པར་བསླབས་ནས་འཐབ་དཀའི་ཐད་དུ་སོང་སྟེ། དེ་ལ་བདག་ཉིད་རྟེན་པའི་ཕྱིར་སྟབས་ལ། དེས་ཀྱག་ཨང་གའི་ཡུལ་བྱིན་ཏེ། ཨང་གའི་རྒྱལ་པོར་གྱུར་ཏོ། །དེ་བཞིན་རྒྱ་ཆེར་སྦྱར་ཏེ། ཇི་ཙམ་ན་བརྒྱ་བྱིན་གྱིས་བསམས་པ། ད་ནི་འཐབ་པའི་དུས་དང་ཉེ་བར་གྱུར་གྱི། རྣ་ཅན་འདི་དང་སྲིད་སྒྲུབ་རྩོད་པ་བྱེད་པར་འགྱུར་རོ། །སྙམ་ནས་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ་རྣ་ཅན་གྱི་གན་དུ་སོང་ངོ༌། །དེས་ཀྱང་ཅིའི་དོན་དུ་འོངས་ཞེས་ལན་གསུམ་གྱི་བར་དུ་དྲིས་ཤིང་མགྲོན་དུ་བོས་ཀྱང་གསལ་བར་སྨྲར་མ་འདོད་དོ། །ཇི་ཙམ་ན་ལན་བདུན་གྱི་བར་དུ་ཅི་ཞིག་འདོད་ཅེས་དྲིས་པ་དང༌། ཁྱོད་ཀྱི་གོ་ཆ་འདོད་དོ་ཞེའོ། །དེས་སྨྲས་པ། ཅིའི་ཕྱིར་སྔར་ཁྱེད་མི་སྨྲ། ཐེ་ཚོམ་མེད་པར་ཁྱོད་ལ་སྦྱིན་པར་བྱའོ་ཞེས་སྨྲས་ནས། དེའི་འོག་ཏུ་རྡོ་རྗེའི་སྤུ་གྲི་བླངས་ནས་དེ་ལུས་ལས་གོ་ཆ་བཤུས་ཏེ་དེ་ལ་བྱིན་པ་དང༌། བརྒྱ་བྱིན་ཡོངས་སུ་མགུ་ནས་སྨྲས་པ། གང་གིས་སློང་བ་མགུ་བྱའི་ཕྱིར། །རང་གི་སྲོག་ལའང་མི་དཔྱོད་པར། །རྣ་ཅན་ལྟ་བུའི་སྦྱིན་བྱེད་མེད། །ང་དང་འདྲ་བའི་བརྩེ་བྲལ་མེད། །ཅེས་སྨྲས་སོ། །འདི་དག་གི་གཏམ་ནི་ཤིན་ཏུ་མང་མོད་ཀྱི། འདིར་རྒྱས་པར་མ་སྨྲས་སོ། །འཐབ་དཀའ་བྱུང་བའི་གཏམ་ནི་འདི་སྐད་ཐོས་ཏེ། ཡན་ལག་བཀྲ་སྦྱིན་དང༌། སྣ་ཚོགས་བརྩོན་འགྲུས་དང༌། འཇིགས་བྱེད་དང༌། རྒྱས་པ་སྟེ་བཞི་ནི་གང་གཱ་ལས་སྐྱེས་པས་སྤུན་ཡིན་ནོ། །ཡན་ལག་བཀྲ་སྦྱིན་ནི་དྲི་ཟའི་རྒྱལ་པོ་ཡན་ལག་བཀྲ་སྦྱིན་ཞེས་བྱ་བས་མིང་གི་འཁོན་གྱིས་གཡུལ་ངོར་བསད་དོ། །སྣ་ཚོགས་བརྩོན་འགྲུས་ནི་གཅོང་ཆེན་པོས་བཏབ་ནས་ཤིའོ། །འཇིགས་བྱེད་ནི་ཚངས་པར་སྤྱོད་པ་ལ་ཞུགས་པར་གྱུར་བ་དང༌། བདེ་ལྡན་མས་འཇིགས་བྱེད་ལ་སྨྲས་པ། ཡུ་བུ་ཅག་གི་རབས་ཆད་པར་འོང་བས་བུ་སྐྱེད་པའི་རྩོལ་བ་གྱིས་ཤིག དེས་སྨྲས་པ། ངེད་གཉིས་སྤུན་ཡིན་མོད་ཀྱི། ང་ནི་གཞོན་ནུ་ཉིད་ནས་ཚངས་པར་སྤྱོད་པས་འདོད་པའི་བདེ་བ་ཉམས་སུ་མྱོང་བར་མི་བྱེད་དོ་ཞེས་བཟློག་པ་དང༌། དེའི་རིགས་རྒྱུད་ཐམས་ཅད་འདུས་ཏེ། རྒྱལ་པ་ལ་གསོལ་བ་བཏབ་ནས། ཨམ་པི་ཀ་དང༌། ཨམ་པ་ལིང་ཀ་དང་རྟོགས་ལྡན་མ་དེ་གསུམ་དང༌། རྒྱས་པ་འདུས་པ་ལས་རིམ་པ་བཞིན་དུ། ཡུལ་འཁོར་སྲུང་དང༌། སྐྱ་བསེང་དང༌། བློ་ལྡན་ཞེས་བྱ་བ་གསུམ་སྐྱེས་པ་ལས། ཡུལ་འཁོར་སྲུང་དམུས་ལོང་དུ་གྱུར་པ་དང༌། སྐྱ་བསེང་གིས་ས་ཆེན་པོ་ཀུན་ཏུ་རྒྱལ་བར་བྱས་ཏེ། ཡུལ་འཁོར་སྲུང་ལ་བྱིན་ནོ། །ཡུལ་འཁོར་སྲུང་ལ་རྒྱས་པར་མཆོག་བྱིན་པ། ཁྱོད་ཀྱི་ཆུང་མ་དམ་པ་དྲི་ཟ་མོ་ལས་བུ་བརྒྱ་སྐྱེ་བར་གྱུར་ཅིག །དེ་ལས་བུ་ཕོ་འཐབ་དཀའ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །ཇི་ཙམ་ན་དྲི་ཟ་མོ་མངལ་དང་ལྡན་པར་གྱུར་ནས་ལོ་གསུམ་ནས་ཤའི་གོང་བུ་ལྕགས་ཀྱི་ཐོ་བ་འདྲ་བ་སྐྱེས་པ་དང༌། རྒྱས་པས་སྨྲས་པ། འདི་ཤའི་དུམ་བུ་བརྒྱར་གྱིས་ལ་སོ་སོར་བཞག་སྟེ། ཆུ་བསིལ་མོས་ཡང་དང་ཡང་དུ་གཏོར་ཅིག །དེ་ནས་ཇི་ཙམ་ན་དེ་ལས་བུ་བརྒྱ་དབང་པོ་ཡོངས་སུ་རྫོགས་པ་བྱུང་བ་དང༌། བློ་ལྡན་གྱིས་ཡུལ་འཁོར་སྲུང་ལ་སྨྲས་པ། འཐབ་དཀའ་འདི་ནི་སྡིག་པའི་མཚན་ཉིད་དང་ལྡན་པས་གང་གིས་ན་འདི་ལ་བརྟེན་ནས་སྒྲ་ངན་གྱི་རིགས་ཐམས་ཅད་འཇིག་པར་འགྱུར་བར་ཤེས་ཀྱིས། འདི་རྣམ་པ་ཐམས་ཅད་དུ་བསད་པར་བྱ་སྟེ། བུ་གཅིག་བསད་ནས་སྲོག་ཆགས་མང་པོའི་སྲོག་སྦྱིན་པ་ལ་ནི་ཉེས་པ་འགའ་ཡང་ཡོད་པར་མ་མཐོང་སྟེ། ཆོས་ཀྱི་བསྟན་བཅོས་དག་ལས། གང་གིས་འབྲས་བུ་ཆུང་འགྱུར་བ། །སྡིག་པ་ཆེན་པོ་དེ་མི་བྱ། །སྡིག་པ་ཆུང་ལ་དོན་ཆེ་བ། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་བྱུང་ངོ་ཞེས་སྨྲས་པ་དང༌། དེ་བུ་ལ་བརྩེ་བས་གསོད་པར་མ་ནུས་སོ། །སྐྱ་བསེང་ནི་ནགས་སུ་དཀའ་ཐུབ་ལ་སོང་ངོ༌། །བློ་ལྡན་ནི་ཆོས་ཀྱི་ཚིག་ཅན་ཡིན་ལ། ཡུལ་འཁོར་སྲུང་ནི་ནུས་པ་མེད་པར་གྱུར་པ་དང༌། འཐབ་དཀས་རྒྱལ་པོ་བྱས་སོ། །དེ་ནས་རྣ་ཅན་དང༌། འཐབ་དཀའ་གཡུལ་འགྱེད་པའི་བར་དུ་རྒྱ་ཆེར་སྦྱར་ཏེ། དེའི་ཚེ་སྲིད་སྒྲུབ་ཀྱིས་གསོལ་བ་བཏབ་པས་ཁྱབ་འཇུག་ནི་ཤིང་རྟའི་ཁ་ལོ་པར་གྱུར་ནས་གཡུལ་ངོར་དེ་དྲངས་པར་གྱུར་ཏོ། །དེར་གནས་པ་ནི། སྲིད་སྒྲུབ་ཀྱིས་དཔུང་གི་ཚོགས་ཐམས་ཅད་ལ་བལྟས་ནས། འདི་ལྟར། ཀུན་ཏིའི་བུས་ནི་དེ་བལྟས་ནས། །ཐམས་ཅད་གཉེན་དུ་རྣམ་པར་གནས། །མཆོག་ཏུ་བརྩེ་བས་ནོན་པ་ཡི། །ཞུམ་པ་ཡིས་ནི་འདི་སྐད་སྨྲས། །ཁྱབ་འཇུག་གཉེན་རྣམས་མཐོང་བས་ན། །འཐབ་པར་འདོད་དེ་གནས་པ་ལ། །བདག་གི་ལུས་ནི་ཞུམ་གྱུར་ཅིང༌། །ཁ་ཡང་ཡོངས་སུ་སྐམ་པར་བྱེད། །ང་ཡི་ལུས་ནི་འདར་གྱུར་ཅིང༌། །སྤུ་ཡང་རྣམ་པར་ལྡང་བར་གྱུར། །གཞུ་ནི་ལག་ནས་ལྷུང་གྱུར་ཅིང༌། །པགས་པའང་ཡོངས་སུ་ཚིག་པར་གྱུར། །ང་ཡི་ཡིད་ནི་རྣམ་འཁོར་བས། །གནས་པར་བྱ་བར་ནུས་མ་གྱུར། །གང་གི་དོན་དུ་རྒྱལ་སྲིད་དང༌། །ལོངས་སྤྱོད་བདེ་བ་འདོད་གྱུར་པ། དེ་འདི་སྲོག་དག་ནོར་རྣམས་ནི། །སྤངས་ནས་ང་དང་འཐབ་པར་གནས། །ཞེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཐབ་པར་མི་བྱེད་དོ། །ཇི་ཙམ་ན་ཁྱབ་འཇུག་གིས་དེ་སྤྲོ་བ་དང་བྲལ་བར་མཐོང་བ་དང༌། །སྒྲ་ངན་རྣམས་བསད་པར་བྱ་བའི་ཕྱིར་སྤྲོ་བ་བསྐྱེད་པར་སྨྲས་པ། །བུམ་སྐྱེས་འཇིགས་བྱེད་རྒྱལ་བའི་ཤིང་རྟ་རྣ་ཅན་དང༌། །དེ་བཞིན་འཇིག་རྟེན་དཔའ་བོ་གཞན་དག་ང་ཡིས་བསད། །ཁྱེད་ནི་སེམས་ལ་མི་དགའ་མ་བྱེད་གསོད་པར་གྱིས། །གཡུལ་དུ་དགྲ་ལས་ངེས་པར་རྒྱལ་བ་ཉིད་དུ་འགྱུར། །གཞན་ཡང༌། གང་གིས་འདི་ཀུན་རྒྱས་འགྱུར་བ། །དེ་ནི་མི་འཇིག་ཤེས་པར་གྱིས། །མི་འཇིག་པ་དག་མི་ཟད་པ། །དེ་ནི་སུས་ཀྱང་བསད་མི་ནུས། །ལུས་འདི་མཐའ་དང་ལྡན་གྱུར་གྱི། །ལུས་ཅན་དག་ནི་རྟག་པར་བཤད། །འཇིག་མེད་ཚད་མེད་གྱུར་པས་ན། །འཐབ་པར་གྱིས་ཤིག་བྷ་ར་ཏ། །དཔེར་ན་གོས་རྙིང་དག་ནི་བོར་ནས་སུ། །གསར་པ་གཞན་དག་མི་ནི་ལེན་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་གསར་པ་དག་ནི་ལེན་པར་བྱེད། །ཞེས་བྱ་བ་ལ་སོགས་པ་སྨྲས་པས། །དེའི་ཚིག་གིས་རྗེས་སུ་འབྲངས་ཏེ་སྲིད་སྒྲུབ་ཀྱིས་གཡུལ་བཀྱེ་ནས་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་བསད་པར་གྱུར་ཏོ། །སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཞེས་བྱ་བ་ནི་སྲོག་ཆགས་ཞེས་བྱ་བའི་དོན་ནོ། །དེ་ལ་ཕན་པར་བཞེད་པ་ནི་ཕན་པ་ཉིད་མཛད་པར་བཞེད་པའོ། །བཞེད་ནས་ཅི་ཞིག་མཛད་ཅེ་ན། ཁྱོད་ཀྱིས་སྲོག་ཀྱང་བཏང་བར་མཛད། ཅེས་བྱ་བ་ཡིན་ཏེ། འདིར་པདྨ་ཅན་ལ་སོགས་པའི་སྐྱེས་པའི་རབས་དཔེར་སྦྱར་བར་བྱའོ།།ཁྱབ་འཇུག་གིས་ནི་སྒྱུ་བྱས་ནས། །གོམ་གསུམ་གྱིས་ཕྲོགས་གང་ཡིན་པའི། །ས་དེ་ངེས་པར་ཐར་བཞེད་པ། །ཁྱེད་ཀྱིས་རྩྭ་བཞིན་བཏང་བར་གྱུར། །ཅེས་བྱ་བ་ལ། སྒྱུ་ནི་གཡོ་བའི་རྣམ་པའོ། །དེས་སྒྱུ་བྱས་ནས་ཅི་ཞིག་བྱས་ཤེ་ན། གོམ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདི་སྐད་སྟོན་པར་གྱུར་ཏེ། སའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་མིའུ་ཐུང་གི་གཟུགས་སུ་བསྒྱུར་ནས་གོམ་པ་གསུམ་གྱིས་སྟོབས་ལྡན་ལས་ཕྲོགས་པ་ཡིན་ལ། ས་དེ་ནི་ཁྱོད་ཀྱིས་རྩྭ་དང་འདྲ་བར་ལན་མང་དུ་བཏང་ཞིང་བོར་བར་གྱུར་ཏོ། །ཇི་ལྟ་བུ་ཁྱོད་ཀྱིས་ཤེ་ན། ཐར་བཞེད་པ་ཞེས་བྱ་བ་སྨོས་ཏེ། ངེས་པར་ཐར་པ་ཉིད་ཐོབ་པར་བཞེད་པ་གང་ཡིན་པ་དེ་ནི་ཐར་པ་བཞེད་པའོ། །འདིར་མཐོང་དགའ་ཆེན་པོ་ལ་སོགས་པའི་མདོ་དཔེར་སྦྱར་བར་བྱའོ། །ཁྱབ་འཇུག་གིས་སྒྱུ་བྱས་པའི་གཏམ་གང་ཡིན་པ་དེ་ནི་སྔར་ཁྱབ་འཇུག་མིའུ་ཐུང་གཟུགས་བསྒྱུར་ནས། ཞེས་བྱ་བའི་སྐབས་སུ་སྨྲས་ཟིན་ཏོ།།དགའ་བྱེད་སྲོག་གཅོད་བྱེད་པའི་མདས། །འཇིག་རྟེན་རྒྱལ་རིགས་མེད་བྱས་ནས། །གྲགས་པ་ཐོབ་པ་གང་ཡིན་དེ། །ཁྱོད་ཀྱི་བསྟན་ལ་གྲགས་པ་མིན། ། ཞེས་བྱ་བ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། དྲང་སྲོང་ཛ་མ་དག་ནི་ཞེས་བྱ་བ་དེའི་ཆུང་མ་བརྟུལ་ཞུགས་ཅན་མ་ཞེས་བྱ་བ་ལ། དེའི་བུ་ནི་དགའ་བྱེད་ཅེས་བྱ་བ་ཤིན་ཏུ་དཔའ་བ་ཞིག་ཡོད་ལ། ཡང་དེའི་ཚེ་སྲིད་སྒྲུབ་བརྩོན་ཞེས་བྱ་བའི་རྒྱལ་པོ་ཞིག་བྱུང་སྟེ། དེ་བ་ལང་གི་ཚོགས་ཀྱི་གནས་སུ་སོང་བ་དང༌། དྲང་སྲོང་མིས་བྱིན་ཞེས་བྱ་བ་འཐབ་མོ་ལ་མངོན་པར་དགའ་བ་ཞིག་ཡོད་པ་དེའི་ཐད་དུ་སོང་སྟེ། སེར་བའི་སྒྲས་ཛ་མ་དག་ནིའི་འདོད་འཇོའི་བ་ཞིག་ཡོད་པ་སྐྲག་པ་དང༌། རྒྱལ་པོ་སྲིད་སྒྲུབ་ཀྱིས་དྲིས་པ་ན། མིས་སྦྱིན་གྱིས་སྨྲས་པ། ཛ་མ་དག་ནིའི་བུ་འཕོང་སློབ་པའི་གཞུ་རྒྱུད་བརྡབས་པས་བ་འདི་སྐྲག་པ་ཡིན་ནོ་ཞེས་བྱས་པ་དང༌། ངན་སྤོང་གི་སོགས་ལས་བྱུང་བའི་དགའ་བྱེད་ཀྱིས་ཕ་རོལ་གནོན་པ་དང༌། ཡོན་ཏན་གྱི་བསྔགས་པ་སྨྲས་པ་དང༌། དེ་ཁྲོས་ནས་ཅི་ནས་ཀྱང་དགའ་བྱེད་དང་ལྷན་ཅིག་འཐབ་པར་བྱ་བའི་ང་རྒྱལ་སྐྱེས་ནས་བསྟི་གནས་སུ་སོང་སྟེ། བེའུ་ཕྲོགས་པ་དང༌། དགའ་བྱེད་བསམ་གཏན་ལ་གནས་པའི་ལུས་ཀྱི་སྟེང་དུ་སྦྲུལ་ཤི་བ་བསྐྱུར་ཏོ། །རྡུལ་ཅན་མ་ནི་ངང་ཚུལ་བཟང་པོ་ཅན་ཡིན་པས། དེ་མེ་ཏོག་འཐུར་སོང་བ་ན་ཤིང་རྣམས་རང་ཉིད་འདུད་པར་བྱེད་དོ། །དེས་རྒྱལ་པོ་མཐོང་ནས་ཡིད་ཆགས་པར་གྱུར་པ་དང༌། དེ་ནས་བརྩམས་ཏེ་ཤིང་རྣམས་འདུད་པར་མི་བྱེད་དོ། །དེ་ཛ་མ་དག་བསམ་གཏན་གྱི་སྟོབས་ཀྱིས་ཤེས་པ་དང༌། ཆུང་མ་ལ་ཁྲོས་པས་དགའ་བྱེད་ལ། མའི་མགོ་ཆོད་ཅིག་ཅེས་སྨྲས་པ་དང༌། དེས་ཀྱང་ཕས་ཚིག་དུ་བསྒོ་མ་ཐག་མགོ་བཅད་པར་གྱུར་ཏོ། །དེ་ནས་ཕ་མགུ་སྟེ། བུ་མཆོག་སློངས་ཤིག་ཅེས་བྱས་པ་དང༌། དེས་ཀྱང་བདག་གི་མ་སླར་འཚོ་བར་མཛོད་ཅིག་པའི་མཆོག་བླངས་ནས་དེ་འཚོ་བར་གྱུར་ཏོ། །དེ་ནས་བརྩམས་ཏེ་རྒྱུ་དེས་ཁྲོས་པའི་དགའ་བྱེད་ཀྱིས། བདག་གིས་འཇིག་རྟེན་དུ་རྒྱལ་རིགས་གཅིག་ཀྱང་མེད་པར་བྱའོ་ཞེས་དམ་བཅས་སོ། །དེའི་འོག་ཏུ་དགྲ་སྟ་ཐོགས་ཏེ་ཆས་ནས་རྒྱལ་པོ་སྲིད་སྒྲུབ་དང་ལྷན་ཅིག་གཡུལ་སྤྲད་ནས་ཇི་ཙམ་ན་དེ་ལ་ལག་ལ་སྟོང་ཡོད་པ་དགྲ་སྟས་ཐམས་ཅད་བཅད་དེ་ས་ལ་ལྷགས་པར་བྱས་སོ། །དེ་ནས་མགོ་བཙུགས་ནས་རྒྱལ་རིགས་རྣམས་རྩད་ནས་བརླག་པའི་ཕྱིར་ཞུགས་ཤིང༌། འཇིག་རྟེན་དུ་རྒྱལ་རིགས་རྣམས་མེད་པར་བྱས་སོ། །དེ་ལྟར་ན་འཇིག་རྟེན་དུ་རྒྱལ་རིགས་རྣམས་མེད་པ་ཉིད་དུ་བྱས་པས། །འཇིག་རྟེན་རྒྱལ་རིགས་མེད་བྱས་ནས། །ཞེས་བྱའོ། །གང་གིས་བྱས་ཤེ་ན། སྲོག་གཅོད་བྱེད་པའི་མདས་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་རྣམས་སད་ཅིང་མེད་པར་བྱེད་པ་ནི་སྲོག་གཅོད་པ་སྟེ། དེ་བྱེད་པས་མདའ་ཡིན་པས་ན། སྲོག་གཅོད་བྱེད་པས་མདའ་སྟེ་དེས་སོ། །གྲགས་པ་ཐོབ་པ་གང་ཡིན་པ་ཞེས་བྱ་བ་ནི་སྙན་པ་ཐོབ་ཅིང་རྙེད་པའོ། །དགའ་བྱེད་ཅེས་བྱ་བ་ནི་དགའ་བྱེད་དགྲ་སྟ་ཅན་ནོ། །དེ་ཞེས་བྱ་བ་དགའ་བྱེད་ཀྱི་བྱ་བའོ། །ཁྱོད་ཀྱི་བསྟན་ལ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལའོ། །གྲགས་པ་མིན་ཞེས་བྱ་བ་ནི་མི་སྙན་པར་གྱུར་པའོ། །དེ་ཡང་འདི་ལྟར་ཁྱོད་ཀྱི་བསྟན་པ་ལ་སྲོག་ཆགས་གྲོག་སྦུར་ཙམ་བསད་པ་ཡང་སྨད་པར་བྱ་བའི་གནས་ཡིན་ན། རྒྱལ་རིགས་རྣམས་བསད་པ་ལྟ་སྨོས་ཀྱང་ཅི་དགོས།སྒྲ་ངན་དང་ནི་སྐྱ་བསེང་དག །གང་གི་ཕྱིར་ནི་གཡུལ་བཀྱེ་བའི། །དཔལ་དེ་ཁྱོད་ཀྱིས་འཁྲི་ཤིང་ནི། །གདུག་པ་བཞིན་དུ་སྤངས་ནས་གཤེགས། ། ཞེས་བྱ་བ་ལ། སྒྲ་ངན་ནི་འཐབ་དཀའ་ལ་སོགས་པའོ། །སྐྱ་བསེང་ནི་གཡུལ་ངོར་བསྟན་པ་ལ་སོགས་པ་སྟེ་དེ་དག་གོ །གང་གི་ཕྱིར་ནི་གཡུལ་བཀྱེ་བ། ཞེས་བྱ་བ་ནི་རྒྱལ་སྲིད་ཀྱི་དཔལ་གང་གི་དོན་དུ་གཡུལ་འགྱེད་ཅིང་འཐབ་པར་བྱེད་པའོ། །དེ་ཡང་རྒྱལ་སྲིད་ཀྱི་དཔལ་ཉེ་བར་བསྡུ་བའི་དོན་དུ་དེ་རྣམས་ཀྱིས་གཡུལ་སྤྲད་པས་དཔུང་གི་སྡེ་ཚོགས་བཅོ་བརྒྱད་ཀྱི་གྲངས་ཀྱིས་བསྡུས་པའི་སྲོག་ཆགས་རྣམས་འཆི་བའི་དབང་དུ་གྱུར་ཏོ། །དཔལ་དེ་ཞེས་བྱ་བ་ནི་ས་སྟེང་གི་རྒྱལ་སྲིད་ཕུན་སུམ་ཚོགས་པ་སྟེ། དེ་སྤངས་ཤིང་ཡོངས་སུ་དོར་བའོ། །དེ་ཇི་ལྟ་བུར་སྤངས་ཤེ་ན། འཁྲི་ཤིག་གདུག་པ་བཞིན་དུ་ནི། ཞེས་བྱ་བ་སྨོས་ཏེ། ཤིང་གང་ལ་གདུག་པའི་སྦྲུལ་རྣམས་ཀྱིས་དཀྲིས་ནས་འདུག་པ་དེ་ལ་འགའ་ཞིག་འཇིགས་པས་སྤོང་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་སྙེས་པར་སྤྱོད་པའི་སྦྲུལ་གྱི་དུག་གིས་རྨས་ཤིང༌། སྐད་ཅིག་མ་ཙམ་དུ་ཡང་དགའ་བར་ཡོངས་སུ་མ་གྱུར་པ་སྡུག་བསྔལ་བའི་རྒྱལ་སྲིད་ཀྱི་དཔལ་ཡོངས་སུ་སྤངས་ནས་བལྟོས་པ་མེད་པར་རབ་ཏུ་གཤེགས་པ་ཡིན་ནོ།།ཁྱོད་ཀྱི་བསྟན་པ་རྙེད་པ་ན། །ཐང་ཤིང་ནགས་ན་ལྷ་ཆེན་པོ། །རྣལ་འབྱོར་དབང་ཕྱུག་སྤྱོད་པ་པོ། །དེ་ནི་མི་ཤེས་སྤྱོད་པར་བས། ། ཞེས་བྱ་བ་ལ། ཁྱོད་ཀྱི་བསྟན་པ་ཞེས་བྱ་བ་ནི་མགོན་པོ་ཁྱོད་ཀྱི་བསྟན་པ་ཆོས་འདུལ་བའི་གསུང་རབ་ཅེས་བྱ་བའི་དོན་ནོ། །དེ་རྙེད་པ་ནི་བརྟགས་ནས་ཤེས་པའོ། །ཐང་ཤིང་ནགས་ན་ཞེས་བྱ་བ་ནི་ཐང་ཤིང་གི་ནགས་ཚལ་ཏེ། དེ་ནས་ལྷ་ཆེན་པོ་ཞེས་བྱ་བ་བདེ་བྱེད་དོ། །རྣལ་འབྱོར་ནི་བསམ་གཏན་གྱི་ཁྱད་པར་ཏེ། དེ་ལ་དབང་བྱེད་པས་ན་རྣལ་འབྱོར་དབང་ཕྱུག་ཅེས་བྱ་སྟེ། བསམ་གཏན་སྣ་ཚོགས་པ་ཐོབ་པའི་དྲང་སྲོང་རྣམས་ཞེས་བྱ་བའི་དོན་ནོ། །རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་ནི་ལུས་ཀྱི་རྣམ་པར་འགྱུར་བའོ། །གང་ཞེས་བྱ་བ་ནི་བསྟན་པའོ། །དེ་ནི་ཞེས་བྱ་བ་ནི་བཤད་པའོ། །མི་ཤེས་པ་ནི་ཀུན་ཏུ་རྨོངས་པ་སྟེ། དེའི་སྤྱོད་པ་ནི་རྣམ་པར་འགྱུར་བའི་ཚུལ་ཡིན་པས་ན་མི་ཤེས་སྤྱོད་པ་བས་ཞེས་བྱའོ། །དེ་ཡང་འདི་སྐད་སྟོན་ཏེ། ཐང་ཤིང་གི་ནགས་ན་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་དྲང་སྲོང་རྣམས་ལ་ལྷ་ཆེན་པོས་སྤྱོད་པ་གང་ཞིག་བྱས་པ་ཐོས་ན། དེ་ནི་ཁྱེད་ཀྱི་བསྟན་པའི་གསུང་རབ་ལ་བལྟོས་ཅན་ཤིན་ཏུ་མི་ཤེས་པས་རྨོངས་པའི་རྣམ་པར་འཕྲུལ་པ་ཡིན་པར་ཤེས་སོ། །འདིའི་གཏམ་གང་ཡིན་པ་དེ་ནི། ལྷ་ཆེན་འདོད་པ་ཅན་གྱི་མཚན། ཞེས་བྱ་བའི་སྐབས་སུ་བྲིས་པས་ཡང་མ་བྲིས་སོ།།དབང་པོ་བཤོལ་མེད་བྱི་བོ་ཞེས། །བྲམ་ཟེ་ད་དུང་བར་དུ་སྒྲོགས། །ཁྱོད་ཀྱིས་འབྲས་བུ་མཆོག་བརྙེས་པའི། །གྲགས་པ་བརྒྱ་བྱིན་སྒྲོགས་པར་གྱུར། ། ཅེས་བྱ་བ་ལ། དབང་པོ་ཞེས་བྱ་བ་ནི་བརྒྱ་བྱིན་ནོ། བཤོལ་མེད་ཅེས་བྱ་བ་ནི་དྲང་སྲོང་གཽ་ཏ་མའི་ཆུང་མའོ། །བྲམ་ཟེ་ད་དུང་བར་དུ་སྒྲོགས། ཅེས་བྱ་བ་ནི་བྲམ་ཟེ་རྣམས་ད་དུང་ཡང་དམོད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། བྱི་བོ་ཞེས་བྱ་བ་སྟེ་མི་རིགས་པར་སྤྱོད་པའོ། །དེ་ཡང་རིག་བྱེད་ཀྱི་བརྒྱ་བྱིན་འབོད་པའི་སྐབས་ནས་བཤོལ་མེད་བྱི་བོ་ཞེས་འདོན་པའི་ཕྱིར་རོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཁྱོད་ཀྱི་ཡོན་ཏན་གྱི་གྲགས་པ་ནི་བརྒྱ་བྱིན་ཉིད་སྒྲོགས་ཤིང་གསལ་བར་བྱེད་དོ། །ཅི་ཞིག་སྒྲོགས་ཤེ་ན། འབྲས་བུ་མཆོག་བརྙེས་པ་ཞེས་བྱ་བ་ཡིན་ཏེ། འབྲས་བུ་མཆོག་གི་སྒྲ་ནི་འདིར་རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་པར་འདོད་དེ། འཇིག་རྟེན་པའི་འབྲས་བུ་ཐམས་ཅད་ལ་བལྟོས་ནས་དེ་སྐད་བཏགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཟག་པ་མེད་པའི་ལམ་གྱིས་ཐོབ་པ་དང༌། མི་འཕོ་བ་ཉིད་ཡིན་ནོ། །དེ་ཡང་འབྲས་བུའམ་ངེས་པ་སྔོན་འགྲོ་ལས་ཞེས་བྱ་བ་ལ་སོགས་པ་ཆོས་མངོན་པ་ལས་བཤད་པ་དང༌། འདིར་བརྒྱ་བྱིན་གྱིས་ཞུས་པའི་མོད་དཔེར་སྦྱར་བར་བྱའོ།།ཁྱབ་འཇུག་དག་ནི་ནག་ཁྲ་བོས། །བྲེད་འཐོམས་གྱུར་ནས་ཀུན་གཏོང་གི །ཁྲི་ཡི་འོག་ཏུ་ཞུགས་པར་གྱུར། །གཙོ་ཁྱོད་ཀུན་དུ་བསྙེངས་མི་མངའ། ། ཞེས་བྱ་བ་ལ། འཇིག་རྟེན་འདིར་ལྷ་མ་ཡིན་ནག་ཁྲ་བོ་ཞེས་བྱ་བ་དང༌། ཀུན་གཏོང་ཞེས་བྱ་བ་ཕ་རོལ་གནོན་པ་ཆེན་པོ་དང་ལྡན་པ་གཉིས་ཤིག་བྱུང་བ་དང༌། དེ་དག་ཕན་ཚུན་དྲེགས་པའི་དབང་གིས་མི་མཐུན་པར་གྱུར་ལ། དེས་ཀྱང་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱིར་རོ། །བརྩོན་པ་ནི་ཁྱབ་འཇུག་གིས་དེའི་བརྩོན་པ་མི་བཟོད་པས་གསོད་པའི་ཐབས་ལ་བརྩོན་པར་བྱེད་དོ། །ཇི་ཙམ་དུ་དུས་གཞན་ཞིག་གི་ཚེ་ཁྱབ་འཇུག་འཁོར་ལོ་ཐོགས་ཏེ། ནག་ཁྲ་བོའི་གན་དུ་སོང་ནས་དེ་དང་ལྷན་ཅིག་འཐབ་པ་ལ་ཞུགས་པ་དང༌། དེ་ནས་དེ་དབྱུག་པས་བསྣུན་ཏེ། ལུས་སྣད་པར་གྱུར་པས་ཁྱབ་འཇུག་འདར་ཞིང་ཞུམ་པ་དང༌། འབྲོས་པར་རྩོམ་པ་དང༌། གནས་གཞན་མ་རྙེད་པས་ཀུན་གཏོང་ཉལ་བའི་ཁྲིའི་འོག་ཏུ་ཞུགས་པར་གྱུར་ཏོ། །དེ་ཡང་མགྱོགས་པར་འོངས་ནས་གར་སོང༌། སླར་བྱུང་ཞིག་ཅེས་སྨྲས་པ་དང༌། ཀུན་གཏོང་གཉིད་སད་པར་གྱུར་ཏོ། །སད་ནས་ཀྱང་དེ་འོངས་པ་མཐོང་ཞིང་ཁྲིའི་འོག་ནས་སྐྱོབས་ཤིག་ཅེས་ཉམ་ཐག་པའི་སྒྲ་ཐོས་ཏེ་བསམས་པ། འདི་ནི་ངེས་པར་ཁོ་བོ་བསད་པའི་ཕྱིར་འོངས་ལ། ངའི་བསྙེན་བཀུར་བ་ནི་སྐྲག་ནས་ཁྲིའི་འོག་ཏུ་ཞུགས་པ་ཡིན་ནོ་སྙམ་དུ་བསམས་ནས། གཞན་གྱི་བརྙས་པ་ཆེན་པོ་འདི་ལྟ་བུ་སུ་ཞིག་གིས་བཟོད་པར་ནུས་ཞེས་སྨྲ་ཞིག མཚོན་ཆ་བླངས་ཏེ་ལངས་ནས། དེ་དག་ཕུན་ཚུན་འཐབ་པར་གྱུར་པ་དང༌། གཉིས་ཀ་ཤི་བར་གྱུར་ཏོ། །ཁྱབ་འཇུག་ནི་སྲེད་མེད་ཀྱི་བུའོ། །ནག་ཁྲོ་བོ་ནི་ལྷ་མ་ཡིན་ཏེ། དེས་བྲེད་ཅིང་འཇིགས་པས་ནག་ཁྲ་བོས་བྲེད་པའོ། །དེས་འཐོམས་པར་གྱུར་པ་ནི་སེམས་འཁྲུགས་པར་གྱུར་པའོ། །ཀུན་གཏོང་ཁྲིའི་འོག་ཏུ་ཞུགས་པར་གྱུར་ཅེས་བྱ་བ་ནི་ལྷ་མ་ཡིན་ཀུན་གཏོང་གི་ཁྲིའི་འོག་ཏུ་འཇིགས་པས་ཞུགས་པར་གྱུར་པའོ། །གཙོ་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ། དབང་ཕྱུག་ཅེས་བྱ་བའི་དོན་ནོ། །བསྙེངས་མི་མངའ་ཞེས་བྱ་བ་ནི་བསྙེངས་པ་མི་མངའ་བའོ། །གང་ལ་མི་བསྙེངས་ཤེ་ན། ཀུན་ཏུ་ཞེས་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འཇིགས་པ་ཐམས་ཅད་ལས་བརྒལ་བའོ་ཞེས་གསུངས་པ་ཡིན་ནོ།།སྐྱེ་དགུའི་བདག་པོ་རང་ཉིད་ཀྱི། །བུ་མོ་དང་ནི་འཁྲིག་ཅེས་ཐོས། །ཐུབ་པ་ཁྱོད་ཀྱིས་སློབ་མ་ཡང༌། །ཚངས་པར་སྤྱོད་པ་སྐྱོན་མ་མཆིས། ། ཞེས་བྱ་བ་ལ། འདི་ལྟར་ཐོས་ཏེ་བར་གྱི་བསྐལ་བ་འདི་ལ་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་ལ། ཇི་ཙམ་ན་བུ་མོ་བརྟུལ་ཞུགས་བཟང་མོ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ལྷའི་བུ་མོ་གཞན་རྣམས་ཟིལ་གྱིས་མནན་ནས་གནས་པ་ཞིག་སྐྱེས་ཏེ། གང་གིས་ན་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་འཇིག་རྟེན་ཐམས་ཅད་འབྱིན་པ་ཡང་ངོ་མཚར་གྱི་བློ་སྐྱེས་ཏེ། ངས་འདི་ལྟ་བུ་འབྱིན་ཅིང་སྐྱེད་པར་མི་ནུས་སོ་སྙམ་མོ། །དེ་ནས་དེ་བླངས་ཏེ་ཚངས་པའི་འཇིག་རྟེན་བར་དུ་སྦྱར་རོ། །ཇི་ཙམ་ན་ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། ཆོས་ཀྱང་ལུས་དང་ལྡན་པར་བྱས་ནས་གནས་གཅིག་ཏུ་ཚོགས་པར་གྱུར་པ་དང༌། ངའི་བུ་མོ་དཔལ་མོ་ཡང་ཟིལ་གྱིས་མནོན་པ་འདི་ལ་ལྟོས་ཤིག་ཅེས་སྨྲས་ནས་དེ་ཉིད་དུ་འདུག་གོ །ཇི་ཙམ་ནས་ཚངས་པ་འདོད་ཆགས་སྐྱེས་ཏེ། རང་གི་ཡིད་འཛིན་པར་མ་ནུས་ནས་དེ་དང་ལྷན་ཅིག་ལོག་པར་ཞུགས་སོ། །དེ་བཞིན་དུ་དབང་ཕྱུག་ཆེན་པོ་དང༌། ཆོས་དང༌། སྐྱེ་དགུའི་བདག་པོ་མྱུར་བ་ཡང་དེ་ལ་ལོག་པར་ཞུགས་སོ། །དེའི་རྗེས་ཐོགས་ཉིད་ལ་བུ་བཞི་ཁ་དོག་བཅས་ཞེས་བྱ་བ་དུས་གཅིག་ཏུ་སྐྱེས་སོ། །དེ་ནས་ཚངས་པས་སྨྲས་པ། ཐམས་ཅད་ངའི་བུ་མོ་ཡིན་ནོ། །དབང་ཕྱུག་ཆེན་པོ་ལ་སོགས་པས་ཀྱང་དེ་སྐད་སྨྲས་པ་དང༌། རྒྱུ་དེ་ལས་ཚངས་པའི་འཇིག་རྟེན་ནས་ཅ་ཅོའི་སྒྲ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །གཏམ་ཏེ་ཐོས་ནས་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་འོངས་ནས་རྩོད་པ་ཞི་བར་བྱ་བའི་ཕྱིར། །བུ་ནི་ཕལ་ཆེར་འཇིག་རྟེན་ན། །ཕ་དང་འདྲ་བར་འགྱུར་པས་ན། །གཟུགས་ཀྱིས་གང་ཞིག་གང་དང་འདྲ། །དེ་ནི་དེ་ཡི་ཡིན་ཞེས་བྱ། །ཞེས་སྨྲས་སོ། །དེའི་འོག་ཏུ་གཟུགས་དང་མཐུན་མཐུན་དུ་རང་རང་གི་བུ་ཡོངས་སུ་བླངས་པར་གྱུར་ཏོ། །སྐྱེ་དགུའི་བདག་པོ་ནི་མྱུར་བ་ཞེས་བྱ། རང་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བུ་མོ་ནི་བདག་ཉིད་ཀྱིའོ། །འཁྲིག་ཅེས་བྱ་བ་ནི་འདོད་པ་སྤྱད་པ་སྟེ། དེ་དང་ལྷན་ཅིག་འདོད་པའི་བདེ་བ་ཉམས་སུ་མྱོང་བའོ། །ཐོས་ཞེས་བྱ་བ་གཏམ་དེ་ལྟར་ཐོས་པའོ། །ཐུབ་པ་ཁྱོད་ཅེས་བྱ་བ་ནི་བོད་པའོ། །སློབ་མ་ལའང་ཞེས་བྱ་བ་ནི་ཉན་ཐོས་རྣམས་ལའང་ཞེས་བྱ་བའི་དོན་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྨོས་ཀྱང་ཅི་དགོས། ཞེས་པའི་འང་གི་སྒྲ་ལས་ཤེས་པར་བྱའོ། །ཚངས་པར་སྤྱོད་པ་སྐྱོན་མ་མཆིས། ཞེས་བྱ་བ་ལ་ཚངས་པ་ནི་དབང་པོ་སྡོམ་པ་དང༌། ཚུལ་ཁྲིམས་སྡོམ་པ་ཞེས་བྱ་བའི་དོན་ནོ། །སྐྱོན་མ་མཆིས་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་གང་ལ་རྙོག་པའི་དྲི་མ་མེད་པ་དེ་ནི་སྐྱོན་མ་མཆིས་པའོ།།བྲམ་ཟེ་རྣམས་ནི་དགེ་སྡིག་དག །སྦྱིན་པ་ལེན་ཞིང་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང༌། །མ་བྱས་པ་དང་ཕྲད་མེད་གསུངས། ། ཞེས་བྱ་བ་ལ། སྦྱིན་པ་དང་ལེན་པ་ནི་སྦྱིན་པ་ལེན་པ་སྟེ། དེ་གཉིས་མཉམ་པར་གནས་པའི་ཕྱིར་སྦྱིན་པ་ལེན་བཞིན་ཞེས་བྱའོ། །ཅི་ཞིག་ཅེ་ན་འཕོ་བར་སྨྲ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན་དགེ་སྡིག་དག་ཅེས་བྱ་བ་སྨོས་ཏེ། དགེ་བ་ནི་བསོད་ནམས་ཏེ་ལེགས་པར་སྤྱོད་པའོ། །སྡིག་པ་ནི་བསོད་ནམས་མ་ཡིན་པ་སྟེ། ཉེས་པར་སྤྱོད་པའོ། །དགེ་བ་དང་སྡིག་པ་དེ་དག་འཕོ་བ་ནི་རྣམ་པར་འཕོ་བའོ། །སུ་ཞིག་དེ་ལྟར་ཟེར་ཞེ་ན། །བྲམ་ཟེ་རྣམས་ནི་ཞེས་བྱ་བ་སྨོས་ཏེ། དྲང་སྲོང་རྣམས་ཞེས་བྱ་བའི་དོན་ནོ། །དེ་ཡང་འདི་ལྟར་གསེར་དང༌། དབྱིག་དང༌། ཟས་དང༌། སྐོམ་ལ་སོགས་པ་ནི། གཞན་དག་ལ་སྦྱིན་པ་དང༌། གཞན་དག་ལས་ལེན་པར་རིགས་པ་དེ་བཞིན་དུ། བསོད་ནམས་དང་སྡིག་པ་ཡང་དེ་དང་འདྲའོ་ཞེས་བྱ་སྟེ། དེ་ཡང་བྲམ་ཟེ་རྣམས་འདི་སྐད་ཅེས། བྲམ་ཟེ་གསོད་པ་ལ་སོགས་པའི་སྡིག་པ་གཞན་དག་ལས་རང་འགས་ལེན་པ་ནི་འཕོ་བར་འགྱུར་ཞིང༌། བསོད་ནམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེ་ལྟར་ཡིན་ན་བྱས་པ་ཆུད་ཟ་བར་འགྱུར་ཏེ། ལེགས་པར་སྤྱོད་པ་དང་ཉེས་པར་སྤྱོད་པ་བྱས་ནས་རྣམ་པར་སྨིན་པ་མ་སྨིན་པར་ཆུད་ཟ་བར་ཐལ་བར་འགྱུར་ཏེ། གཞན་དག་ལ་རྣམ་པར་སྨིན་པ་སྦྱིན་པའི་ཕྱིར་རོ། །ལེགས་པར་སྤྱོད་པ་དང༌། ཉེས་པར་སྤྱོད་པ་མ་བྱས་པ་དང་ནི་ཕྲད་པར་ཐལ་བར་འགྱུར་ཏེ། གཞན་གྱིས་བྱས་པའི་སྡུག་པ་དང་མི་སྡུག་པའི་འབྲས་བུ་འདི་དག་ལ་སྤྱོད་པའི་ཕྱིར་རོ། །དེ་བས་ན་དེ་དག་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་གཞན་གྱིས་བྱས་པ་གཞན་སྤྱོད་པར་འགྱུར་ན་ནི། ཕས་ཟན་ཟོས་པ་ཙམ་གྱིས་ཅིའི་ཕྱིར་བུ་འབྲངས་པར་མི་འགྱུར། གལ་ཏེ་རང་གི་རྟོག་པ་གཞན་ལ་སྐྱེ་ན་ནི་བསྟན་བཅོས་ལན་གཅིག་ཐོས་པས་བསྟན་བཅོས་ཐམས་ཅད་འཛིན་ཅིང་ཤེས་པར་ཇི་ལྟར་མི་འགྱུར། གལ་ཏེ་འཕོ་བ་ཡོད་ན་ཅིའི་ཕྱིར་རྟོག་པ་ཉིད་ལས་འཕོ་བར་འགྱུར། གཞན་དག་བསྟན་ལ་དགེ་བ་མི་བྱེད་དེ། །གཞན་གྱིས་བྱས་པ་འདི་ཡིས་རྗེས་མི་འགྲོ། །རང་གི་ཐོབ་པས་བྱས་ཆུད་མི་ཟ་ཞིང༌། །མ་བྱས་པ་ཡིས་མ་བྱས་གྲུབ་ཡོད་མིན། །མ་བྱས་པ་ནི་ནམ་ཡང་བྱས་མ་ཡིན། །མ་བྱས་པ་ལས་གཞན་དུ་བདེར་མི་འགྱུར། །འབྱོར་པ་དེར་ནི་འགྲོ་བ་ཡོད་མིན་ཏེ། །དེ་བས་དགེ་ལས་བྱ་བ་ལ་འབད་གྱིས། །ཞེས་བཤད་པ་ཡིན་ནོ།།སེར་སྐྱས་བདག་གི་མཚན་ཉིད་ནི། །ཤེས་དང་ལྡན་པ་རབ་ཏུ་བརྟགས། །ཁྱོད་ཀྱིས་དེ་ལྟར་ཡིན་ན་བདག །མི་རྟག་ཉིད་དང་ལྡན་ཞེས་བསྟན། །ཅེས་བྱ་བ་ལ། བདག་གི་མཚན་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་མཚན་ཉིད་དོ། །ཤེས་དང་ལྡན་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པ་སྟེ། ཤེས་པའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་ནི་ཤེས་པ་དང་ལྡན་པ་སྐྱེས་བུའི་རང་གི་ངོ་བོར་རྟོགས་པའོ། །དེ་ཡང་བསྐལ་པ་དང་པོའི་ཚོ་སེར་སྐྱ་ཞེས་བྱ་བའི་དྲང་སྲོང་ཞིག་བྱུང་སྟེ། དེ་ནི་གྲངས་ཅན་གྱི་བསྟན་བཅོས་རྩོམ་པར་བྱེད་པ་པོ་ཡིན་ལ། དེའི་སློབ་མ་ཡང་སེར་སྐྱ་བ་ཞེས་བྱ་སྟེ། སེར་སྐྱའི་བུ་ཡིན་པས་ན་སེར་སྐྱ་བ་ཞེས་སློབ་མ་ལ་ཡང་བུ་ཞེས་བྱ་ལ། སེར་སྐྱ་པས་དེ་ཡོངས་སུ་བརྟག་པ་ན་ཁས་བླངས་པ་སྟེ། འདི་ནི་རིགས་པ་མེད་པས་ཡོངས་སུ་བརྟགས་པ་ཙམ་ཁོ་ན་ཡིན་ནོ་ཞེས་སྟོན་ནོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཁས་བླངས་པར་གྱུར་ན། བདག་དེ་མི་རྟག་པ་དང༌། མི་བརྟན་པ་དང༌། སྐད་ཅིག་མར་འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་མགོན་པོ་ཁྱོད་ཀྱིས་བསྟན་ཏོ། །དེ་ཡང་དེ་རྣམས་ཀྱི་སྐྱེས་བུ་ནི་སེམས་དང་ལྡན་པ་དང༌། རྟག་པ་ཉིད་ཡིན་པར་ཁས་འཆེ་བ་མི་རིགས་སོ། །དེ་ཡང་གང་གི་ཕྱིར་དང་པོ་མིག་གི་དབང་པོས། གཟུགས་ཤེས་པར་གྱུར་ལ། དེའི་ཚེ་སྐྱེས་བུ་སྒྲ་ལ་སོགས་པ་ཤེས་པར་འགྱུར་བ་ན། གལ་ཏེ་ཤེས་པའི་གཟུགས་ཅན་དང་རྟག་པ་ཡིན་ན། དེ་རྟག་ཏུ་ཡུལ་གཟུགས་ཤེས་པ་ཉིད་དུ་འགྱུར་ལ། དེ་བས་ན་སྒྲ་ལ་སོགས་པ་ལ་འོན་པ་དང་ལྐུགས་པ་དང་འདྲ་བར་འགྱུར་ན། འཇིག་རྟེན་ན་འདི་ལྟ་བུ་ནི་མི་སྣང་ངོ༌། །ཡང་དབང་པོ་གཞན་དག་གིས་གཟུགས་ཤེས་པར་འགྱུར་ན། ཡང་ལན་འགར་སྒྲ་ལ་སོགས་པ་གཞན་དག་གིས་ཤེས་པར་འགྱུར་བས་འདི་ནི་གསལ་བ་ཉིད་དུ་ཤེས་པ་དང་ལྡན་པར་འགྱུར་ཏེ། རྣམ་པར་འགྱུར་བ་ལ་སོགས་པའི་ཉེས་པ་ཡོད་པར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། རྟག་འགྱུར་ཡུལ་རྣམས་ཀུན་ལྡན་པའི། །སྐྱེས་བུ་ཞེས་ནི་ཇི་ལྟར་བརྗོད། །རྒྱུ་གཞན་དག་ལ་བལྟོས་བཅས་ན། །དེ་ལྟ་ན་ནི་ཇི་ལྟར་རྟག །གང་ཡང་ཅུང་ཟད་རྟོགས་གྱུར་པ། །དེ་ཀུན་བརྟན་པའི་བདག་ཅན་མིན། །གལ་ཏེ་བུམ་ལྟར་བདག་མི་རྟག །དེ་ཚེ་རི་བོང་རྭ་མཚུངས་འགྱུར། །དོན་གྱི་བྱ་བ་ནུས་པ་གང༌། །དོན་དེ་དམ་པའི་དོན་དུ་ཡོད། །མེད་ཅིང་སྐད་ཅིག་པར་དེ་གྱུར། །རིམ་དང་རིམ་པ་མིན་པར་འགལ། །ཞེས་བྱ་བ་ལ་སོགས་པའི་སོགས་པ་ཡིན་ནོ།།༤༣།།གཟེགས་ཟན་གྱིས་ནི་ཤེས་ལས་བདག །གཞན་དང་ཁྱབ་པར་ཡོངས་སུ་བརྗོད། །ཁྱོད་ཀྱིས་དེ་ནི་ཤེས་མེད་ན། །ཤིང་དང་འདྲ་བར་ཐལ་འགྱུར་གསུངས། །ཞེས་བྱ་བ་ལ། གཟེགས་ཟན་ཞེས་བྱ་བ་ནི་དྲང་སྲོང་ཆེན་པོའོ། །ཤེས་པ་ཞེས་བྱ་བ་ནི་རྟོགས་པའི་བདག་ཉིད་ཅན་ཏེ། གཞན་གྱི་དོན་གྱི་རང་གི་ཡོན་ཏན་ནོ། །དེ་བས་ན་བདག་ནི་གཞན་ཡིན་གྱི། ཇི་ལྟར་གྲངས་ཅན་གྱིས་ཤེས་པའི་སྐྱེས་བུའི་རང་གི་གཟུགས་སུ་བརྟགས་པ་དེ་ལྟར་ནི་མ་ཡིན་ནོ། །ཁྱབ་པ་ཞེས་བྱ་བ་ནི་ཐམས་ཅད་ཁྱབ་པའོ། །ཡོངས་སུ་བརྗོད་པར་བྱ་བ་ནི་ཤེས་པ་དག་ལས་བདག་དེ་གཞན་པ་དང་ཁྱབ་པ་ཡིན་པར་ཡོངས་སུ་བཤད་དོ་ཞེས་བྱ་བའི་དོན་ནོ། །དེ་ཡང་འདི་ལྟར་དྲང་སྲོང་ཆེན་པོ་གཟེགས་ཟན་ཞེས་བྱ་བ་བྱེ་བྲག་པའི་བསྟན་བཅོས་རྩོམ་པ་པོ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་རྟོགས་པའི་རང་བཞིན་ཅན་ཡིན་ན་ནི་མི་རྟག་པར་ཐལ་བར་འགྱུར་ལ། བདག་ནི་རྟག་པ་ཉིད་དུ་ཁས་བླང་དགོས་སོ། །དེ་བས་ན་བདག་ནི་ཤེས་པའི་གཟུགས་ཅན་མ་ཡིན་གྱི། ཤེས་པ་ནི་རྟོགས་པའི་བདག་ཉིད་ཅན་ཡིན་ཏེ། དེས་ཀྱང་ཡུལ་ལ་ཉེ་བར་སྤྱད་ནས་ཡུལ་གྱི་གཟུགས་བརྙན་གྱིས་སྐྱེས་བུར་ཉེ་བར་གནས་ལ། དེ་ཡང་ཁྱབ་པ་དང་རྟག་པ་ཡིན་པས་འདིར་ཉེས་པ་འགའ་ཡང་མེད་དོ་ཞེས་ཟེར་རོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེ་ལྟར་ཡིན་ན་དེ་ཤེས་པ་མེད་པས་ཤིང་དང་འདྲ་བར་ཐལ་བར་འགྱུར་རོ་ཞེས་གསུང་ངོ་ཞེས་པའི་དོན་ནོ། །གང་གི་ཕྱིར་གལ་ཏེ་བདག་གིས་ཅུང་ཟད་ཀྱང་མི་ཤེས་ན། རྩྭ་དང་ཤིང་ལ་སོགས་པས་ཀྱང་ཅུང་ཟད་མི་ཤེས་ལ། དེ་ལྟར་ཡིན་ན་ནི་རྩྭ་དང་ཤིང་ལ་སོགས་པ་དང༌། བདག་འདི་ཡིན་ནོ་ཞེས་ཕན་ཚུན་ཅིག་གི་ཁྱད་པར་འགའ་ཡང་ཡོད་པར་མི་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་མི་ཤེས་པ་བདག་ཡིན་ན། །ཤིང་དང་རྩྭ་སོགས་ཅིས་མི་འདོད། །མི་ཤེས་པར་ནི་མཚུངས་པ་ལས། །ཇི་ལྟར་ཅིག་ཤོས་སེམས་མེད་ཡིན། །བདག་གི་དེ་ཉིད་རྟག་ཡིན་ན། །དེ་ཡི་རྟག་པ་ཇི་ལྟ་བུ། །བྱེད་པ་དང་ནི་སྤྱོད་པ་དག །རྟག་པར་འགྱུར་བ་ཇི་ལྟར་རིགས། །དེ་ལ་སོགས་པའི་ཉེས་པ་ནི། །གཞུང་འདིར་ཡོད་པར་ཐལ་འགྱུར་བས། །དེ་ཕྱིར་ཕྱོགས་འདིའང་རིགས་པ་ནི། །མཁས་པ་རྣམས་ནི་ཁས་མི་ལེན། །ཞེས་བྱ་བའོ།།གཅེར་བུས་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཁྱོད་ཀྱིས་དེ་ནི་ཕྱོགས་གཅིག་ཕྱིར། །རྣམ་པར་འཇིག་པར་འགྱུར་ཞེས་གསུངས། ། ཞེས་བྱ་བ་ལ། གཅེར་བུ་ཞེས་བྱ་བ་ནི་ཕྱོགས་ཀྱི་གོས་ཅན་ནོ། །ལུས་ཀྱི་ཚད་བཞིན་དུ་ཞེས་བྱ་བ་ནི་ལུས་ཏེ་གཟུགས་ཀྱི་ཚད་ཡིན་པས་ན། ལུས་ཀྱི་ཚད་བཞིན་དུ་སྟེ། དེ་དང་ལྡན་པའོ། །དེ་ཡང་ཕྲ་རབ་ལ་ནི་ཤིན་ཏུ་ཕྲ་རབ་ཡིན་ལ། ཆེན་པོ་ལ་ནི་ཆེན་པོ་ཡིན་ནོ། །སྲོག་ཅེས་བྱ་བ་སྟེ་ལུས་ཐམས་ཅད་ཁྱབ་པ་ཡིན་ལ། ལུས་དེ་ནི་དེའི་ཟ་མ་ཏོག་བཞིན་དུ་གནས་སོ། །དེས་ན་འདི་ཞུམ་པར་འགྱུར་ན། དེ་ཞུམ་པར་འགྱུར་ལ། འདི་རྒྱས་པར་འགྱུར་ན་དེ་རྒྱས་པར་འགྱུར་རོ། །དེ་ཡང་ཞུམ་པ་ནི་འདུས་པར་འགྱུར་པ་སྟེ། དེ་གང་ལ་ཡོད་པ་དང༌། རྒྱས་པ་ནི་བརྐྱངས་པར་གྱུར་པ་སྟེ། དེ་ནི་སྲོག་དང༌། འཚོ་བ་དང་བདག་ཅེས་བྱ་བ་ཡིན་ནོ་ཞེས་ཟེར་ཏེ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། སྐྱེས་བུ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སྨྲ་ཞེས་བྱ་བ་ནི་གཅེར་བུ་པའི་སྟོན་པ་དེ་སྐད་སྨྲ་བའོ། །དེ་ཡང་ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་གཅེར་བུ་ཟད་བྱེད་ཀྱི་སྟོན་པ་ཉི་ཤུ་རྩ་ལྔ་འདི་སྐད་སྟོན་ཅིང་སྨྲའོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཁྱེད་ཀྱིས་ནི་སྲོག་དང་འཚོ་བ་དེ་འཇིག་ཅིང་མི་རྟག་པ་ཡིན་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། །ཕྱོགས་གཅིག་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ལ་ཕྱོགས་གཅིག་ཡོད་པ་དེ་ནི་ཕྱོགས་གཅིག་པ་སྟེ། ཆ་ཤས་དང་བཅས་པ་ཞེས་བྱ་བའི་དོན་ནོ། །ཕྱོགས་ཆ་མེད་པ་ནི་རྫས་ཀྱི་དངོས་པོར་མི་རུང་སྟེ། ཕྱོགས་དག་བཅས་པ་གང་དང་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་དེ། འདི་ལྟར་ལུས་དང་སྲོག་ནི་ཕྱོགས་གཅིག་པར་འདོད་ལ། དེ་བས་ན་འདི་ཡང་ཆ་ཤས་ཅན་ལྟར་མི་རྟག་པ་ཡིན་ཏེ། དེ་དང་ཕྱོགས་གཅིག་གཅིག་པའི་ལུས་ནི་མི་རྟག་པ་ཡིན་ནོ། །རྟག་པ་དང་ཆ་ཤས་དང་བཅས་པ་ནི་མ་རིགས་པས་ཚད་མ་དང་འགལ་བ་ཡིན་ནོ། །འདིར་བསྡུས་པའི་ཚིགས་སུ་བཅད་པ་ནི། གལ་ཏེ་ཕྱོགས་གཅིག་ཇི་ལྟར་རྟག །རྟག་པ་ཡིན་ན་ཕྱོགས་གཅིག་མིན། །རྫས་ཀྱི་འབྲེལ་པ་རྣམ་གཉིས་མེད། །དེ་བས་གཞུང་འདི་རིགས་མ་ཡིན། །ཞེས་བྱའོ།།༤༥།།བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུ། །སྐྱེས་བུ་རྟག་པ་ཡིན་ཞེས་བསྟན། །ཁྱོད་ཀྱིས་རྟག་པ་ཞེས་བྱ་བའི། །རྒྱུ་ནི་ཅི་ཡང་མེད་ཅེས་གསུངས། །ཞེས་བྱ་བ་ལ། བྲམ་ཟེ་ཞེས་བྱ་བ་ནི་ཇི་མི་ནི་ལ་སོགས་པ་དཔྱོད་པ་པ་ལ་སོགས་པའི་བསྟན་བཅོས་མཁས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏེ། དེས་ནི་རྒྱུ་སྐྱེས་བུ་ཡིན་པར་འདོད་དོ། །གང་གི་རྒྱུ་ཞེ་ན། འགྲོ་བ་རྣམས་ཀྱི་རྒྱུ་ཞེས་བྱ་བ་སྨྲོས་ཏེ། འཇིག་རྟེན་མ་ལུས་པའི་འོ། །དེ་ཡང་གང་གི་ཕྱིར་ལྷ་སྦྱིན་གྱི་རྒྱུད་ལ་ཡོད་པའི་སྐྱེས་བུ་ནི་ལྷ་སྦྱིན་ཉིད་ཀྱི་རྒྱུ་ཡིན་གྱི། མཆོད་སྦྱིན་ལ་སོགས་པའི་ནི་མ་ཡིན་ནོ་ཞེས་བྱ་བ་གྲུབ་པའི་མཐའོ། །རྒྱུ་ཞེས་བྱ་བ་ནི་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱ་བའི་དོན་ནོ། །ཇི་ལྟ་བུའི་རྒྱུ་ཞེ་ན། སྐྱེས་བུ་རྟག་པ་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་དང་བདག་ཅེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །རྟག་པ་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། གང་གི་ཕྱིར་ས་བོན་ལ་སོགས་པ་ཡང་རྒྱུར་འགྱུར་མོད་ཀྱི། དེ་ནི་རྟག་པ་མ་ཡིན་ཏེ། དེས་ན་ཁྱད་པར་དེས་བྱེ་བྲག་ཏུ་ཕྱེ་བ་ཡིན་ནོ། །བརྟགས་ཞེས་བྱ་བ་ནི་ནན་གྱིས་འདོད་པའོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་རྟག་པ་ཡིན་ན་ནི་རྒྱུ་མ་ཡིན་ལ། འོན་ཏེ། རྒྱུ་ཡིན་ན་ནི་རྟག་པ་མ་ཡིན་ཏེ། རྟག་པ་དང་རྒྱུ་ཞེས་བྱ་བ་ནི་འབྲེལ་བ་མེད་པའི་ཚིག་ཡིན་ནོ། །འདིར་ནི་འདི་ལྟར་བརྗོད་པར་རིགས་ཏེ། གང་དང་གང་རྒྱུར་གྱུར་པ་དེ་དང་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་བཞིན་ནོ། །དེས་ན་དེ་རྣམས་ཀྱི་རྒྱུར་འདོད་པའི་སྐྱེས་བུ་དེ་ནི་མི་རྟག་པ་ཡིན་པར་ཤེས་པར་བྱའོ། །གང་ཡང་རྟག་པ་ཞེས་བྱ་བའི་རྒྱུ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །རྟག་པ་རྒྱུ་ཉིད་ཡིན་ན་དེ་རྟག་པར་འགྱུར་བ་ཚད་མ་དང་འགལ་བ་ཉིད་ཡིན་ཏེ། རྟག་ཅིང་མི་འགྱུར་བ་དང༌། རྒྱུ་ཉིད་དུ་གྱུར་ལ་རྟག་པ་ཞེས་བྱ་བ་དེ་ལྟ་བུ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཅི་ཡང་མེད་ཅེས་ཁྱོད་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །འདིར་སྨྲས་པ།རྟག་ན་གང་གི་རྒྱུ་ཉིད་ཡིན། །མི་འཇིག་ན་ནི་ཇི་ལྟར་རྒྱུ། །རྟག་དང་རྒྱུ་ཉིད་ཅེས་བྱ་བ། །གཉིས་པོ་གཅིག་ཏུ་རིགས་མ་ཡིན། །རྒྱུ་ཉིད་ཏུ་ནི་གང་རྟག་པར། །འདོད་དེ་དེ་ལྟར་རྟག་པ་མིན། །གང་ཕྱིར་དེ་ཡི་བྱ་བ་ཡོད། །རྣམ་པ་ཀུན་ཏུ་རྙེད་མི་འགྱུར། །གལ་ཏེ་བྱ་བ་བྱེད་འགྱུར་ལ། །གང་དེ་འདི་ནི་མི་བྱེད་ན། །དེ་ལྟར་ཡང་ནི་མི་རྟག་པ། །དེ་ནི་ངེས་པར་ཐལ་བར་འགྱུར། །ཞེས་བྱ་བའོ།།བདག་ཉིད་ཆེན་པོ་དུག་ཅན་པའི། །སྲས་པོ་སྟོང་ཕྲག་དྲུག་ཅུ་དག །སེར་སྐྱས་བལྟས་པ་ཙམ་གྱིས་བསྲེགས། །དེ་ལའང་ཁྱོད་ནི་ཐུགས་རྗེ་མཛད། །ཅེས་བྱ་བ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། རླུང་ཐོབ་དང་སར་ལྡན་ཞེས་བྱ་བའི་ལྷ་མ་ཡིན་སྤུན་གཉིས་ཤིག་ཡོད་དེ། རླུང་ཐོབ་ནི་ཐུག་པའི་གཟུགས་ཅན་དུ་བྱས། སར་ལྡན་ནི་མིའི་ཆ་ལུགས་སུ་བྱས་ནས་དྲང་སྲོང་རྣམས་མགྲོན་བོས་ཏེ། རླུང་ཐོབ་བཤས་ནས་བསྙེན་བཀུར་ཆེན་པོ་དང༌། ཁ་ཟས་སྟབས་ཏེ། དེ་རྣམས་ཀྱིས་ཟོས་པ་དང༌། སར་ལྡན་ཕྱི་རོལ་ཏུ་སོང་སྟེ། བུ་རླུང་ཐོབ་གང་ན་གནས། ཚུར་ཤོག་ཅེས་སར་ལྡན་གྱིས་བོས་པ་དང༌། དེའི་རྗེས་ཐོགས་ཉིད་ལ་གང་དང་གང་གིས་ཟོས་པ་དེ་དང་དེའི་གསུས་པ་བརྟོལ་ཏེ་བྱུང་བར་གྱུར་ཏོ། །བྱ་བ་འདིས་དྲང་སྲོང་གི་རིགས་དང་བྲམ་ཟེའི་རིགས་ལྷག་མ་ཉུང་ཟད་ཅིག་ལུས་པར་བྱས་སོ། །ལྷ་རྣམས་ཀྱི་མཆོད་སྦྱིན་བྱེད་པ་ཡང་ཟད་པར་གྱུར་ཏོ། །དེ་ནས་ལྷ་རྣམས་འདུས་ཏེ་དྲང་སྲོང་ཆེན་པོ་ཨ་ག་སྟའི་གནས་སུ་སོང་སྟེ། ལྷ་མ་ཡིན་དེ་གཉིས་བསད་པའི་དོན་དུ་གསོལ་བ་བཏབ་བོ། །ཇི་ཙམ་ན་དེ་གཉིས་ཀྱིས་དེ་མགྲོན་དུ་བོས་པས་དེར་ཟན་ཟོས་པ་དང༌། བུ་རླུང་ཐོབ་གར་སོང་ཞེས་སར་ལྡན་གྱིས་བོས་པ་དང༌། དྲང་སྲོང་གིས་སྒྲེགས་པ་བཏོན་ཏེ། དེ་ནི་ངས་ཞུ་བར་བྱས་ཟིན་ཏོ། །ཞེས་སྨྲས་ནས། ཁྲོ་བས་འཁྲུགས་པ་དང་སར་ལྡན་ཡང་མངོན་སུམ་དུ་ཟོས་སོ། །ཇི་ཙམ་ན་སྐོམ་པ་སྟོབས་དང་ལྡན་པས་གདུངས་པ་དང༌། མཚོ་དང་རྫིང་བུ་ལ་སོགས་པ་གང་དང་གང་དག་ཡོད་པ་དེ་རྣམས་འཐུངས་ཀྱང་ངོམས་པར་མ་གྱུར་ཏོ། །དེ་ནས་སོང་སྟེ་རྒྱ་མཚོ་འཐུངས་པ་ལས། དེའི་ཚེ་དུག་ཅན་པ་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད་པ་དང༌། དེ་ལ་ཆུང་མ་གཉིས་ཡོད་པ་ལས། གཅིག་ལ་འཆོལ་པ་ཞེས་བྱ་བའི་བུ་ཡོད་ལ། ཅིག་ཤོས་ལ་ལྷ་ཆེན་པོ་ལས་མཆོག་ཐོབ་པས་བུ་དྲུག་ཁྲི་ཡོད་པར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོས་རྟའི་ཚིལ་ཞེས་བྱ་བའི་མཆོད་སྦྱིན་བྱེད་པར་རྩོམ་པར་གྱུར་ནས་སྡོམ་པ་བླངས་ཏེ། མཆོད་སྡོང་ལ་བཏགས་པའི་རྟའི་མཆོད་སྦྱིན་གྱི་ཡོ་བྱད་དུ་སྲོག་ཤིང་མེ་ཐབ་ཀྱི་ཁ་ཁྱེར་ལ་སོགས་པ་བྱས་ནས་རྟ་དེ་དག་ཡོངས་སུ་བསྲུང་བའི་ཕྱིར། བུ་དྲུག་ཁྲི་ཐམས་ཅད་གོ་ཆ་བགོས་ཤིང་མཚོན་ཆའི་ཁྱད་པར་དུ་མ་ལག་ན་ཐོགས་པར་བྱས་ནས་བསྲུང་དུ་བཅུག་གོ །ཇི་ཙམ་ན་ཁྱབ་འཇུག་གིས་བསམ་པ། རྒྱ་མཚོ་འདི་ཐམས་ཅད་བསྐམས་པར་གྱུར་ན་ཐབས་གང་གིས་འདི་ཡོངས་སུ་དགང་བར་བྱ། མ་ལ་ངས་རྒྱལ་པོ་དུག་ཅན་པའི་མཆོད་སྦྱིན་བྱ་བའི་གནས་ནས། རྟ་བརྐུས་ན་རྒྱུ་འདི་ལས་ངའི་དོན་འདི་འགྲུབ་པར་འགྱུར་རོ་སྙམ་དུ་བསམས་ནས་སོང་སྟེ། རྟ་བླངས་ནས་ས་འོག་ཏུ་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་དུག་ཅན་པའི་བུ་རྣམས་ཀྱིས་གཏམ་དེ་ཐོས་པ་དང༌། རྒྱ་མཚོ་བརྐོས་ཏེ་ས་འོག་ཏུ་ཞུགས་པ་ལས་ཁྱབ་འཇུག་དྲང་སྲོང་སེར་སྐྱའི་གཟུགས་ཀྱི་ཆ་སོགས་པ་འཛིན་པ། སེངྒེའི་ཁྲིའི་སྟེང་ན་འདུག་པའི་གན་ན་རྟ་ཐམས་ཅད་འདུག་པར་མཐོང་བ་དང༌། འདིས་འདི་དག་ཕྲོགས་སོ་སྙམ་ནས་ཁྲོ་བའི་ཤུགས་མི་ཟད་པར་གྱུར་པས་ཁྱབ་འཇུག་ལ་བརྙས་པ་ཉིད་ཀྱིས། རྟ་རྣམས་ཁྱེར་པར་བརྩམས་པ་དང༌། དེས་དུག་ཅན་པའི་བུས་བརྙས་པར་ཤེས་ནས་ཁྲོ་བས་གདུངས་པའི་མིག་དག་བལྟས་པས་ཐམས་ཅད་ཐལ་བར་བྱས་སོ། །དེ་དག་ཤི་ནས་དམྱལ་བར་སྐྱེས་པ་དང༌། དུག་ཅན་པས་ཇི་ལྟར་གྱུར་པ་དེ་ཐོས་ནས་རྟ་བླང་བའི་ཕྱིར་འཚོལ་བ་བཏང་ངོ༌། །དེ་སོང་སྟེ་ཁྱབ་འཇུག་བསྟོད་པ་ལ་སོགས་པའི་མཆོད་པས་མགུ་བར་བྱས་ནས་རྟ་བླངས་ཏེ། སླར་རང་གི་གྲོང་ཁྱེར་དུ་འོངས་ནས་རྒྱལ་པོས་ཀྱང་མཆོད་སྦྱིན་གྱི་བྱ་བ་བར་ཆད་མེད་པ་ཉིད་དུ་བྱས་སོ། །རྒྱལ་པོ་དེ་དུས་བྱས་ནས་ལྷའི་གནས་སུ་སྐྱེས་སོ། །དེ་ནས་འཆོལ་བ་རྒྱལ་པོར་གྱུར་ཏེ། དེའི་བུ་མྱུར་བ་ཞེས་བྱ་བ་རྒྱལ་སྲིད་ལ་དབང་བསྐུར་བ་དང༌། ཇི་ལྟར་བདག་གི་ཁུ་བོ་རྣམས་རྒྱུ་འདིས་དམྱལ་བར་སྐྱེས་ཞེས་ཐོས་ཀྱིས། དེ་རྣམས་ཀྱི་དོན་གྱི་བྱ་བ་དུག་ཅན་པའམ། བདག་གི་ཕ་འཆོལ་བས་ཅི་ཡང་མ་བྱས་ཀྱི། ད་ངས་དེའི་དགོས་པ་བྱའོ་སྙམ་ནས་གངྒཱ་དབབ་པར་བྱ་བའི་ཕྱིར། ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་གངྒཱ་དབབ་པར་མ་ནུས་སོ། །དེ་འདས་པར་གྱུར་པ་དང༌། དེའི་བུ་དེ་ལཱི་པས་གངྒཱ་དབབ་པར་བྱ་བའི་ཕྱིར་ལྷའི་ལོ་སུམ་ཁྲིའི་བར་དུ་དཀའ་ཐུབ་སྤྱད་ཀྱང་དེས་ཀྱང་མ་ནུས་སོ། །དེ་ཡང་འཇིག་རྟེན་གཞན་དུ་སོང་བ་དང༌། དེའི་བུ་བྷ་གཱི་ར་ཐས་དཀའ་ཐུབ་ཆེན་པོས་ཚངས་པ་མགུ་བར་བྱས་པ་དང༌། དེས་དེ་ལ་མཆོག་བྱིན་པ། ཅི་ནས་ཀྱང་ངས་མིའི་འཇིག་རྟེན་དུ་གངྒཱ་དབབ་པར་དེ་ལྟར་བྱའོ་སྨྲས་ནས། ཚངས་པས་ཀྱང་གངྒཱ་ལ་མིའི་ཡུལ་དུ་བབ་པར་གྱིས་ཤིག་ཅེས་སྨྲས་པ་དང༌། དེ་ཤིན་ཏུ་སྨྲེ་སྔགས་འདོན་ཏེ། ཇི་ལྟར་ང་དེར་སོང་ནས་ཐུན་མོང་དུ་འགྱུར་ཞིང༌། རིགས་ངན་ལ་སོགས་པ་རྣམས་ཀྱིས་ཀྱང་བསྟེན་པར་འགྱུར་ན། གནས་སྐབས་འདི་ལྟ་བུ་ཇི་ལྟར་སྤྱད་པར་བྱ། མེས་པོའི་བཀའ་ལས་འདའ་བར་བྱ་བ་ཡང་རིགས་པ་མ་ཡིན་ནོ། །འོན་ཀྱང་ཤུགས་ཆེན་པོས་སོང་ལ། ས་འོག་ཉིད་དུ་ཞུགས་པར་བྱའོ་སྙམ་པ་དང༌། ཅི་ཁྱོད་ཀྱིས་མིའི་འཇིག་རྟེན་དུ་དག་བྱེད་མ་བྱས་པར་ས་འོག་ཏུ་འབབ་པར་བྱེད་དམ། ཞེས་ཚར་བཅད་ནས། ལྷ་ཆེན་པོས་རང་གི་རལ་བའི་ཚོགས་ཀྱི་ནང་དུ་བཞག་པར་གྱུར་ཏོ། །དེ་ཡང་དེ་ནས་འབྱུང་བ་ལ་ལྷའི་ལོ་སྟོང་གི་བར་དུ་འཁོར་ཞིང༌། འབབ་ཀྱང་རལ་བ་དེའི་མཐའ་རྙེད་པར་མ་གྱུར་ཏོ། །དེ་ནས་ཡང་བྷ་གཱི་ར་ཐས་དཀའ་ཐུབ་ཀྱི་ཁྱད་པར་ཆེན་པོས་ལྷ་ཆེན་པོ་དགའ་བར་བྱས་ནས། རལ་པ་བཙིར་བ་དང༌། རི་ཏི་སེའི་སྟེང་དུ་ཐིགས་པ་གཅིག་བབ་པར་གྱུར་པ་ལས་སྐད་ཅིག་མ་གཅིག་ལས་དེར་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། དེང་སང་ན་ཡང་ཐིགས་པ་བདུན་དུ་གྱུར་ནས། སི་ཏཱ་སིན་དྷུ་པཀྵུ་དང༌། །གངྒཱ་དེ་བཞིན་འཇིག་རྟེན་རྒྱན། །རྒལ་དང་ཚིམ་པ་ཉིད་དང་ནི། །ན་ལི་ནི་ནི་བདུན་པར་བཤད། །ཅེས་བྱ་བ་ཡིན་ནོ། །ཇི་ཙམ་ན་གངྒཱ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དེ་དེར་འདའ་བར་བྱའོ་སྙམ་ནས་དྲེགས་པ་དང་བཅས་པར་རི་ཁ་བ་ཅན་ཕུག་སྟེ། དེའི་སུལ་ནས་བདེ་བར་འབབ་པར་གྱུར་ཏོ། །ཡང་དེའི་ཚེ་དྲང་སྲོང་ཛ་ཧ་ནུ་ཞེས་བྱ་བ་དཀའ་ཐུབ་དྲག་པོ་ཅན་ཞིག་ཡོད་པ་དེ་ཁ་བ་ཅན་གྱི་སུལ་ན་རྣལ་འབྱོར་བསྒོམ་པ་ལ་བརྩོན་ཞིང་གནས་པར་གྱུར་ཏོ། །དེས་ཀྱང་ཅ་ཅོའི་སྒྲ་སྒྲོགས་ཤིང་སྒེག་པས་དལ་གྱིས་འབབ་པར་མཐོང་བ་དང༌། ཤིན་ཏུ་ཁྲོས་པར་གྱུར་ཏེ་སོང་ནས་སྨྲས་པ། ང་ཡི་གནས་དང་ཉེ་བ་འདིར། །བུད་མེད་འདི་ནི་སྒེག་པ་ཡིས། །འཛེམ་པ་མེད་པར་ཅི་ཕྱིར་འགྲོ། །སྤྱོད་ངན་སྡིག་པ་ཆེན་པོ་ཡིན། །ཞེས་སྨྲས་ཏེ། དེ་བླངས་ནས་འཐུངས་སོ། །ཡང་བྷ་གཱི་ར་ཐས་དྲང་སྲོང་དེ་དཀའ་ཐུབ་ཀྱིས་མགུ་བར་བྱས་པ་དང༌། དེས་བསྐྱུགས་སོ། །དེ་དེ་ནས་བྱུང་ནས་གེགས་མེད་པར་ཕྱོགས་བཞིར་སོང་སྟེ། ས་འོག་གང་བར་བྱས་ནས་དུག་ཅན་པའི་བུ་དང་འབྲེལ་པའི་གནས་སྐབས་ཀྱིས་ལྷག་མ་རྣམས་རྣམ་པར་བཀྲུས་ལ། དེས་ཀྱང་དེ་རྣམས་དམྱལ་བ་ལས་འཕོས་ཏེ། མཐོ་རིས་སུ་སྐྱེས་སོ་ཞེས་ཟེར་རོ། །དེ་ལྟར་ན་དུག་ཅན་པའི་བུ་སྟོང་ཕྲག་དྲུག་ཅུ་བསྲེགས་སོ་ཞེས་བྱ་བར་སྦྱར་རོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ནི་བདག་ཉིད་ཆེ་བ་ཉིད་ཡོད་པས་ན་བདག་ཉིད་ཆེན་པོ་ཞེས་བྱ་བ་སྟེ། ཤིན་ཏུ་ལོངས་སྤྱོད་ཆེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་སུ་ཞིག་ཡིན་ཞེ་ན། དུག་ཅན་པ་ཞེས་བྱ་བ་སྟེ། རྒྱ་མཚོ་ཞེས་བྱ་བའི་རྒྱལ་པོ་ལ་དུག་ཅན་པ་ཞེས་བྱ་བའོ། །སུ་ཞིག་ཅེ་ན། སྲས་པོ་སྟོང་ཕྲག་དྲུག་ཅུ་དག །ཅེས་བྱ་སྟེ། དེའི་བུ་དྲུག་ཁྲིའོ། །གང་གིས་ཤེ་ན། སེར་སྐྱ་ཞེས་བྱ་སྟེ། སེར་སྐྱའི་གཟུགས་སུ་གནས་པའི་ཁྱབ་འཇུག་གིས་ཞེས་བྱ་བའི་དོན་ནོ། །ཇི་ལྟར་ཞེ་ན། བལྟས་པ་ཙམ་གྱིས་ཞེས་བྱ་སྟེ། ཁྲོ་བས་གདུངས་པའི་མིག་གཉིས་ཀྱིས་སོ་ཞེས་སྟོན་པ་ཡིན་ནོ། །ཅི་ཞིག་ཏུ་བྱས་ཤེ་ན། བསྲེགས་ཞེས་བྱ་བ་སྟེ། ཐལ་བར་བྱས་པའོ། །དེ་ལའང་ཞེས་བྱ་བ་ནི་རྒྱ་མཚོའི་བུ་སྟོང་ཕྲག་དྲུག་ཅུ་ལའོ། །ཡང་ན་དེ་ལ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པ་དེ་ལའོ། །ཁྱེད་ནི་ཐུགས་རྗེ་མཛད་ཅེས་བྱ་བ་ནི། དེས་ཁྱོད་དགོས་པ་མཛད་པའི་ཐུགས་སྐྱེས་པར་གྱུར་པའོ། །དེ་ཡང་དེ་བཞིན་གཤེགས་པ་ནི་ཐུགས་རྗེ་ཆེན་པོ་ཉིད་ཀྱི་རྒྱུད་ལས་ནམ་ཡང་མི་འདོར་ཏེ། ཇི་སྐད་དུ། ཐུགས་རྗེའི་ཐུགས་ལ་གནས་ཤིང་རྟག་ཏུ་ཞི་བ་ཉིད་ནི་སྤྱན་ལ་གནས། །བཟོད་པ་སྐད་ཅིག་ཙམ་ཡང་ཁྱེད་དང་བྲལ་བར་ནུས་པ་མ་ཡིན་ལ། །དེ་ནི་ཤིན་ཏུ་མཛེས་པས་ཡུན་རིང་ཐུགས་ནི་རྣམ་པར་མཁྱུད་པར་གྱུར། །འོན་ཀྱང་ཁྱེད་ནི་འདོད་ཆགས་བྲལ་བ་ལྟ་བུར་གྲགས་པ་རྣམ་པར་རྒྱས། །ཞེས་བསྟོད་པ་བྱེད་པ་འགའ་ཞིག་གིས་བཤད་པ་ཡིན་ནོ། །སེར་སྐྱ་དེ་ཉིད་རིག་པས་ནི། །གཙོ་ལས་འགྲོ་བ་སྐྱེ་བར་བཤད། །ཁྱོད་ཀྱིས་འགྲོ་བའི་སྐྱེ་བ་ནི། །ཉོན་མོངས་ལས་ལས་བྱུང་བར་བསྒྲགས།།ཞེས་བྱ་བ་ལ། གཙོ་བོ་ལས་འགྲོ་བ་མ་ལུས་པ་སྐྱེའོ་ཞེས་དྲང་སྲོང་སེར་སྐྱས་བཤད་པ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ། བསྐལ་པ་དང་པོའི་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཚད་མེད་པ་ན། བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཞིག་བྱུང་སྟེ་བསྟི་གནས་ཀྱི་གནས་སུ་འདུག་ནས་དཀའ་ཐུབ་ཀྱི་ཁྱར་པར་ལས་ཐར་པ་འབའ་ཞིག་པ་ཐོབ་སྟེ། གཞན་དག་ལ་ལམ་ལེགས་པར་བསྟན་པའི་ཕྱིར་བསྟན་བཅོས་དག་བྱས་སོ། །དེ་ཡང་དེས་རྩ་བའི་དངོས་པོའི་དོན་གཉིས་ཤིག་བསྟན་ཏེ། འདི་ལྟར་གཙོ་བོ་དང་སྐྱེས་བུའོ། །དེ་ལ་གཙོ་བོ་ནི་ཡོན་ཏན་གསུམ་སྟེ། སྙིང་སྟོབས་དང༌། རྡུལ་དང༌། མུན་པའི་གཟུགས་ཀྱིས་བྱེད་པ་པོ་དང༌། ཡོངས་སུ་འགྱུར་བ་དང༌། སེམས་མེད་ཅེས་བྱ་བ་ཡིན་ལ། སྐྱེས་བུ་ནི་ཤེས་པ་ཅན་དང༌། སྤྱོད་པ་པོ་དང༌། རྟག་པ་དང༌། ཆ་མཉམ་པའོ། །ཇི་ལྟར་ན་གཙོ་བོ་བྱེད་པ་པོར་བཤད་ཅེ་ན། སྙིང་སྟོབས་དང༌། རྡུལ་དང༌། མུན་པའི་ཡོན་ཏན་ཆ་མཉམ་པའི་གནས་སྐབས་ཡན་ལག་དང༌། ཡན་ལག་ཅན་དུ་གྱུར་པའི་གནས་སྐབས་ན་གཙོ་བོའོ། །ཡང་གང་གི་ཚེ་གསུམ་པོ་ལས་གང་ཡང་རུང་བ་ཅུང་ཟད་ཙམ་སྩོལ་བར་གྱུར་ཅིང་མི་གསལ་བ་ཉིད་ཡིན་པ་དེའི་ཚེ་ནི་ཆེན་པོ་ཞེས་བྱའོ། །དེ་ལས་ཀྱང་ཅུང་ཟད་སྦོམ་པ་ང་རྒྱལ་དང༌། དེ་ཙམ་དུ་ཡོངས་སུ་གྱུར་པ་ལས་འགྱུར་རོ། །ང་རྒྱལ་ལས་ཡང་དབང་པོ་བཅུ་གཅིག་ཏུ་རྣམ་པར་འགྱུར་བར་འགྱུར་ཏེ། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཞེས་བྱ་བའི་བློའི་དབང་པོ་ལྔ་དང༌། ལག་པ་དང༌། རྐང་པ་དང༌། ངག་དང༌། རྐུབ་དང༌། འདོམས་ཏེ་ལུས་ཀྱི་དབང་པོ་ལྔ་དང༌། ཡིད་དོ། དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔར་ཡོངས་སུ་འགྱུར་ཏེ། སྒྲའི་དེ་ཙམ་ལས་ནི་ནམ་མཁའོ། །རེག་པ་དང་འདྲེས་པའི་སྒྲ་ལས་ནི་རླུང་ངོ༌། །གཟུགས་དང་འདྲེས་པའི་སྔ་མ་གཉིས་ལས་ནི་མེའོ། །རོ་དང་འདྲེས་པའི་སྔ་མ་གསུམ་ལས་ནི་ཆུའོ། །དྲི་དང་འདྲེས་པའི་སྔ་མ་བཞི་ལས་ནི་སའོ། །དེ་ལྟར་བྱས་ན་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞིར་འགྱུར་རོ། །སྐྱེས་བུ་ནི་ཉི་ཤུ་རྩ་ལྔ་པའོ། །གང་གི་ཚེ་འདི་ནི་ཡོན་ཏན་ཡིན་ནོ། །འདི་ནི་སྐྱེས་བུ་ཡིན་ནོ་ཞེས་ཁྱད་པར་མི་ཤེས་པ་དེའི་ཚེ། སྐྱེས་བུ་དང་ཡོན་ཏན་འདུས་པར་འགྱུར་ཏེ། དཔེར་ན་མཚན་མོ་མུན་ནག་གིས་ཁྱབ་པའི་ཁང་པའི་ནང་དུ་སྐྱེས་བུ་འདོད་ཆགས་ཅན་དང༌། བུད་མེད་མཛེ་ཅན་དགའ་བ་དང་བཅས་པས་འདུག་པར་གྱུར་པ་དང་འདྲ་ལ། གང་གི་ཚེ་ཡོན་ཏན་དང་ཐ་དད་པར་བྱེད་པ་པོ་དང༌། ཡོངས་སུ་འགྱུར་བ་པོ་དེ་ཉིད་དུ་ཤེས་པ་དེའི་ཚེ། སྐྱེས་བུ་འདི་ནམ་ཡང་དེ་དང་ལྷན་ཅིག་འདྲིས་པར་མི་བྱེད་དེ། དཔེར་ན་ཉིན་མོ་མིག་དང་ལྡན་པའི་སྐྱེས་བུ་བུད་མེད་མཛེ་ཅན་ལ་རེག་པར་མི་བྱེད་པ་དང་འདྲའོ། །ཡོན་ཏན་དང་སྐྱེས་བུ་ཐ་དད་པར་མཐོང་བ་ནི་ཐར་པ་ཐོབ་པའི་རྒྱུ་ཡིན་ནོ་ཞེ་བྱ་བ་ནི་གྲངས་ཅན་གྱི་གྲུབ་པའི་མཐའོ། །སེར་སྐྱ་ཇི་ལྟ་བུ་ཞིག་དེ་སྐད་ཅེས་སྨྲ་ཞེ་ན། དེ་ཉིད་རིག་པས་ཞེས་སྨོས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་སྒྲ་ནི་འདིར་ཉི་ཤུ་རྩ་ལྔ་པོ་ཡིན་པར་བཤད་ལ། དེ་རྣམས་ཤེས་པས་ན་དེ་ཉིད་རིག་པ་སྟེ། དེ་ཉིད་རིག་པ་ནི་མཁས་པ་ཞེས་བྱ་བའི་དོན་ནོ། །ཁྱོད་ཀྱིས་འགྲོ་བའི་སྐྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། ལས་དང་ཉོན་མོངས་པ་ནི་ཉོན་མོངས་པ་དང་ལས་ཏེ། དེ་ལས་བྱུང་ཞིང་སྐྱེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་གི་ཕྱིར་སྐྱེ་བ་ནི་ཉོན་མོངས་པ་ལས་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ཡང་གནས་བརྟན་རྟ་སྐད་ཀྱིས། ཉོན་མོངས་ཟད་པས་སྲིད་པའི་འཆིང་བ་མེད། །ལས་ཟད་གྱུར་ན་སྡུག་བསྔལ་ཡོད་མ་ཡིན། །གང་ཕྱིར་ཡོད་ལས་བྱུང་བའི་དོན་གང་ཡིན། །དེ་ཕྱིར་མེད་ལས་དེ་ནི་སླར་མི་འབྱུང༌། །ཞེས་བཤད་པ་ཡིན་ནོ། །གང་ཞིག་ཉོན་མོངས་པ་དང་ལས་ལས་བྱུང་བ་ཡིན་ཞེ་ན། འགྲོ་བའི་ཞེས་བྱ་བ་སྨོས་ཏེ། འཆིང་བ་དང་ལྡན་པས་ན་འགྲོ་བ་ཞེས་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ནོ། །དེ་ཡི་སྐྱེ་བ་ནི་ཉོན་མོངས་པ་དང་ལས་ལས་བྱུང་བ་ཡིན་པར་ཁྱེད་ཀྱིས་གསུངས་ཤིང་བསྒྲགས་པ་ཡིན་ནོ། །འདིར་སྨྲས་པ། ཉོན་མོངས་མེད་ལ་འགྲོ་བ་རྣམས། །སྐྱེ་བར་གང་དུའང་འདོད་པ་མིན། །ལས་ནི་གང་ཡང་རུང་མེད་པར། །བདེ་དང་སྡུག་བསྔལ་འབྱུང་མི་འགྱུར། །དགྲ་བཅོམ་ཉོན་མོངས་ཡོད་པ་མ་ཡིན་ཏེ། །དེ་མེད་ལས་ཀྱང་ཡོད་པ་མ་ཡིན་ལ། །དེ་ལས་འདི་ལ་སྐྱེ་བ་ཡོད་མིན་ཏེ། །ས་བོན་མེད་པའི་མྱུ་གུ་དག་དང་མཚུངས། །ཞེས་བྱ་བ་ལ་རིགས་པ་གསུངས་པ་ཡིན་ནོ། །སེར་སྐྱ་ལ་རིགས་ཐར་པ་ཡི། །བདག་ནི་སྲིད་པའི་རྒྱུ་ཞེས་ཟེར། །ཁྱེད་ནི་ཞི་བར་གཤེགས་གྱུར་ནས། །ཞུགས་གུམ་ལྟ་བུར་བགྲང་དུ་མེད། ། ཅེས་བྱ་བ་ལ། སེར་སྐྱ་ལ་སོགས་པའི་བདག་ཉིད་གང་ཡིན་པ་དེ་ཐར་པར་ཡང་གནས་ཤིང༌། སྲིད་པའི་རྒྱུ་ཡིན་པར་འདོད་དོ་ཞེས་ཟེར་རོ། །དེ་ཡང་སྐྱེས་བུ་རྟག་པར་ཡང་འགྱུར་ལ། སྔར་ལུས་དང་དབང་པོ་འདུས་བྱས་པར་གྱུར་པ་གང་ཡིན་པ་དེ་ཕྱིས་ཀྱང་བྱེད་པར་འགྱུར་རོ། །དེ་ཡང༌། སྐྱེས་བུ་རྟག་པ་ཉིད་གྱུར་ཅིང༌། །ལུས་དང་དབང་པོ་འབྱོར་ལྡན་པ། །ཕྱིས་ཀྱང་དེ་དང་འདྲར་གྱུར་པ། །རྐྱེན་ལས་གྱུར་པར་ཐེ་ཚོམ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཞི་བར་གཤེགས་གྱུར་ནས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མ་ལུས་པའི་དབྱིངས་བརྙེས་པ་ཞེས་བྱ་བའི་དོན་ནོ། །ཞུགས་གུམ་ལྟ་བུར་ཞེས་པ་ནི་མར་མེ་ཤི་བ་ལྟ་བུར་ཞེས་བྱ་བའི་དོན་ནོ། །བགྲང་དུ་མེད་ཅེས་བྱ་བ་ནི། གྲངས་སུ་མི་འགྲོ་བའོ། །མུ་སྟེགས་བྱེད་པ་ཁ་ཅིག་ནི། །ཐར་པ་འགྲོ་དང་ལྡན་ཞེས་སྨྲ། །གང་ལ་འགྲོ་ཡོད་དེ་འཁོར་བ། །ཁྱོད་ཀྱིས་ཐུགས་སུ་ཆུད་ནས་བསྟན། ། མུ་སྟེགས་བྱེད་པ་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ནི་ཐར་པ་དང་མཐོ་རིས་ཀྱི་ལམ་སྟེ། དེ་སྟོན་པར་བྱེད་པས་བསྟན་བཅོས་ལ་མུ་སྟེགས་ཞེས་བྱ་ལ། དེ་བྱེད་པ་ཡིན་པས་མུ་སྟེགས་བྱེད་པའོ། །དེས་ཐར་པ་སྟེ་མྱ་ངན་ལས་འདས་པར་འགྲོ་བ་དང་ལྡན་པའོ། །འགྲོ་བ་ནི་སོང་བ་ཡིན་ལ་དེ་གང་ལ་ཡོད་པ་དེ་ནི་འགྲོ་བ་དང་ལྡན་པ་སྟེ། འགྲོ་བས་ཐོབ་པ་ཞེས་བྱ་བའི་དོན་ནོ། །སྨྲ་ཞེས་བྱ་བ་ནི་གཏམ་ཡིན་པར་བསྟན་ཏོ། །སྨྲ་ཞེས་བྱ་བ་ནི་བརྗོད་པ་སྟེ། སྔར་ཇི་ལྟར། ནེ་ཙོས་ཉི་མ་བརྟོལ་ནས་ནི། །ཐར་པ་མཆིས་པར་བཤད་ཅེས་གྲག །ཅེས་སྨོས་པའི་སྐབས་སུ་བཤད་པ་ཡིན་ནོ། །གང་ལ་འགྲོ་ཡོད་དེ་འཁོར་བ། ཞེས་བྱ་བ་ནི་གནས་གང་དུ་འགྲོ་བ་ཡོད་པ་དེ་ནི་འཁོར་བ་སྟེ། སྲིད་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་འགྲོ་བ་མྱ་ངན་ལས་འདས་པ་རྟོགས་པ་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། རྟ་དམར་གང་དུ་སྐྱེ་བ་མེད་པ་དང༌། འཆི་བ་མེད་པ་དང༌། འབྱུང་བ་མེད་པ་དེ་ནི་འགྲོ་བས་ཐོབ་པར་ང་མི་སྨྲའོ་ཞེས་མདོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །ཁྱོད་ཀྱིས་ཐུགས་སུ་ཆུད་ནས་བསྟན། །ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་མཁྱེན་ཅིང་ཐུགས་སུ་ཆུད་ནས་བསྟན་ཅིང་བཤད་པ་ཡིན་ནོ་ཞེས་བྱ་བའོ།།གཅེར་བུས་ཀུན་དགའ་རྭ་བ་སོགས། །བརྩིགས་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་ནི། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། ། ཞེས་བྱ་བ་ལ། གཅེར་བུ་ཞེས་བྱ་བ་ནི་དགེ་སྦྱོར་གཅེར་བུ་པ་རྣམས་སོ། །འདི་ཀུན་ཏུ་དགའ་བའི་རྭ་བས་ན་ཀུན་དགའ་རྭ་བ་སྟེ། སྐྱེད་མོས་ཚལ་སོགས་གང་ཡིན་པ་དེ་ནི་ཀུན་དགའ་རྭ་བ་ལ་སོགས་ཞེས་བྱ་བ་སྟེ། ཁྲུས་ཀྱི་རྫིང་བུ་ལ་སོགས་པའོ། །བརྩིགས་པ་ཞེས་བྱ་བ་ནི་འབད་པས་མངོན་པར་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ནོ། །སྡིག་པའི་རྒྱུ་ཞེས་བྱ་བ་ནི་ཉེས་པར་སྤྱད་པའི་རྒྱུ་ཞེས་བྱ་བའི་དོན་ནོ། །གང་གི་ཕྱིར་དེ་རྣམས་རྒྱུ་མེད་པར་སྡིག་པ་ཁས་ལེན་ཅིང་རྟོག་ལ་སྨྲ་བར་བྱེད་པའོ། །དེ་ཡང༌། ཀུན་དགའ་རྭ་བ་གནས་བྱེད་དང༌། །སྲོག་གཅོད་པ་ལས་བཟློག་པར་བྱ། །གལ་ཏེ་དེར་ནི་སྲོག་ཆགས་འཆི། །སྡིག་པ་བྱེད་དེ་བྱེད་ལ་འགྲོ། །སེམས་དང་ལྡན་པ་དེ་འཆི་བས། །སྡིག་པ་ཆེན་པོ་ཉིད་དུ་འགྱུར། །དེ་བས་བསོད་ནམས་རྩོམ་པ་དག །དེ་ཡིས་དེ་ལྟར་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་མང་དུ་སྨྲ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་བོད་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཀུན་དགའ་རྭ་བ་ལ་སོགས་པ་བརྩིགས་པའོ། །བསོད་ནམས་རྒྱུ་ཞེས་བྱ་བ་ནི་བསོད་ནམས་ཉེ་བར་བསགས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཇུག་པར་མི་བྱ་བའི་ལས་ལ་འཇུག་ན་དེ་ལ་ཉེས་པ་ནི་ཤིན་ཏུ་མང་པོ་འབྱུང་བར་ཐལ་བར་འགྱུར་རོ། །སྲོག་ཆགས་འགྲོ་བ་བསད་པ་ན། །ཁྱེད་ཀྱི་ཡང་ནི་སྡིག་འགྱུར་ཏེ། །ཁྱེད་ནི་འགྲོ་བ་མེད་འགྱུར་ན། །སྲོག་ཆགས་གསོད་པ་ཡོད་མ་ཡིན། །གལ་ཏེ་ཡོད་ན་སྡིག་ལྡན་པས། །ཇི་ལྟར་གྲོལ་བ་ཉིད་དུ་འགྱུར། །གྲོལ་འགྱུར་དེ་དང་ཇི་ལྟར་ལྡན། །སྡིག་པ་བསགས་ལས་ཁྱེད་གྲོལ་ལམ། །འོན་ཏེ་སྡིག་པ་སྤངས་པ་དག །ཐར་པ་ཀུན་ཏུ་བཤད་པ་ཡིན། །བློ་ནི་སྔོན་དུ་མ་སོང་སྡིག །ཡོད་ཅེས་པ་ནི་ལེགས་སྨྲས་མིན། །ཁ་ཟས་བསོད་པ་དག་གིས་ནི། །དགའ་བས་སློབ་དཔོན་ཚིམ་བྱས་ནས། །མ་ཞུ་བ་ཡིས་དེ་ཤི་ན། །སྡིག་པ་ཉེ་བར་བསགས་པ་འབྱུང༌། །ཆགས་པ་མེད་པར་དབེན་པ་རུ། །ལས་བྱེད་པ་ནི་མ་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས། ཀུན་དགའ་རྭ་བ་ནགས་ཚལ་བསྐྱེད། །སྐྱེ་བོ་གང་ཞིག་ཟམ་པར་བྱེད། །ཆུ་གཏེར་ཁང་དང་ཆུ་མིག་དང༌། །གང་ཞིག་ངལ་གསོའི་གནས་སྟེར་དང༌། །ཞེས་བྱ་བ་དང༌། དེ་བཞིན་དུ། བརྒྱ་བྱིན་གཙུག་ལག་ཁང་གི་ཕྱིར། །ས་ནི་སྦྱིན་པ་གཏོང་བྱེད་པ། །ཚངས་པའི་བསོད་ནམས་རབ་བསྐྱེད་དེ། །མཐོ་རིས་དག་ཏུ་བསྐལ་པར་དགའ། །ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པ་ཡིན་ནོ། །ལུས་ལས་ལུས་གཞན་དག་ཏུ་ནི། །ཕྲ་བའི་སྲོག་ན་འཕོ་ཞེས་གྲགས། །ཁྱོད་ཀྱིས་ལུས་ལས་གཞན་གྱུར་པའི། །སྲོག་ནི་ཡོད་པ་མིན་ཞེས་གསུངས། ། ལུས་ལས་ཞེས་བྱ་བ་ནི་རྒ་བ་ལ་སོགས་པའི་ཉེ་བར་འཚེ་བས་གདུངས་པ་ལས་སོ། །ལུས་གཞན་དག་ཏུ་ནི་ཞེས་བྱ་བ་ནི་ལུས་གཞན་པ་དག་ཏུ་འཕོ་ཞིང་སོང་བའོ། །ཅི་ཞིག་ཅེ་ན། སྲོག་ནི་ཞེས་བྱ་བ་སྟེ། བདག་དང་སྐྱེས་བུ་ཞེས་བྱ་བའི་དོན་ནོ། །སྲོག་དེ་ཇི་ལྟ་བུ་ཞེ་ན། ཕྲ་བ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ཕྲ་ཞིང་དབང་པོའི་ཡུལ་ལས་འདས་པའོ། །དེ་ཡང་ཁྱབ་འཇུག་གིས། དཔེར་ན་གོས་རྙིང་དག་ནི་བོར་ནས་སུ། །གསར་པ་གཞན་དག་ནི་ལེན་པར་བྱེད། །དེ་བཞིན་ལུས་ནི་རྙིང་པ་སྤངས་ནས་སུ། །ལུས་གཞན་གསར་པ་དག་ནི་ལེན་པར་བྱེད། །འདི་ནི་མཚོན་གྱིས་མི་ཆོད་ཅིང༌། །འདི་ནི་མེ་ཡིས་མི་ཚིག་ལ། །ཆུ་ཡིས་འདྲུལ་བར་མི་འགྱུར་ཏེ། །འདི་ནི་རླུང་གིས་སྐེམས་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །གྲག་ཅེས་བྱ་བ་འཇིག་རྟེན་པའི་གཏམ་ཙམ་ཡིན་པར་སྟོན་ཏེ། དེ་ཡང་དོན་དམ་པར་ནི་བདག་མེད་དེ། གལ་ཏེ་བདག་ཡོད་ན་རྟག་པ་དང་མི་རྟག་པ་ཉིད་དུ་འགྱུར་བས་བདེ་བ་ལ་ལོངས་སྤྱོད་པ་ན། རྟག་པར་ཉེ་བར་སྤྱོད་ཀྱི། སྡུག་བསྔལ་ལ་སོགས་པའི་ཉེས་པ་རྣམས་སུ་ཐལ་བར་མི་འགྱུར་རོ། །དེ་བས་ན་བདག་ནི་རྣམ་པ་ཐམས་ཅད་དུ་མེད་དོ། །ལུས་གཞན་གྱུར་པའི་ཞེས་བྱ་བ་ནི་ལུས་ཞེས་བྱ་བའི་སྒྲས་འདིར་ཕུང་པོ་ལྔ་ཉིད་བདག་གི་དངོས་པོར་བརྗོད་ལ། ལུས་དེ་ལས་གཞན་དུ་གྱུར་ཅིང་ཐ་དད་པའི་སྲོག་ཅེས་བྱ་བའི་བདག་ཡོད་པ་ནི་མ་ཡིན་པ་ཉིད་དུ་ཁྱོད་ཀྱིས་གསུངས་སོ་ཞེས་སྦྱར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་བཀའ་སྩལ་པའོ། །དེ་ཡང་ཆོས་ཐམས་ཅད་ན་སྲོག་མེད་པ་དང༌། གསོ་བ་མེད་པ། གང་ཟག་མེད་པ་ཞེས་བྱ་བ་ནས། འདུ་བྱེད་ཀྱི་ཚོགས་འབའ་ཞིག་ཏུ་ཟད་དོ། །ཞེས་བྱ་བའི་བར་དུ་གསུངས་པ་དང༌། བདག་གི་ང་རྒྱལ་རྣམ་པར་བཞག་ནས་གང་དུ་བདག་དེའི་ཕུང་པོ་ལྔའི་བདག་གི་དངོས་པོར་གྱུར་པ་དེ་ཙམ་ལ་ཉེ་བར་གདགས་པས་བདག་ཉིད་ཀྱི་དངོས་པོར་བཅོམ་ལྡན་འདས་ཀྱིས་ལ་ལར་གསུངས་པ་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།