ཁྱད་པར་དུ་འཕགས་པའི་བསྟོད་པ།
རྩོམ་པ་པོ།:མཐོ་བཙུན་གྲུབ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-08-10
ཀློག་གྲངས།:
གཞན་ཡང༌། རྗེས་སུ་དྲན་པའི་བར་དུ་ཡང་བྱེད་ལ། བདག་ནི་ཚུལ་ཁྲིམས་དང༌། བརྟུལ་ཞུགས་སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་སྤྱད་པ་འདི་ལྷ་ལ་སོགས་པའི་གནས་སུ་བསྔོ་སྟེ། ཚངས་པར་སྤྱོད་པའང་དེ་བཞིན་ནོ། །ཞེས་བྱ་བ་ནས། བྲམ་ཟེ་འཁྲིག་པའི་ཆོས་བདུན་གྱི་སྦྱོར་བ་འདི་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེ་སྲིད་ལྷ་དང་བཅས་པའི་འཇིག་རྟེན་ལས་འདའ་བར་འགྱུར་བར་ང་མི་སྨྲའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ།།ཚངས་སོགས་འཇིག་རྟེན་འབྱིན་པ་པོ། །བདག་ཅག་ཡིན་པར་སྨྲ་ཞེས་གྲགས། །དེ་ཉིད་གཟིགས་ཁྱོད་འཇིག་རྟེན་དང༌། །དེ་ཡང་ལས་ལས་སྐྱེས་ཞེས་བསྟན། །ཞེས་བྱ་བ་ལ། ཚངས་པ་ལ་སོགས་པ་ནི་འདི་སྐད་སྨྲའོ་ཞེས་གྲག་སྟེ། ཇི་ལྟར་ཁོ་བོ་སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་མ་ལུས་པ་འབྱིན་པར་བྱེད་པ་ནས། ངའི་ཚངས་པར་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །གྲག་ཅེས་བྱ་བ་ནི་གཏམ་དུ་བརྒྱུད་པ་འབའ་ཞིག་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །དེ་ཉིད་གཟིགས་ཁྱོད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་གཟིགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་གཟིགས་པ་སྟེ། ཐམས་ཅད་མཁྱེན་པ་དེས་ཞེས་བྱ་བའི་དོན་ནོ། །དེས་ཇི་སྐད་བསྟན་ཅེ་ན། འཇིག་རྟེན་པ་དང༌། དེ་ཡང་ལས་ལས་སྐྱེས་ཞེས་བསྟན་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་དག་དང༌། གང་དེ་དག་འབྱིན་པར་བཤད་པ་ཚངས་པ་ལ་སོགས་པ་དེ་ཡང་ལས་ལས་སྐྱེས་པར་ཁྱོད་ཀྱིས་བསྟན་ཅིང་གསུངས་པའོ། །དེ་ཡང་སེམས་ཅན་རྣམས་ནི་ལས་ལས་སྐྱེས་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་རྗེས་སུ་འབྲེལ་བ་སྟེ། དགེ་བའམ་སྡིག་པའི་ལས་གང་དག་བྱེད་པ་དེ་ལས་དེ་ཉིད་ཀྱི་སྐལ་པ་ཅན་དུ་འགྱུར་རོ་ཞེས་མདོ་ལས་གསུངས་པ་ཡིན་ནོ།།བརྒྱ་བྱིན་གྱིས་ནི་བཤོལ་མེད་མ། །མཐོང་ནས་འདོད་པས་རྨོངས་ཞེས་གྲགས། །དཔའ་ཁྱོད་འདོད་པ་ཉིད་ཀྱིས་ནི། །མ་རྨོངས་སླད་དུ་བཙུན་མོ་བཏང༌། །ཞེས་བྱ་བ་ལ། བརྒྱ་བྱིན་ཞེས་བྱ་བ་ནི་རྡོ་རྗེ་མཚོན་དུ་ཐོགས་པ་སྟེ། དབང་པོ་ཞེས་བྱ་བའི་དོན་ནོ། །བཤོལ་མེད་མ་ནི་དྲང་སྲོང་གི་བུ་མོ་སྟེ། དེ་མཐོང་བར་གྱུར་པ་ལས་སོ། །འདོད་པས་ཞེས་བྱ་བ་ནི་འདོད་པའི་ལྷའི་འདོད་ཆགས་ཀྱིས་སོ། །རྨོངས་པ་ནི་འཁྲུལ་པར་གྱུར་པའོ། །གྲག་ཅེས་བྱ་བ་ནི་འཇིག་རྟེན་གྱི་གཏམ་ཡིན་པར་བསྟན་ཏོ། །དེ་ཡང་འདི་ལྟར་ཐོས་ཏེ། དྲང་སྲོང་གཽ་ཏམ་ཞེས་བྱ་བ་ཞིག་ཡོད་པ་དེ་ལ་བཤོལ་མེད་མ་ཞེས་བྱ་བའི་ཆུང་མ་ཡོད་དེ། དེ་ལང་ཚོའི་མདངས་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པས་དེ་ལ་བརྒྱ་བྱིན་ཆགས་པར་གྱུར་ལ། དེ་ཡང་དེ་ལ་ཆགས་ཏེ། དེས་ན་དེ་དག་ཕན་ཚུན་འབྲེལ་པར་གྱུར་ཏོ། །དུས་ལན་འགའ་ཞིག་ན་དྲང་སྲོང་དེ་བསྟི་གནས་གཞན་དུ་བོས་པར་གྱུར་ནས། མེ་ཏོག་དང༌། ཡམ་ཤིང་དང༌། ཀུ་ཤའི་དོན་དུ་ཕྱི་རོལ་ཏུ་བྱུང་ངོ༌། །བརྒྱ་བྱིན་ཡང་དེར་འོངས་ནས་བཤོལ་མེད་མ་དང་བག་ཕེབས་པར་མངོན་པར་རྩེ་ཞིང་འདུག་པ་ན། གཽ་ཏ་མས་ཡོངས་སུ་མ་ཤེས་པ་ཉིད་དུ་བསྟི་གནས་སུ་ཞུགས་པ་དང༌། བཤོལ་མེད་མ་ཡང་འཇིགས་ཤིང་རྟབས་པས་བརྒྱ་བྱིན་མིད་དོ། །དེ་ནས་གཽ་ཏ་མས་ཡང་བཤོལ་མེད་མ་ཁྲིད་དེ། བསྟི་གནས་གཞན་དུ་མགྲོན་དུ་བོས་པར་སོང་བ་དང༌། དྲང་སྲོང་དེས་རྣལ་འབྱོར་གྱི་སྟོབས་ཀྱིས་ཇི་ལྟར་གྱུར་པ་དེ་དག་ཤེས་ནས་སྟན་གསུམ་བཤམས་སོ། །གཽ་ཏ་མས་བསམས་པ། ཅིའི་ཕྱིར་སྟན་གསུམ་ཤོམ་སྙམ་ནས་བརྟགས་པ་དང༌། ཇི་ཙམ་ན་བཤོལ་མེད་མའི་ཁོང་ན་རྒྱ་བྱིན་ཡོད་པར་མཐོང་ནས་དེ་ངོ་ཚ་བར་གྱུར་པ་དང༌། ཟས་ལ་སྤྱད་ནས་རང་གི་གནས་སུ་སོང་སྟེ། བཤོལ་མེད་མ་ལ་བརྒྱ་བྱིན་སྐྱུགས་ཤིག་ཅེས་སྨྲས་པ་དང༌། དེས་ཀྱང་སྐྱུགས་སོ། །དེ་ནས་དེས་བརྒྱ་བྱིན་ལ་མོ་མཚན་སྟོང་གིས་མཚན་པར་གྱུར་ཅེས་དམོད་པ་བཏབ་བོ། །དེ་ནས་ཇི་ཙམ་ན། ལྷ་རྣམས་དེར་འོངས་ཏེ་གཽ་ཏ་མ་མགུ་བར་བྱས་པ་དང༌། གང་འདི་ཁྱེད་ཀྱི་མོ་མཚན་སྟོང་མིག་སྟོང་དུ་གྱུར་ཅིག་ཅེས་མཆོག་བྱིན་པ་ཡིན་ནོ། །དེ་ནས་བརྩམས་ཏེ་མིག་སྟོང་པར་གྱུར་ཏོ། །དཔའ་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ཀྱི་ཁྱད་པར་དང་ལྡན་པས་ན་དཔའ་བ་སྟེ། བཅོམ་ལྡན་འདས་དེ་ལ་བོད་པ་ནི་དཔའ་ཁྱོད་ཅེས་བྱའོ། །འདོད་པ་ཉིད་ཀྱིས། མ་རྨོངས་སླད་དུ་ཞེས་བྱ་བ་ནི་འདོད་པ་རྣམ་པར་བཅོམ་པའི་ཕྱིར་རོ། །བཙུན་མོ་བཏང་ཞེས་བྱ་བ་ནི་གྲགས་ལྡན་མ་དང༌། རི་དྭགས་སྐྱེས་དང༌། ས་འཚོ་མ་ལ་སོགས་པ་བཙུན་མོའི་འཁོར་སྟོང་ཕྲག་དྲུག་ཅུ་བཏང་ཞིང་ཡོངས་སུ་སྤངས་པ་ཡིན་ནོ།།སྒྲ་གཅན་ལག་པས་ཟླ་བ་ཡང༌། །དབང་མེད་པར་ནི་མིད་པ་ལགས། །མངའ་བརྙེས་ཁྱོད་ལ་སེམས་ཅན་གང༌། །དབང་མེད་བགྱིད་པ་དེ་མ་མཆིས། ། ཞེས་བྱ་བ་ལ། སྒྲ་གཅན་ཉིད་ཀྱི་ལག་པས་ཟིན་པས་ན། སྒྲ་གཅན་ལག་པས་སོ། །ཟླ་བ་ནི་རི་བོང་གིས་མཚན་པའོ། །ཇི་ལྟ་བུའི་ཟླ་བ་ཞེ་ན། དབང་མེད་པ་སྟེ་དབང་དང་ནུས་པ་བྲལ་ཞིང་རང་དབང་མེད་པར་གཞན་དབང་དུ་གྱུར་པའོ། །མིད་པ་ནི་ཟིན་པའོ། །དེ་ཡང་འདི་ལྟར་ཐོས་ཏེ། ཇི་ཙམ་ན་ལྷ་རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན། ཇི་སྲིད་ཅིག་ན་བདུད་རྩི་བྱུང་བར་གྱུར་པ་དང༌། ལྷ་མ་ཡིན་སྒྲ་གཅན་གྱིས་ཕྲོགས་ནས་སྤྱོད་པར་རྩོམ་པ་ན། ཁྱབ་འཇུག་གིས་བསམས་པ། གལ་ཏེ་འདིས་བདུད་རྩི་འཐུང་བར་འགྱུར་ན་ལྷ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ་སྙམ་ནས། འཁོར་ལོས་མགོ་བཅད་པ་དང༌། དེས་དེ་བོར་བ་ན་ལྷ་རྣམས་ཀྱིས་ཀྱང་བླངས་སོ། །སྒྲ་གཅན་དེའི་ལྐོག་མའི་ཕྱོགས་ཀྱི་བར་དུ་བདུད་རྩི་ཆས་ཁྱབ་པར་གྱུར་པ་དང༌། དེས་དེའི་འོག་གི་ཆའི་ལུས་ཤི་བར་གྱུར་ཀྱང་གསོན་ལ། དེ་ཡང་ལྷ་དང་མི་རྣམས་ལ་གནོད་པ་བྱ་བའི་ཕྱིར་རྒྱུའོ། །གནས་སྐབས་དེ་ནས་བརྩམས་ཏེ། ས་གསུམ་སྣང་བར་བྱེད་པའི་ཉི་མ་དང༌། ཟླ་བ་འཛིན་པར་བྱེད་པ་ཡིན་ནོ། །མངའ་བརྙེས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ནམ་འབྱུང་པོ་གང་མགོན་པོ་ཁྱེད་ལ་རང་དབང་མེད་པར་བགྱིད་ཅིང༌། གནོད་པར་བགྱིད་པའི་གཞན་དབང་ཅན་ཏེ་འགའ་ཡང་མ་མཆིས་སོ་ཞེས་བྱ་བའི་དོན་ནོ། །མི་དབང་དགའ་བྱེད་གོས་སྲེད་སོགས། །ནགས་ཚལ་ནས་ནི་ཕྱིར་ཡང་མཆིས། །བདེ་གཤེགས་ཁྱོད་ནི་དབེན་པ་ཡི། །བདུད་རྩིས་ངོམས་པས་ཕྱིར་མི་བྱོན། །ཞེས་བྱ་བ་ལ། དགའ་བྱེད་དང་གོས་སྲེད་ནི་དགའ་བྱེད་གོས་སྲེད་དེ། དེ་དག་ལ་སོགས་པའི་རྒྱལ་པོ་གང་ཡིན་པ་དེ་ནི། ནགས་ཚལ་ནས་ཞེས་བྱ་བ་དཀའ་ཐུབ་ཀྱི་ནགས་ནས་ཕྱིར་ཡང་མཆིས་ཞེས་བྱ་བ་འདོད་པའི་འདོད་ཆགས་ཀྱིས་ཡིད་བརླན་པར་བྱས་ནས། སླར་ཡང་ཁྱིམ་དུ་འོངས་པའོ། །དེ་ཡང་འདི་ལྟར་རྒྱལ་པོ་ཤིང་རྟ་བཅུ་པ་སུམ་ཅུ་རྩ་གསུམ་པ་དང༌། ལྷ་མ་ཡིན་གཡུལ་འགྱེད་པར་ཕྱིན་ཏེ། ལུས་ལ་ལྷ་མ་ཡིན་གྱི་མཚོན་གྱི་ཟུག་རྔུ་མང་པོ་ཟུག་པ་དང༌། གྲོང་ཁྱེར་འཐབ་པ་མེད་པར་ཕྱིན་ནས། དེའི་ཆུང་མ་ཀཻ་ཀེ་ཡི་ཞེས་བྱ་བས་བསྙེན་བཀུར་བྱས་པས་གསོས་པར་གྱུར་པ་དང༌། དེས་ཀྱང་དེ་ལ་མཆོག་སྦྱིན་པར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་ཕས་དགའ་བྱེད་རྒྱལ་སྲིད་ལ་དབང་བསྐུར་བར་རྩོམ་པ་ན། ཀཻ་ཀེ་ཡི་རྒྱལ་སྲིད་ལ་ཕྲག་དོག་གིས་དཀྲུགས་པའི་སེམས་ཀྱིས་སྨྲས་པ། ལྷས་བདག་ལ་མཆོག་སྩོལ་བར་དམ་བཅས་པ་ལགས་ཀྱིས། དེ་ད་གསོལ་བར་བགྱིད་དེ། དགའ་བྱེད་ལོ་བཅུ་གཉིས་ཀྱི་བར་དུ་ནགས་སུ་རྫོངས་ལ་བདག་གི་བུ་བྷ་ར་ཏ་རྒྱལ་སྲིད་ལ་དབང་བསྐུར་བར་གསོལ་ཞེས་བྱ་བ་ནས། ཇི་སྲིད་ན་དགའ་བྱེད་ནགས་སུ་སོང་སྟེ། དེར་སཱི་ཏཱ་ཕྲོགས་པ་དང༌། སྒྲ་སྒྲོགས་བསད་པ་ལ་སོགས་པ་བྱས་ནས། མེ་ཏོག་ཅན་ཞེས་བྱ་བའི་རྒྱུ་བའི་གཞལ་ཡས་ཁང་དུ་ཞུགས་ཏེ། བྷ་ར་ཏ་ལ་སོགས་པས་གསོལ་བ་བཏབ་ཅིང་མཆོད་པ་དང༌། གྲོང་ཁྱེར་འཐབ་པ་མེད་པར་སོང་སྟེ། དགའ་བྱེད་བདེ་བ་རྣམས་ལ་མངོན་པར་རོལ་བར་གྱུར་ཏོ། །གོས་སྲེད་ལ་སོགས་པའི་རྒྱལ་པོ་གཞན་དག་ཀྱང་སྡུག་བསྔལ་གྱིས་ཉེན་པར་གཙོས་པའི་འཇིག་རྟེན་མཐོང་བ་དང༌། ང་ཡང་གནས་སྐབས་འདི་ལྟ་བུར་འགྱུར་དུ་འོང་ངོ་སྙམ་ནས་རྒྱལ་སྲིད་སྤངས་ནས་ནགས་སུ་སོང་བ་དང༌། སླར་ཡང་དེ་དང་བྲལ་བས་ས་ཆེན་པོ་འདི་དག་ལ་གནས་པ་མི་རིགས་པ་ལ་ཞུགས་པས་སྐྱེ་བོ་མ་ལུས་པ་སོང་སྟེ། གུས་པ་དང་བཅས་པས་སླར་ཡང་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲང་བའི་གསོལ་བ་བཏབ་ཅིང༌། དེ་ཡང་འདོད་ཆགས་ལ་ཉེ་བར་དགའ་བས་ཡིད་ཀྱིས་སླར་གྲོང་ཁྱེར་དུ་འོངས་སོ་ཞེས་ཐོས་སོ། །བདེ་གཤེགས་ཁྱོད་ནི་ཞེས་བྱ་བ་ནི་བོད་པའོ། །དབེན་པ་ཞེས་བྱ་བ་ནི་ལུས་དབེན་པ་དག་ཀྱང་དབེན་པའི་སྒྲར་གྲག་མོད་ཀྱི། འོན་ཀྱང་འདིར་ནི་དེ་གཉིས་ཀ་བསྐྱེད་པ་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་པར་འདོད་དོ། །དེ་ཉིད་ནི་བདུད་རྩི་སྟེ་མི་འཆི་བར་བྱེད་པ་ཡིན་ལ། དེས་ཁྱེད་ངོམས་པར་གྱུར་པས་ནགས་སུ་གཤེགས་ནས་སླར་ཁྱིམ་དུ་མི་བྱོན་ནོ་ཞེས་བྱ་བའོ།།མཆོད་སྦྱིན་ལ་ནི་ཕྱུགས་འགུམ་པར། །དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག །སྡིག་མེད་ཁྱེད་ཀྱིས་གྲོག་མ་ལའང༌། །གནོད་པ་བགྱིད་པར་རྗེས་མ་གནང༌། །ཞེས་བྱ་བ་ལ། མཆོད་སྦྱིན་ཞེས་བྱ་བ་ནི་མཆོད་ཅིང་སྦྱིན་པར་བྱེད་པ་སྟེ། བ་ལང་གི་མཆོད་སྦྱིན་ལ་སོགས་པའོ། །ཕྱུགས་འགུམ་པ་ཞེས་བྱ་བ་ནི་བ་ལང་དང༌། རྟ་ལ་སོགས་པའི་དུད་འགྲོ་གསོད་པའོ། །དེ་སྐད་སུ་ཞིག་སྨྲ་ཞེ་ན། དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག་ཅེས་བྱ་བ་སྟེ། གཟེགས་ཟན་ལ་སོགས་པ་སྔོན་གྱི་དྲང་སྲོང་རྣམས་ཀྱིས་དེ་ལྟར་བཤད་པ་ཡིན་ནོ། །ཞེས་ཐོས་སོ། །སྡིག་མེད་ཁྱོད་ཀྱིས་ཞེས་བྱ་བ་ནི་གང་ལ་སྡིག་པ་ཡོད་པ་མ་ཡིན་པ་དེ་ནི་སྡིག་མེད་དེ། དེ་ལ་ཀྱེ་སྡིག་མེད་ཅེས་བོད་པ་ཡིན་ནོ། །གྲོག་མ་ལའང་ཞེས་བྱ་བ་ནི་ལུས་ཤིན་ཏུ་ཆུང་བའི་སྲོག་ཆགས་སོ། །གནོད་པ་བགྱིད་པ་ནི་གསོད་པའོ། །རྗེས་མ་གནང་ཞེས་བྱ་བ་ནི་དེ་ལྟར་མ་གསུངས་ཤིང་དེ་བྱ་བར་མ་བསྟན་ཏོ་ཞེས་བྱ་བའི་དོན་ནོ། །དེ་ཡང་ཆོས་ཀྱི་རྒྱལ་པོའི་མདོ་ལས། གང་ཁྱེད་རྣམས་ཀྱིས་མ་མཐོང་བ་སྲོག་གཅོད་པ་ལས་མི་ལྡོག་པའི་མཐའ་ནི་ངེས་པར་ཀྱེ་མ་དམྱལ་བའམ། གཞན་དག་ཏུ་ཁོ་བོས་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དམྱལ་བར་བྱེད་པའི་ཆོས་རྣམས་ཡང་དག་པར་བླངས་ཏེ་གནས་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ།།གཞན་དག་རང་དོན་མཆོད་སྦྱིན་ལ། །གཞན་གྱི་སྲོག་གིས་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་མཛད། །ཅེས་བྱ་བ་ལ། གཟེགས་ཟན་ལ་སོགས་པ་གཞན་དག་ནི་རང་དོན་ཞེས་བྱ་བ་རང་ལ་ཕན་པའི་ཕྱིར་རོ། །ཐབས་གང་གིས་ཤེ་ན། མཆོད་སྦྱིན་ལ་ཞེས་པ་སྟེ། མཆོད་སྦྱིན་ཤེས་པའི་ཐབས་ཀྱིས་སོ། །གཞན་གྱི་སྲོག་གི་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་སྲོག་བཅད་ནས་མཆོད་སྦྱིན་གྱི་རྗེས་སུ་བྱས་ཏེ། མཆོད་སྦྱིན་བྱེད་པའོ། །དེ་ཡང་སེམས་ཅན་ལ་ཉེ་བར་འཚེ་བ་དང་ལྡན་པའི་མཆོད་སྦྱིན་གྱི་ཆོ་ག་བསྟན་པས་རང་གི་དོན་བསྲེགས་པའམ། མཐོ་རིས་ལ་སོགས་པ་ཐོབ་པའི་རྒྱུ་བདག་ཉིད་གསོད་པ་ཉེ་བར་སྟོན་པ་ཡིན་ཏེ། ཇི་སྐད་དུ། ཆུར་ནི་སྟོང་ཕྲག་བདུན་དག་སྟེ། །མེ་ལ་སྟོང་ཕྲག་བཅུ་གཅིག་ཡིན། །མི་དབང་ཟས་བཅད་པ་ཡི་ནི། །གྲངས་ཡོད་པ་ནི་མ་ཡིན་ནོ། །ཞེས་གཡུལ་ངོར་བསྟན་པ་ལ་འཇིགས་བྱེད་ཀྱིས་སྨྲས་པ་ཡིན་ནོ། །ཡང་མགོན་པོ་ཁྱོད་ནི་གཞན་གྱི་དོན་དུ་ཞེས་བྱ་བ་གཞན་དག་ལ་ཕན་པའི་ཕྱིར་རོ། །ཁྱོད་གཅིག་པུ་ཞེས་བྱ་བ་གྲོགས་མེད་པར་རོ། །རང་གི་སྲོག་གིས་ཞེས་བྱ་བ་ཉིད་ཀྱི་འཚོ་བ་དེ་ཉིད་ཀྱིས་སོ། །སྦྱིན་སྲེག་མཛད་ཅེས་བྱ་བ་ནི་སྦྱིན་སྲེག་གི་རྫས་སུ་མཛད་དེ་བསྲེགས་ཤིང་གཞན་གྱི་དོན་མཛད་པའོ། །འདིར་ནི་སྟག་མོའི་སྐྱེས་པའི་རབས་ལ་སོགས་པ་དཔེར་བརྗོད་པར་བྱའོ།།དྲང་སྲོང་དམོད་མེ་མི་བཟད་པས། །སྐྱེ་བོ་མང་པོ་བསྲེགས་པར་གྱུར། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་ནི། །སྐྱེ་བོ་རྣམས་ཀྱི་སྐྱེ་རྒྱུ་བསྲེགས། །ཞེས་བྱ་བ་ལ། དྲང་སྲོང་ནི་སྔོན་གྱི་དྲང་སྲོག་རྣམས་ཀྱིས་སོ། །དམོད་མེ་ཞེས་བྱ་བ་ནི་དམོད་པ་ཉིད་མེ་དང་འདྲ་བའོ། །ཇི་ལྟ་བུས་ཤེ་ན། མི་བཟད་པས་ཞེས་བྱ་བ་སྟེ། འཇིགས་སུ་རུང་བས་སོ། །སྐྱེ་བོ་མང་པོ་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པའོ། །བསྲེགས་པ་ནི་ཐལ་བར་བྱས་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཉེ་བ་འཁོར་འདི་ཇི་སྙམ་དུ་སེམས། མ་ག་དྷའི་དགོན་པ་འདི་གང་གིས་སྟོངས་པར་བྱས་ཤིང་གཙང་མར་བྱས། ཀྱེ་གཽ་ཏ་མ་དྲང་སྲོང་རྣམས་ཀྱི་ཡིད་ཀྱི་འདི་འདོད་པ་མི་བཟད་པའི་དམོད་པས་སོ་ཞེས་རྒྱ་ཆེར་མདོ་ལས་གསུངས་སོ། །ཁྱོད་ནི་བཅོམ་ལྡན་འདས་སོ། །ཡེ་ཤེས་མེ་ཡིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་མེས་བསྲེགས་ཤིང་ཐལ་བར་མཛད་པའོ། །སྐྱེ་བོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱིའོ། །སྐྱེ་རྒྱུ་ཞེས་བྱ་བ་ནི་བདག་གི་དངོས་པོ་མངོན་པར་འཕེལ་བའི་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་ཞེས་བྱ་བའི་དོན་ནོ། །དྲང་སྲོང་དམོད་པ་གྲུབ་པ་ལས། །དཀའ་ཐུབ་གྲུབ་པར་རྗེས་སུ་དཔག །མགོན་ཁྱོད་ཐུགས་རྗེ་གྲུབ་པ་ལས། །དཀའ་ཐུབ་གྲུབ་པར་རྗེས་སུ་དཔག།ཅེས་བྱ་བ་ལ། དམོད་པ་གྲུབ་པ་ནི་དམོད་པ་བྱེད་པའི་ནུས་པ་ཡོད་པའོ། །དཀའ་ཐུབ་ནི་བརྟུལ་ཞུགས་སོ། །གྲུབ་པ་ནི་རྫོགས་པའོ། །རྗེས་སུ་དཔག་པ་ནི་ཤེས་པར་གྱུར་པའོ། །དེ་ཡང་འདི་ལྟར་གང་གི་ཚེ། དེ་རྣམས་དམོད་པ་འདོར་བར་ནུས་པར་གྱུར་པ་དེའི་ཚེ། འདི་དག་ནི་བརྟུལ་ཞུགས་གྲུབ་པ་ཡིན་ནོ་ཞེས་ཤེས་པར་ནུས་པ་ཡིན་ནོ། །གང་གི་ཚེ་གཞན་དག་ལ་གནོད་པ་དང་དམོད་པ་དེ་ཡང་བྱེད་པར་མི་ནུས་པ་དེའི་ཚེ། དེ་གྲགས་པ་དང་ལྡན་པར་མི་འགྱུར་བའོ། །མགོན་ཁྱོད་ཅེས་བྱ་བ་ལྷ་ཆེན་འདོད་པ་ཅན་གྱི་མཚན། །དྲང་སྲོང་རྣམས་ཀྱི་དམོད་པས་ལྷུང༌། །ཁྱོད་ཀྱིས་ཕུང་ཁྲོལ་མཐའ་དག་གི །རྩ་བ་འདོད་པ་ཉིད་ལྷུང་བགྱིས། །ཞེས་བྱ་བ་ལ། འདི་ལྟར་རྗེས་སུ་ཐོས་ཏེ། ཐང་ཤིང་གི་ནགས་འགའ་ཞིག་ཏུ་དྲང་སྲོང་མང་པོ་བུ་དང་བུ་མོ་དང་ཆུང་མ་དང་བཅས་པར་དཀའ་ཐུབ་ཤིན་ཏུ་དཀའ་བས་གདུངས་ཤིང་གནས་པར་གྱུར་ལ། དེ་རྣམས་ཀྱི་དཀའ་ཐུབ་མི་བཟད་པ་མཐོང་བས་ལྷ་མོ་ཨུ་མ་དེ་རྣམས་ལ་ཀུན་ཏུ་སྐྱེ་བ་སྐྱེས་ཏེ། ལྷ་ཆེན་པོའི་ཐད་དུ་སོང་ནས་དབེན་པར་བག་ཕེབས་པའི་དབང་གིས་འདི་སྐད་ཅེས་སྨྲས་ཏེ། དྲང་སྲོང་འདི་རྣམས་ནི་དཀའ་ཐུབ་ཆེན་པོ་ལ་སྤྱོད་པར་བརྩོན་པ། ཐར་པ་འདོད་པ་ལགས་པས་འདི་རྣམས་ལ་ཁྱོད་ཀྱིས་ངེས་པར་ཐར་པ་ཐོབ་པར་མཛད་པའི་རིགས་སོ། །ལྷ་ཆེན་པོས་སྨྲས་པ། ཐར་པའི་བདེ་བ་ནི་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་བྲལ་བས་ཐོབ་པར་འགྱུར་ལ། འདི་དག་ནི་དེ་ལྟ་མ་ཡིན་ན་ཇི་ལྟར་ངས་དེ་དག་ལ་ཐར་པ་འཐོབ་པར་བྱ། ཨུ་མས་སྨྲས་པ། དེ་སྐད་མ་གསུང་ཞིག འདི་དག་ནི་ངེས་པར་ཞེ་སྡང་དང་བྲལ་བ་ཡིན་པས་རྣམ་པ་ཐམས་ཅད་དུ་བདག་གིས་གསོལ་བ་གསོན་ལ། ཁྱེད་ཀྱིས་མྱ་ངན་ལས་འདས་པའི་བདེ་བའི་བདུད་རྩིས་ལུས་ཚིམ་པར་མཛོད་ཅིག །དེ་ནས་ལྷ་ཆེན་པོས་ཨུ་མའི་བསམ་པ་ངེས་པར་ཤེས་པ་དང༌། དྲང་སྲོང་གི་བུ་མོ་རྣམས་ལ་འདོད་ཆགས་ཀྱི་ཤུགས་སྐྱེ་པ་དང༌། རེ་ཞིག་འདི་དག་སད་པར་བྱའོ་ཞེས་བློ་སྐྱེས་ནས། ཉི་མ་གཉིས་པ་ལ་མགོ་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། ལུས་བརྟེན་ཅིང་སྲ་བར་བྱས་པ་དང༌། ལང་ཚོ་བདོ་བར་གྱུར་པ་ལ་གནས་ཤིང་ཤིན་ཏུ་སྒེག་པའི་ཆ་ལུགས་ཀྱིས་བརྒྱན་ཏེ། བཞག་པའི་བདག་ཉིད་ཀྱི་དངོས་པོ་གཞོན་པར་བྱས་ནས་རང་གི་མཚན་མ་བཀབ་ཅིང་མངོན་པར་ལྡང་ལ་འཛག་བཞིན་པར་བྱས་ནས་སོང་བ་དང༌། དྲང་སྲོང་གི་ཆུང་མ་དང༌། བུ་མོ་གཞོན་ནུའི་ཚོགས་ལོ་མའི་སྤྱིལ་བུ་ལས་བྱུང་སྟེ། དེའི་ལུས་ལ་རེག་ཅིང་འཛིན་པ་ལ་མངོན་པར་དགའ་བས་ཐང་ཤིང་གི་ནགས་ཀྱི་གནས་སུ་ཞུགས་པ་དང༌། དེས་ཀྱང་ཡིད་ཕྲོགས་པ་མཐོང་ཞིང་ཤིན་ཏུ་གཟུགས་དང་ལྡན་པ་ལ་བལྟས་ནས། འདོད་ཆགས་ཀྱི་དབང་གིས་བརླའི་ཕྱོགས་གཉིས་སུ་ཆུ་འཛག་པས་ཁྱབ་པར་གྱུར་ཅིང༌། ཤས་ཆེར་བརྒྱལ་བར་གྱུར་ཏོ། །དེ་ནས་ལོ་མའི་སྤྱིལ་བུ་ལས་བྱུང་བའི་དྲང་སྲོང་རྣམས་ཀྱིས་དེ་མཐོང་བ་ཙམ་གྱིས་ཁྲོ་བའི་ཤུགས་ཀྱི་སྟོབས་ཀྱིས་ཡིད་རྙོག་པ་ཅན་དུ་གྱུར་པས་ཁྱེད་མ་དུལ་ཞིང་འདོད་ཆགས་ཀྱིས་ལྡང་བར་བྱས་པའི་དབང་པོ་ལྷུང་བར་གྱུར་ཅིག་ལྷུང་བར་གྱུར་ཅིག་ཅེས་དེ་ལ་དམོད་པ་བཏབ་བོ། །དེའི་རྗེས་ཐོག་ལ་བརྒྱ་བྱིན་གྱི་གླང་པོ་ཆེའི་སྣ་ལྟ་བུའི་མཚན་མ་ས་ལ་ལྷུང་བར་གྱུར་ཏོ། །ཇི་ཙམ་ན་དེ་རྣམས་བསམ་གཏན་གྱི་སྟོབས་དང༌། ལྷ་མོས་སྨྲས་པ། འདི་ནི་ལྷ་ཆེན་པོ་ཡིན་ཏེ། ཁོ་བོ་ཅག་སད་པའི་ཕྱིར་འདིར་འོངས་པ་ཡིན་ནོ་ཞེས་ཇི་ལྟ་བ་བཞིན་དུ་ཤེས་པ་དང༌། སྙིང་པོར་གྱུར་པའི་མཚན་དེ་བླངས་ནས་མཆོད་པའི་ཁྱད་པར་རྣམ་པ་མང་པོས་མཆོད་པར་གྱུར་ཏོ། །དེ་ནས་བརྩམས་ཏེ་འཇིག་རྟེན་འདིར་མཚན་ལ་མཆོད་པ་བྱུང་བ་ཡིན་ནོ། །ལྷ་ཆེན་པོ་ནི་བདེ་བྱེད་དོ། །འདོད་པ་ཅན་གྱི་ངང་ཚུལ་འདི་ལ་ཡོད་པས་ན་འདོད་པ་ཅན་ཏེ་དེ་ཡང་འདི་དྲང་སྲོང་གི་བུ་མོ་རྣམས་དང་ལྷན་ཅིག་འདོད་པ་སྤྱོད་པས་ན་འདོད་པའོ། །ཡང་ན་འདོད་པ་ནི་འདོད་ཆགས་སོ། །དེ་གང་ལ་ཡོད་པ་ནི་འདོད་ཆགས་ཅན་ནོ། །མཚན་ནི་སྐྱེས་པའི་དབང་པོའོ། །དྲང་སྲོང་རྣམས་ཀྱི་ཞེས་བྱ་བ་ནི་ཐང་ཤིང་གི་ནགས་ན་གནས་པའིའོ། །གང་གིས་ཤེ་ན་དམོད་པ་སྟ། ཁྱེད་ཀྱི་མཚན་ལྷུང་བར་གྱུར་ཅིག་ལྷུང་བར་གྱུར་ཅིག་ཅེས་བྱ་བའི་ཁྲོ་བས་ཀུན་ནས་བསླངས་པའི་ཚིག་རྩུབ་པོས་སོ། །ལྷུང་བ་ནི་ས་ལ་ལྷགས་པར་གྱུར་པའོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ཁྱོད་ཀྱིས་ནི་འདོད་པ་ཉིད་ལྷུང་བར་མཛད་པ་སྟེ། འདོད་པའི་འདོད་ཆགས་ཉིད་བག་ཆགས་དང་བཅས་པར་སྤངས་པའོ། །ཇི་ལྟ་བུའི་འདོད་པ་ཞེ་ན། ཕུང་ཁྲོལ་མཐའ་དག་གི་རྩ་བ་ཞེས་སྨོས་ཏེ། གང་གི་ཚེ་འདི་དང་ཚེ་རབས་གཞན་གྱི་གནོད་པའི་ཕུང་ཁྲོལ་དེ་རྣམས་ཀྱི་རྩ་བ་ནི་འདོད་པ་ཉིད་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། འདོད་ཆགས་ཀྱི་རྒྱུ་དང་འདོད་ཆགས་ཀྱི་གཞི་དང༌། འདོད་ཆགས་ཀྱི་དབང་གིས་མ་དང་བུ་ལྷན་ཅིག་ཀུན་ཏུ་སྨྲ་ཞིང་བུ་ཡང་མ་དང་ལྷན་ཅིག་སྤྱོད་དོ་ཞེས་མདོ་ལས་རྒྱ་ཆེར་གསུངས་པ་དང༌། སློབ་དཔོན་དཔའ་བོས་ཀྱང༌། འཇིག་རྟེན་འདོད་པས་བཅིངས་དང་གསོ་དང་ཁེངས་པ་དང༌། དུབ་དང་འཇིགས་དང་སྡུག་བསྔལ་སྣ་ཚོགས་ཉེར་ཐོབ་ཅིང༌། །འདོད་དོན་ཉིད་ཀྱིས་ས་བདག་རྣམས་ནི་ལྷུང་གྱུར་ལ། །ཆོས་རྣམས་མངོན་དུ་འཇོམས་ཤིང་གཞན་དུ་དམྱལ་བར་འགྲོ། །ཞེས་བཤད་པ་ཡིན་ནོ།།གླིང་ལས་སྐྱེས་སོགས་ཕལ་ཆེར་ནི། །གཞན་གྱིས་གང་སྨྲས་སྨྲ་བར་བགྱིད། །ཁྱོད་ཀྱིས་ཐུན་མོང་མ་ཡིན་ཆོས། །རང་གིས་ཐུགས་སུ་ཆུད་ནས་བསྟན། །ཅེས་བྱ་བ་ལ། གླིང་གིས་སྐྱེས་ནི་དྲང་སྲོང་རྒྱས་པའོ། །སོགས་པའི་སྒྲས་ནི་རཱ་མཱ་ཡ་ཎའི་གཏམ་གྱི་བྱེད་མཁན་དྲང་སྲོང་བཱལ་མཱི་ཀི་དང༌། གཞན་ཡང་སྙན་དངགས་གཞན་དག་སྦྱོར་བ་རྣམས་ལ་བྱའོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུ་སྟེ། དེ་དག་རང་གི་རྗེས་སུ་དཔགས་ནས་རབ་ཏུ་བརྟགས་པ་ནི་དེ་ན་ཅུང་ཟད་ཅིག་ཡོད་དོ་ཞེས་བསྟན་ཏོ། །གཞན་གྱིས་གང་སྨྲས་ཞེས་བྱ་བ་ནི་ཕ་རོལ་གྱིས་བཤད་པ་གང་ཡིན་པ་སྟེ། དེ་དག་སྨྲ་བར་བྱེད་ཅིང་དེ་ལ་འཇིག་རྟེན་པ་རྣམས་དགའ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། གང་གླིང་ལས་སྐྱེས་ལ་སོགས་པ་རྣམས་ཀྱིས་བྷཱ་ར་ཏ་ལ་སོགས་པ་ལ་སྨྲས་པ་ནི་ཕལ་ཆེར་གཞན་དག་གིས་སྨྲས་པ་དེ་སྨྲ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །ཁྱོད་ཀྱིས་ཐུན་མོང་མ་ཡིན་ཆོས། ཞེས་བྱ་བ་ལ་སོགས་པ་ལ། ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་གཞན་དག་གིས་མ་སྨྲས་པའོ། །ཆོས་ཞེས་བྱ་བ་ནི་གསུང་རབ་ཀྱི་ཁྱད་པར་འཕགས་པའི་བདེན་པ་བཞི་ཡོངས་སུ་གསལ་བར་བྱེད་པའོ། །རང་གི་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནི་རང་ཉིད་ཀྱིས་གཞན་གྱིས་རྗེས་སུ་བསྟན་པ་ལ་མ་བལྟོས་པར་ཐུགས་སུ་ཆུད་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ལས། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་བློ་དང་རིགས་པ་དང་རྟོགས་པ་སྐྱེས་སོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུ་ཡིན་ནོ། །བསྟན་ཅེས་བྱ་བ་ནི་གཞན་དག་ལ་སྟོན་པར་མཛད་པ་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་རྒྱུ་བ་སྤྱོད་པ་པོ་གཞན་དག་ལ་བསྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ།།མུ་སྟེགས་ཅན་གྱི་རིག་བྱེད་ཚིག །དབེན་པ་ཁོ་ནར་སྨྲ་བར་བགྱིད། །ཁྱོད་ཀྱིས་བསྒྲགས་ནས་སེངྒེ་ཡི། །སྒྲ་ཡིས་ཆོས་རྣམས་སྟོན་པར་མཛད། ། ཅེས་བྱ་བ་ལ། མུ་སྟེགས་ཅན་གྱི་ཞེས་བྱ་བ་ནི་མུ་སྟེགས་པ་མི་གཞུག་གོ་ཞེས་སྨྲ་བ་དང༌། གཅེར་བུ་པའི་དགེ་སྦྱོང་གི་སྐར་མའི་བསྟན་བཅོས་དགེ་སྦྱོང་གཅེར་བུ་པ་མ་ཡིན་པ་ལ་མི་སྦྱིན་པ་དང༌། ཁྱབ་འཇུག་པའི་མཚན་མོ་ལྔ་པ་ལ་སོགས་པའི་བསྟན་བཅོས་རྣམས་ནི་གཞན་དག་ལ་སྨྲ་བར་མི་བྱའོ། །དབེན་པ་དག་ཏུ་སོ་སོའི་ངེས་པའི་སེམས་ཅན་དག་ལ་འདི་དག་སྨྲ་བར་བྱའོ་ཞེས་ཟེར་རོ། །ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སེངྒེའི་སྒྲ་དང་འདྲ་བ་ཡིན་པས་ན་སེངྒེའི་སྒྲའོ། །འདི་སྐད་སྟོན་ཏེ། ཁྱེད་ནི་སེངྒེའི་སྒྲ་སྒྲོགས་པས་དགེ་སྦྱོང་དང༌། བྲམ་ཟེ་དང༌། སྤྱོད་པ་པ་དང༌། ཀུན་ཏུ་རྒྱུ་བ་ཐམས་ཅད་ལ་སེར་སྣ་མི་མངའ་བ་དང༌། ཕྱོགས་སུ་ལྷུང་བ་མི་མངའ་བར་སྟོན་པར་མཛད་པ་ཡིན་ནོ། །གྲངས་ཅན་བྷ་ར་དྷཱ་ཛ་ནི། །དེ་ཉིད་མཐོང་ཡང་དཔྱིད་ལྡན་ལ། །ཡོངས་སུ་ཆགས་ཀྱི་གཙོ་ཁྱོད་ཀྱི། །སློབ་མའང་བུད་མེད་ཉིད་མ་ཆགས། ཞེས་བྱ་བ་ལ། དེ་ལ་གྲངས་ཅན་གྱི་དེ་ཁོ་ན་ཉིད་ནི་འདི་སྐད་ཅེས་འཆད་དེ། གང་གི་ཚེ་སྐྱེས་བུ་འདིའི་སྙིང་སྟོབས་དང༌། རྡུལ་དང་མུན་པའི་གཟུགས་ཅན་གྱི་རང་བཞིན་འདི་ལ་འཇུག་པ་ན། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་མཐོང་བར་གྱུར་པའི་རྣལ་འབྱོར་པ་རྣམ་པར་དབེན་པར་གྱུར་པ་དེའི་ཚེ་གྲོལ་བར་འགྱུར་པ་ཡིན་ནོ་ཞེས་ཟེར་རོ། །བྷ་ར་དྷྭ་ཛ་ནི་ཞེས་བྱ་བ་ནི། དྲང་སྲོང་བྷ་ར་དྷྭ་ཛའི་བུ་ཡིན་པས་བྷ་ར་དྷྭ་ཛའོ། །དེ་ཉིད་མཐོང་ཡང་ཞེས་བྱ་བ་ནི་གང་གྲངས་ཅན་རྣམས་ཀྱིས་བཤད་པའི་དེ་ཁོ་ན་ཉིད་མཐོང་བའོ། །དེ་ཡང་འདི་ལྟར་རྗེས་སུ་ཐོས་ཏེ། བྷ་ར་དྷྭ་ཛ་དེ་བརྟུལ་ཞུགས་དྲག་པའི་སྤྱོད་པ་ལ་བརྩོན་ཞིང༌། གྲངས་ཅན་གྱི་ཤེས་པས་དེ་ཁོ་ན་ཉིད་ཤེས་པས་ནགས་ན་གནས་སོ། །ནགས་ན་གནས་པའི་ལྷ་རྣམས་ཀྱིས་མཐོང་བ་དང༌། དེ་འདི་ལྟ་བུའི་དཀའ་ཐུབ་སྤྱོད་པ་ལས་ནི་བདག་ཅག་རྣམས་ཀྱིས་བགེགས་བྱེད་པར་ནུས་པར་འགྱུར་དུ་འོང་གི་མ་ལ་བདག་ཅག་གིས་འདི་དཀའ་ཐུབ་ལས་ཉམས་པར་བྱའོ་སྙམ་ནས། དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་དེར་བཏང་བ་དང༌། ཇི་ཙམ་ན་དེའི་བསྟི་གནས་དང་ཉེ་བར་གར་བྱེད་པ་དང༌། གླུ་ལེན་པར་བརྩམས་སོ། །དྲང་སྲོང་དེས་དེ་ཐོས་པ་དང༌། ལོ་མའི་སྤྱིལ་བུ་ལས་བྱུང་བ་ན། ལྷ་མོ་དེ་མཐོང་བ་ཙམ་གྱིས་འདོད་ཆགས་རབ་ཏུ་གཡོས་པས་ཡིད་གདུངས་ཤིང་གཟིར་བར་གྱུར་པས་དེ་བླངས་ཏེ་ལོ་མའི་སྤྱིལ་བུར་ཞུགས་ནས། དུས་ཤིན་ཏུ་ཡུན་རིང་མོར་དེ་དང་ལྷན་ཅིག་འདོད་པའི་བདེ་བ་ལ་ལོངས་སྤྱད་པ་རྗེས་སུ་མྱོང་བར་གྱུར་ཏོ། །དེ་ལྟར་ན་བྷ་ར་དྷྭ་ཛ་ཞེས་བྱ་བ་དེ་ནི་དཔྱིད་ལྡན་མ་ཞེས་བྱ་བའི་ལྷའི་བུ་མོ་ལ་ཡོངས་སུ་ཆགས་ཤིང་ཞེན་པ་དང་ལྡན་པ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །གཙོ་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ། ཆོས་རྣམས་ལ་དབང་ཕྱུག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏེ། ཁྱོད་ཀྱི་སློབ་མ་དེ་རྣམས་ཀྱང་བུད་མེད་རྣམས་ལ་ཆགས་པ་མེད་ན། ཁྱེད་ལྟ་མོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ནོ། །དེ་ཡང་འདི་ལྟར་འཁོར་བའི་དངོས་པོའི་རང་བཞིན་ཤེས་པ་ནི་ནམ་ཡང་འདོད་པའི་ཡོན་ཏན་ལྔ་པོ་འཇིག་ཅིང་ཡིད་བརྟན་དུ་མི་རུང་བ་ལ་ཆགས་པར་ག་ལ་འགྱུར།།འུག་པ་པས་ནི་དམན་པ་ལས། །ཁྱད་པར་ཅན་ལ་སྦྱིན་ཞེས་བསྟན། །མགོན་པོ་ཁྱོད་ནི་ཐུགས་རྗེ་ཡིས། །ཁྱི་ལའང་སྦྱིན་པར་བྱ་ཞེས་གསུངས། ། ཞེས་བྱ་བ་ལ། འུག་པ་པ་ནི་གཟེགས་ཟན་ལ་སོགས་པ་བྱེ་བྲག་པའི་བསྟན་བཅོས་རྩོམ་པ་རྣམས་ཀྱིས་བཤད་པའོ། །ཁྱད་པར་ཅན་ལ་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ལ་སྦྱིན་གྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བྲམ་ཟེ་ལས་ནི་མཉམ་པ་སྟེ། །ཐ་མལ་བྲམ་ཟེ་ལས་གཉིས་འགྱུར། །འདོད་པ་ལ་ནི་བརྒྱ་སྟོང་སྟེ། །རིག་བྱེད་ཕ་རོལ་འགྲོ་མཐའ་ཡས། །ཞེས་བཤད་པ་ཡིན་ཏེ། དེ་བས་ན་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྲམ་ཟེ་ལ་སྦྱིན་པ་པོ་ཁྱད་པར་ཅན་གྱི་འབྲས་བུ་འདོད་པས་སྦྱིན་པར་བྱའི། བྲམ་ཟེ་མ་ཡིན་པ་གཞན་དག་ལ་ནི་མ་ཡིན་ཏེ། གང་དེ་ཡོད་ན་རིག་བྱེད་མ་ལུས་པ་མཐར་ཆུབ་པར་མ་བྱས་པ་ལ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །མགོན་པོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཀྱེ་མགོན་པོ་སྐྱབས་སུ་གྱུར་པ་ཁྱོད་ཀྱིས་ནི་ཁྱིའི་བར་ལའང་སྦྱིན་པར་བྱའོ་ཞེས་གསུངས་སོ། །དྲིས་པ། ཁྱི་འདི་ནི་ཁྱད་པར་གྱི་ཞིང་མ་ཡིན་ན་ཅིའི་ཕྱིར་དེ་ལ་སྦྱིན་པར་བྱ་ཞེས་གསུངས་ཤེ་ན། དེའི་ཕྱིར་ཐུགས་རྗེ་ཡིས་ཞེས་བྱ་བ་གསུངས་ཏེ་དེ་ཡང་བདག་ཉིད་ཆེན་པོ་རྣམས་ཀྱིས་ནི་སྙིང་རྗེས་སྦྱིན་པ་ལ་འཇུག་པར་བྱའི། འབྲས་བུ་མངོན་པར་འཕེལ་བ་ལ་ཆགས་པས་ནི་མ་ཡིན་ནོ། །དེ་ཡང་གནས་བརྟན་དཀོན་མཆོག་འབངས་ཀྱིས། གང་ཞིག་སྐྱེ་བོ་དམན་དང་འཕོངས་པ་རེ་བའི་བསམ་ལྡན་མཐོང་ན་ཡང༌། བརྩེ་མེད་འབྲས་བུ་འདོད་པས་སྣོད་གཞན་ཡོན་ཏན་དག་དང་ལྡན་ཚོལ་བ། །བསམ་བརླག་དེ་ནི་སྦྱིན་པར་བྱེད་ཀྱང་སློང་བ་རྣམས་དང་མཚུངས་སོ་ཞེས། །དེ་སླད་ཁྱོད་ནི་ཐུགས་རྗེས་སློང་བ་རྣམས་ལ་སྦྱིན་པར་བཞེད་ལ་ཞུགས། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཁྱེད་སྦྱིན་པ་ལ་འཇུག་པར་མཛད་པ་ནི་སློང་བ་རྣམས་ལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གུས་པས་མཛད་པ་ཡིན་ནོ།།ལུས་ཀྱི་དཀའ་ཐུབ་བགྱིད་པ་ཡིས། །མདུད་པ་འཇིག་པར་གཅེར་བུར་འཚལ། །ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཀྱིས། །མདུད་པ་འཇིག་པར་བཞེད་པ་ལགས། །ཞེས་བྱ་བ་ལ། ལུས་ཀྱི་དཀའ་ཐུབ་ནི་ཉོན་མོངས་པའི་གདུང་བ་ཞེས་བྱ་བའི་དོན་ནོ། །དེས་བྱས་པའི་མདུད་པ་ཞེས་བྱ་བའི་ནི་འཆིང་བ་སྟེ། ཉོན་མོངས་པའོ་ཞེས་བྱ་བའི་དོན་ནོ། །དེ་འཇིག་པ་ནི་བཤིག་ཅིང་རྣམ་པར་སྤངས་པ་ཞེས་བྱ་བའི་དོན་ནོ། །ལུས་ལས་ཀྱང་མདུད་པ་འཇིག་པར་འདོད་པ་དེ་གང་ཞིག་ཡིན་ཞེ་ན། གཅེར་བུས་འཚལ་ཞེས་བྱ་བ་སྨོས་ཏེ། གོས་མེད་པའི་དགེ་སྦྱོང་གཅེར་བུ་པ་ཞེས་བྱ་བའི་དོན་ནོ། །དེ་ཡང་དེ་རྣམས་ཀྱི་གྲུབ་པའི་མཐའ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཚེ་སྔ་མ་ལ་བྱས་པའི་ལས་ནི་དཀའ་ཐུབ་ཀྱིས་ཟད་པར་བྱས་ལ། འདིར་ཡང་དགེ་བའམ་མི་དགེ་བ་སྔོན་མེད་པ་ཉེ་བར་བསགས་པར་མི་བྱ་ལ། དེས་ན་ལུས་ཀྱི་རྒྱུད་ལ་ཡོད་པའི་ལས་ཟད་པས་སྐྱེ་བ་ཟད་ལ། སྐྱེ་བ་ཟད་པས་སྡུག་བསྔལ་ཟད་དེ། དེ་ཟད་པས་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་འདོད་དོ། །ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ཡིན་པས་ན་ཐུགས་ཀྱི་ཞེས་བྱ་བའམ། འདི་ནི་ཐུགས་ཀྱི་དཀའ་ཐུབ་བོ། །འདི་སྐད་སྟོན་ཏེ། ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཉིད་ཀྱིས་མདུད་པ་འཇིག་ཅིང་ལས་ཟད་པ་དང༌། ཉོན་མོངས་པ་ཟད་པར་བཞེད་པ་ལགས་ཀྱི་ལུས་ཀྱིས་ནི་མ་ཡིན་ནོ། །དེ་སྐད་དུ་སློབ་དཔོན་རྟ་སྐད་ཀྱིས། བདག་ཉིད་ཉོན་མོངས་སྐྱེ་བོ་བྱིས་པ་འདོད། །དེ་བཞིན་དབང་པོའི་སྤྱོད་ཡུལ་རྣམས་ལ་ཆགས། །འདི་དག་གཉིས་ཀ་ཉེས་དང་ལྡན་པར་མཐོང༌། །ང་ཡི་བདུད་རྩི་རྟོགས་ལས་དག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་བས་ན་འདི་ལྟར་རིགས་ཏེ། གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གནས་ཡིན་པས་སེམས་ཉིད་གནོད་པ་ཐམས་ཅད་བྱེད་པ་ཡིན་ལ། དེ་བས་ན་དེ་ཉིད་ཅི་ནས་ཀྱང་ཕྱིས་ཉོན་མོངས་པ་རྣམས་ཀྱི་རྟེན་དུ་གྱུར་པ་མི་བྱེད་པ་དེ་ལྟར་ཡོངས་སུ་སྦྱང་བར་བྱ་སྟེ། གནས་མེད་པ་ལས་ནི་ཉོན་མོངས་པ་སྐྱེ་བར་མི་འགྱུར་ལ། ཉོན་མོངས་པ་མེད་པར་ལས་རྣམས་མི་འབྱུང་ཞིང༌། དེ་དག་མེད་པ་ལས་ནི་སྐྱེ་བ་ལེན་པར་མི་འགྱུར་ལ། དེ་མེད་པ་ནི་ཐར་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པ་ཡིན་ནོ། །ལུས་ཀྱི་དཀའ་ཐུབ་ནི་དོན་མེད་པ་ཡིན་ཏེ། སེམས་ཀྱི་རྒྱལ་པོའི་ཁོ་ན་ལས་པས་དེ་ལས་རང་ཉིད་བྱ་བ་མ་ཡིན་པ་ལས་ལྡོག་པ་ཡིན་པའི་ཕྱིར་རོ།།རྟོག་གེ་བ་དག་དངོས་པོ་རྣམས། །བལྟོས་པ་མེད་པར་གྲུབ་པར་འཚལ། །ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང༌། །མི་བལྟོས་མེད་ཅེས་ལེགས་པར་གསུངས། །ཞེས་བྱ་བ་ལ། རྟོག་གེ་པ་ནི་མུ་སྟེགས་པ་རྣམས་སོ། །དངོས་པོ་རྣམས་ཞེས་བྱ་བ་ནི་བདག་དང༌། རང་བཞིན་དང༌། དུས་དང༌། ཕྱོགས་ལ་སོགས་པ་མེད་པར་གྱུར་པ་རྣམས་ཀྱང་ཡོད་དེ་གནས་པ་ཉིད་དུ་འདོད་ཅིང་ཁས་ལེན་ནོ། །བལྟོས་པ་མེད་པ་ཞེས་བྱ་བ་ནི། མ་བརྟག་མ་དཔྱད་པར་ཞེས་བྱ་བའི་དོན་ནོ། །དེ་ཡང་དེ་རྣམས་འདི་སྐད་ཅེས་སྨྲས་ཏེ། ཆོས་མ་ཡིན་པའི་རྟོག་པ་ཡིས། །དཔྱད་པ་དག་ནི་མི་བྱ་སྟེ། །ལོང་བ་ལྐུགས་པ་ལྟར་གྱུར་ནས། །གང་ཞིག་བཤད་པ་དེ་སྤྱད་གྱིས། །ཡང་ན་རྟོག་པ་ངན་པའི་བསྟན་བཅོས་ལ་མཆོག་ཏུ་གཞོལ་བ་དེ་ནི་རྟོག་གེ་བ་སྟེ། དེ་ཡང་ཕྱིན་ཅི་ལོག་གི་མིང་དང༌། དུ་མའི་མཐའ་ཅན་གྱི་རྒྱུ་དང་ལྡན་པའི་གཞུང་ཁས་བླངས་ནས། མེད་པའི་དངོས་པོ་རྣམས་ཀྱང་དངོས་པོ་ལྟར་སྒྲུབ་པར་བྱེད་དོ། །དེ་ཡང་འདི་ལྟར་འོ་མའི་རྒྱུ་ནི་ལྕི་བ་ཡིན་ཏེ། དེའི་རྒྱུ་ལས་བྱུང་བའི་ཕྱིར་འོ་མ་དང་འདྲའོ། །དེ་ཡང་གང་བ་ལང་གི་རྒྱུད་ལས་བྱུང་བ་ནི་འོ་མའི་རྒྱུ་ཡིན་ཏེ། འདི་ལྟར་འོ་མ་དང་བའི་ལྕི་བ་ནི་དེའི་རྒྱུད་ལས་བྱུང་བ་ཡིན་ལ། དེ་བས་ན་བ་ལང་གི་ལྕི་བ་ཡང་འོ་མའི་རྒྱུ་ཡིན་ནོ། །གང་དུ་འོ་མའི་རྒྱུར་མ་གྱུར་པ་དེ་ནི་དེའི་རྒྱུད་ལས་འབྱུང་བ་མ་ཡིན་ཏེ། དཔེར་ན་རྡོ་བ་ལ་སོགས་པ་བཞིན་ནོ། །འདིར་མི་ཤེས་པ་དག་ནི་འོ་མའི་རྒྱུར་བ་ལང་གི་ལྕི་བ་ཉིད་ཡིན་པ་མི་སྲིད་དུ་ཟིན་ཀྱང༌། དེ་ལྟར་ཁས་ལེན་པ་ལ་དགའ་བར་འགྱུར་ལ། གང་ཤེས་རབ་དང་ལྡན་པ་དེ་ནི་པགས་པ་དང༌། སྤུ་དང༌། གཅིན་ལ་སོགས་པ་དུ་མའི་མཐའ་ཅན་ཉིད་དུ་ཤེས་པར་འགྱུར་རོ། །ཡང་བདག་ནི་ཡོད་པར་འདོད་དེ། དེའི་བྱ་བ་ཉེ་བར་དམིགས་པས་མིག་དང་འདྲའོ། །དེ་ཡང་གང་དང་གང་གི་བྱ་བ་དམིགས་སུ་ཡོད་པ་དེ་ནི་ཡོད་པ་ཡིན་ཏེ། དཔེར་ན་མེ་ནི་དེའི་སྨིན་པ་ལ་སོགས་པའི་བྱ་བ་ཉེ་བར་དམིགས་སུ་ཡོད་པ་ཡིན་ལ། གང་དུ་མེ་མེད་པ་དེར་ནི་བྱ་བ་དམིགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་དང་འདྲའོ། །བདག་གི་བྱ་བ་ཡང་བྱེད་པ་པོ་དང༌། སྤྱོད་པ་པོ་དང༌། འགྲོ་བ་པོ་ཉིད་དང༌། སྟོན་པ་པོ་ཉིད་ལ་སོགས་པའོ། །ཞེས་ཟེར་ལ། ཤེས་རབ་དང་ལྡན་པ་དག་ནི་རྟེན་དུ་འགྱུར་བའི་ལུས་མ་གྲུབ་པས་དེའི་རྒྱུ་མེད་པ་ཉིད་དུ་འདོད་དེ། འདི་ལ་ནི་ཉེས་པ་མང་པོ་ཡོད་དོ་ཞེས་སྦྱར་བར་བྱའོ། །ཚིག་དབང་ཁྱོད་ཅེས་བྱ་བ་ལ་སོགས་པ་ལ། ཚིག་དབང་ཁྱོད་ཅེས་བྱ་བ་ནི་བོད་པ་སྟེ། ཚིག་ལ་དབང་བ་ནི་གསུང་གི་དབང་ཕྱུག་ཅེས་བྱ་བའི་དོན་ནོ། །ཅུང་ཟད་ཀྱང་མི་ལྟོས་མེད་ཅེས་ལེགས་པར་གསུངས་ཞེས་པ་ནི་གང་མ་བརྟགས་ཤིང་རྣམ་པར་མ་དཔྱད་པར་གསུངས་པ་རིགས་པ་དང་མི་ལྡན་པའི་ལེགས་པར་གསུངས་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བས་དོན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། སྐྱེ་བའི་སྡུག་བསྔལ་དང༌། རྒ་བའི་སྡུག་བསྔལ་དང་ཞེས་བྱ་བ་ནས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ། །ཞེས་བྱ་བ་གསུངས་པ་ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་ཡིན་ནོ། །གཞན་ཡང་ཚུལ་ཁྲིམས་བླངས་པ་བདེ་བ་ཡིན་བྱིན་ན་དགའ་བར་འགྱུར་བ་དང་བྱམས་པའི་གཉེན་པོས་ཞེ་སྡང་ཡིན་ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་ཕྱིན་ཅི་མ་ལོག་པ་དང༌། གཅིག་ཏུ་བདེན་པ་ཉིད་ཡིན་ནོ་ཞེས་རྒྱ་ཆེར་སྦྱར་བར་བྱའོ།།ནེ་ཙོས་ཉི་མ་བརྟོལ་ནས་ནི། །ཐར་པ་མཆིས་པར་བཤད་ཅེས་གྲག །ཁྱོད་ནི་མྱ་ངན་འདས་བརྙེས་ལ། །གང་དུ་ཡང་ནི་གཤེགས་མ་མཆིས། ། ཞེས་བྱ་བ་ལ། ནེ་ཙོ་ནི་རྒྱས་པའི་བུའོ། ལམ་གང་ནས་ཤེ་ན། ཉི་མ་བརྟོལ་ནས་ཞེས་བྱ་བ་སྨོས་ཏེ། ཉི་མའི་དཀྱིལ་འཁོར་བརྟོལ་ཞིང་ཕུག་པའོ། །དེ་ཡང་ཐར་པ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འགྲོ་ཞེས་འཇིག་རྟེན་པ་རྣམས་སྨྲའོ། །ཐར་པ་ཞེས་བྱ་བ་ལ་ཐར་པ་ནི་སངས་རྒྱས་པ་དག་ཕུང་པོ་མེད་པ་ཡིན་པར་འདོད་དེ། ཕུང་པོ་ནི་སྡུག་བསྔལ་ཡིན་ལ། དེ་མེད་པ་ནི་ཐར་པ་ཡིན་ཏེ། དེ་ཡང་འདི་ལྟར་ཕུང་པོ་ལྔ་པོ་ཐམས་ཅད་སྡུག་བསྔལ་གསུམ་པོ་ཉིད་དང་ལྡན་པས་མི་འདོད་བཞིན་དུ་སྡུག་བསྔལ་བར་གནས་ཏེ། འདི་དག་ལ་ནི་སྡུག་པའམ་འདོད་པར་བྱ་བ་ཅི་ཡང་མེད་དེ། དཔེར་ན་མི་གཙང་བ་ཕུང་པོ་ནི། གང་གི་ཕྱིར་མི་གཙང་བའི་ཕུང་པོ་ཆེན་པོ་ཡང་མི་གཙང་བ་ཡིན་ཞིང༌། མི་རྣམས་ཀྱི་མི་མཐུན་པར་གྱུར་པ་ཡིན་ལ། དེ་བཞིན་དུ་དབུས་སམ། ཅུང་ཟད་དམ། ཕྲ་བ་ཙམ་གྱི་བར་དུ་ཡང་མི་མཐུན་པ་ཉིད་ཡིན་ཏེ། ལྷ་དང་མི་རྣམས་ཀྱིས་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འདོད་པར་བྱ་བ་ཉིད་ཡིན་ནོ། །ཞེས་བཤད་དེ། གཙང་བ་དེར་ནི་ལྷ་རྣམས་དང༌། མི་རྣམས་བསྔགས་པར་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གང་སྲིད་པའི་རྩེ་མོའི་ཕུང་པོ་དེ་ཡང་སྐད་ཅིག་མ་རེ་རེ་ཞིང་འདུ་བྱེད་དང་ལྡན་པའི་ཕྱིར། མི་འདོད་པ་བྱས་པ་ཡིན་ཞིང༌། འཕགས་པ་རྣམས་ཀྱིས་སྡུག་བསྔལ་ཡིན་པར་བཞེད་ན། དམྱལ་བའི་བར་ལྟ་སྨོས་ཀྱང་ཅི་དགོས། དེས་ན་སྡུག་བསྔལ་བར་གྱུར་པའི་ཕུང་པོ་འདི་མེད་པ་གང་ཡིན་པ་དེ་ནི་བདེ་བའི་མཆོག་ཡིན་ལ་དེ་ནི་ཐར་པ་ཡིན་ནོ་ཞེས་བཤད་དོ། །ཕྱི་རོལ་པ་དག་ལས་ལ་ལ་དག་གིས་བཤད་པ་ནི། ཡེ་ཤེས་ཀྱི་དབང་གིས་ལས་དང་ཉོན་མོངས་པ་ཟད་པ་ལས། སྐྱེས་བུའི་ལུས་དང་དབང་པོ་ལ་སོགས་པས་སྡུག་བསྔལ་བར་མི་འགྱུར་པ་དང་བར་ཆད་ལྷག་མ་རྣམས་དང་བྲལ་བ་ནི་ཐར་པ་ཡིན་ནོ། །ཞེས་ཟེར་རོ། །ཡང་ལ་ལ་ནི་འདོད་པའི་བདེ་བའི་ལོངས་སྤྱོད་ཀྱི་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་ཤིང༌། རྟག་ཏུ་ཤེས་པའི་ཁྱད་པར་ལ་གོམས་པས་བསྒྲུབས་པའི་གནས་ཀྱི་ཁྱད་པར་ནི་ཐར་པ་ཡིན་ནོ་ཞེས་བཤད་དོ། །དེས་ན་འདིར་ཐར་པ་གང་ཡིན་པར་འདོད་ཅེ་ན། སྔར་རྟོགས་པར་གྱུར་པ་མེད་པ་འདིར་རྟོགས་པའི་སྒྲ་ཉེ་བར་སྨོས་པས་ཕྱིན་ནས་གང་ངེས་པར་ཤེས་པའི་ཐར་པ་དེར་སོང་བར་གྱུར་པའོ། །དེ་ནི་ནེ་ཙོས་ཉི་མ་བརྟོལ་ཏེ་ཐོབ་བོ་ཞེས་སྦྱར་རོ། །དེ་ཡང་འདི་ལྟར་ཐོས་ཏེ། ཇི་ལྟར་དྲང་སྲོང་རྒྱས་པའི་བུ་ནེ་ཙོ་ཞེས་བྱ་བས་ཕོངས་པ་བརྒྱས་སྡུག་བསྔལ་བར་གྱུར་པའི་འགྲོ་བ་ལ་བལྟས་ནས་སྐྱོ་བ་ཆེན་པོ་སྐྱེས་ཏེ། ཤིན་ཏུ་འཇིགས་པ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་པ་དང༌། རྒྱལ་པོ་སྐྱེད་པ་པོའི་མན་ངག་གིས་རྫུ་འཕྲུལ་ཐོབ་ནས་ནམ་མཁར་འཕགས་ཏེ། ཉི་མའི་དཀྱིལ་འཁོར་གྱི་དབུས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བརྟོལ་ནས་ཐར་པའི་གྲོང་ཁྱེར་དུ་ཞུགས་སོ་ཞེས་ཟེར་རོ། །ཡང་ཁྱེད་ནི་མྱ་ངན་ལས་འདས་པ་སྟེ། ཐར་པ་ཡང་དག་པར་བརྙེས་སུ་ཟིན་ཀྱང༌། གང་དུ་ཡང་ནི་གཤེགས་མ་མཆིས། ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ནི་གང་དུ་ཡང་གཤེགས་པར་མི་མཛད་པའོ། །དེ་ཡང༌། དེ་ནི་མར་མེ་ཤི་བ་ལྟར། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་གསུངས་པས་གང་དུ་དེ་རྣལ་འབྱོར་བྱེད་པ་དེ་ཉིད་དུ་དེའི་ཕུང་པོ་ལྔ་མྱ་ངན་ལས་འདས་པར་འགྱུར་གྱི། སླར་འབྱུང་བར་མི་འགྱུར་རོ། །དེ་ཡང་སློབ་དཔོན་རྟ་སྐད་ཀྱིས། དཔེར་ན་མར་མེ་ཤི་བར་གྱུར་པ་ན། །འོག་ཏུ་མི་འགྲོ་སྟེང་དུ་མི་འགྲོ་ཞིང༌། །ཕྱོགས་དང་ཕྱོགས་མཚམས་གར་ཡང་མི་འགྲོ་བར། །སྣུམ་ཟད་པ་ཡིས་ཤི་བ་ཁོ་ནར་ཟད། །དེ་བཞིན་ཐུབ་པ་ཉེ་བར་མྱ་ངན་འདས། །ས་རུ་མི་འགྲོ་བར་སྣང་མི་འགྲོ་ཞིང༌། །ཕྱོགས་སུ་མ་ཡིན་ཕྱོགས་མཚམས་འགར་ཡང་མིན། །ཉོན་མོངས་ཟད་པས་ཞི་བ་ཞོ་ནར་ཟད། །ཅེས་བཤད་པ་ཡིན་ནོ།།ཐར་པ་རྒྱུད་གཞན་བསྐྱེད་པ་དང༌། །ནེ་ཙོས་ལམ་གཞན་སོང་བར་གྱུར། །ཁྱོད་ཉིད་ལམ་གང་ནས་གཤེགས་པ། །དེ་ཉིད་ནས་ནི་སློབ་མའང་མཆི། ། ཞེས་བྱ་བ་ལ། རྒྱལ་པོ་སྐྱེད་པ་པོ་ཞེས་བྱ་བ་དེ་དཀའ་ཐུབ་ཆེན་པོ་ལ་གནས་ནས། རྣལ་འབྱོར་གྱི་ལམ་ལ་སློབ་དཔོན་ཉིད་ཐོབ་ནས་དུས་ལ་བབ་ཅིང་ལུས་དང་བྲལ་ནས་མྱ་ངན་ལས་འདས་པར་སོང་ལ། ཡང་དེའི་སློབ་མ་ནེ་ཙོ་ནི་རང་གི་ལུས་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་བརྟོལ་ཏེ། ཐར་པར་ལམ་གཞན་གྱིས་སོང་བར་གྱུར་ཏོ་ཞེས་གྲག་གོ །ཁྱེད་ཉིད་ལམ་གང་ནས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཁྱེད་ཐར་པའི་ལམ་གང་ནས་གཤེགས་པ་སློབ་མ་ཤཱ་རིའི་བུ་ལ་སོགས་པ་ལམ་དེ་ཉིད་ནས་སོང་ཞེས་ཐར་པ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཁྱབ་འཇུག་དག་གིས་བུད་མེད་ནི། །སྟོང་ཕྲག་དྲུག་ཅུ་ཡོངས་བཟུང་གྱུར། །སྟོན་པ་འཇིག་རྟེན་འདས་ཁྱོད་ལ། །བདག་གི་མེད་ཅིང་ཡོངས་འཛིན་མེད། ། ཅེས་བྱ་བ་ལ། ཁྱབ་འཇུག་ནི་ནཱ་རཱ་ཡ་ཎའོ། །བུད་མེད་སྟོང་ཕྲག་དྲུག་ཅུ་ནི་བུད་མེད་གྲངས་དེ་སྙེད་པའོ། །ཡོངས་བཟུང་ཞེས་བྱ་བ་ནི་བསྙེན་བཀུར་བ་དང༌། མངག་གཞུག་མར་བྱས་པའོ། །གྱུར་པ་ནི་བྱུང་བའོ། །འདིར་གཏམ་ནི་རྒན་པོས་ཁྱབ་འཇུག་མདའ་ཡིས་བསྣུན། ཅེས་བྱ་བའི་སྐབས་སུ་སྨྲས་པ་ཡིན་ནོ། །སྟོན་པ་ཞེས་བྱ་བ་ནི་སྟོན་ཅིང་འཆོས་པ་སྟེ། ཡང་དག་པར་སྟོན་པར་མཛད་པ་ཞེས་བྱ་བའི་དོན་ནོ། །འཇིག་རྟེན་འདས་ཞེས་བྱ་བའི་དོན་ནི་འཇིག་རྟེན་རྣམས་ཀྱི་དམ་པར་གྱུར་པས་ན་འཇིག་རྟེན་འདས་པ་སྟེ། འཇིག་རྟེན་གྱི་གཙོ་བོར་གྱུར་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གང་རྐང་མེད་དམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་མེད་པའི་སེམས་ཅན་དེ་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་མཆོག་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བདག་གི་མེད་ཅིང་ཞེས་བྱ་བའི་རྣམ་པ་མེད་པར་གྱུར་པ་དེ་ནི་བདག་གི་མེད་པའོ། །འདིས་ནི་འཇིག་ཚོགས་ལ་ལྟ་བ་སྤངས་པའི་སྒོ་ནས་ཉོན་མོངས་པ་དང་བྲལ་བ་ཉིད་དུ་བསྟན་ཏོ། །ཡོངས་འཛིན་མེད་ཅེས་བྱ་བ་ནི་བཙུན་མོ་ལ་སོགས་པ་དང་འབྲེལ་བའམ། ལོངས་སྤྱོད་དང་འབྲེལ་བའི་ཡོངས་སུ་བཟུང་བ་མི་མངའ་བ་གང་ཡིན་པ་དེ་ནི་ཡོངས་སུ་འཛིན་པ་མེད་ཅེས་བྱ་སྟེ། འདིས་ནི་ཉོན་མོངས་པའི་དངོས་པོ་སྤང་བ་ཉིད་དུ་བསྟན་ཏོ། །དེ་ཡང་ཉོན་མོངས་པའི་དངོས་པོ་ལ་ཡོངས་སུ་འཛིན་པ་མེད་པས་ན་དེ་སྐད་ཅེས་བྱའོ། །ཀཱ་ཤཱི་མཛེས་དགའ་མོ་ལ་ནི། །རྒྱས་པ་ཡོངས་ཆགས་རྣམ་པར་འགྱུར། །ཁྱོད་ཁབ་བཞུགས་ནའང་ཕུང་ཁྲོལ་བའི། །གདོན་གྱིས་དབང་པོ་རྨོངས་མ་གྱུར། ། ཅེས་བྱ་བ་ལ། འདི་ལྟར་རྗེས་སུ་ཐོས་ཏེ་བྷ་ར་ཏའི་འཐབ་མོ་འདས་ནས་ཡུན་རིང་པོ་མ་ལོན་པ་ན། རྒྱས་པ་ཉེ་དུའི་ཕོངས་པ་དང༌། སྡུག་བསྔལ་གྱིས་སེམས་ཀྱི་རྒྱུད་ཞུམ་པ་དང༌། ཡོངས་སུ་འཁྱམས་ཤིང་ཝཱ་རཱ་ཎ་སཱིར་སོང་བ་དང༌། སྲང་བར་ན་ཀཱ་ཤཱི་མཛེས་དགའ་མོ་ཞེས་བྱ་བའི་སྨད་འཚོང་མའི་གཙོ་མོ་ཞིག སྒོ་དང་ཉེ་བ་ན་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་བ་མཐོང་བ་དང༌། དེའི་ལྟད་མོ་ལ་ཞེན་པའི་ཡིད་ཀྱིས་དེའི་ཐད་དུ་སོང་སྟེ་དྲིས་པ། འདི་སུ་ཞིག་གི་ཁྱིམ་ཡིན་ཞེས་དྲིས་ནས། དེའི་གཟུགས་ལ་སོགས་པའི་ཡོན་ཏན་ཐོས་པས་སེམས་ཕྲོགས་པ་དང་འདུག་གོ །དེ་ནས་མངག་གཞུག་པའི་སྐྱོ་བོ་ཞིག་གིས་ཀཱ་ཤཱི་མཛེས་དགའ་མོ་ལ་སྨྲས་པ། དྲང་སྲོང་འགའ་ཞིག་སྒོ་ན་སྡོད་ཅིང་འདུག་གོ །དེ་ཡང་དམོད་པས་འཇིགས་སྐྲག་ནས་མཆོད་ཡོན་དང༌། རྐང་ཁྲུས་ལ་སོགས་པ་བསྙེན་བཀུར་སྔོན་དུ་འགྲོ་བས་བདག་ཉིད་ཀྱིས་མདུན་བསུས་ཏེ་ནང་དུ་བཅུག་ནས། དབེན་པར་སྟན་པ་འདུག་ཏུ་བཅུག་སྟེ། རང་ཉིད་ཀྱིས་རྐང་པ་བཀྲུས་སོ། །རྒྱས་པས་བགད་པ་དང༌། དེས་དེའི་མཚན་མར་བཟུང་ནས་གླགས་ཐོབ་པར་ཤེས་ཏེ། རབ་ཏུ་དགའ་བས་ཁྱེད་རྒྱུ་མེད་པར་འཛུམ་མམ་ཞེས་སྨྲས་པ་དང༌། དེས་སྨྲས་པ། ཁྱེད་ནི་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་ཐོས་ན་ལག་པ་དང་རྐང་པ་མཉེ་བ་ཡང་མི་ཤེས་སོ། །དེས་སྨྲས་པ། གལ་ཏེ་ཁྱེད་འདི་ལ་མཁས་པར་གྱུར་ན། ལག་པ་རྐྱོངས་ཤིག་དང་བསྟན་པར་བྱའོ། །དེས་ཀྱང་དེ་ལ་ལག་པ་བྱིན་ནོ། །དེ་ནས་དེས་ཇི་ལྟར་ན་འདོད་པའི་སྐྱེ་བོ་ཁྱད་པར་ཅན་དུ་མ་དང་རེག་པར་གྱུར་ཀྱང་དེ་ལྟ་བུའི་རེག་པ་སྔོན་ཆད་ཉམས་སུ་མྱོང་བར་མ་གྱུར་པ་དེ་ལྟར་ཚོར་བར་བྱས་སོ། །དེ་ཡང་དེ་དང་ལྷན་ཅིག་དུས་ཤིན་ཏུ་ཡུན་རིང་མོར་མངོན་པར་དགའ་བར་བྱའོ་ཞེས་ཡོངས་སུ་ཆགས་ཤིང་འདོད་པའི་འདོད་ཆགས་སྐྱེས་པར་གྱུར་ཏོ། །གང་ལ་ཆགས་ཤེ་ན། ཀཱ་ཤཱི་མཛེས་དགའ་མོ་ལ་སྟེ། སྨད་འཚོང་མའི་གཙོ་མོ་ལའོ། །རྣམ་པར་འགྱུར་ཞེས་བྱ་བ་ནི་དུས་ཤིན་ཏུ་ཡུན་རིང་མོར་ཡང་འདོད་པ་རྗེས་སུ་མྱོང་བས་རྣམ་པར་འགྱུར་པ་ཉིད་དུ་གྱུར་པའོ། །ཁྱོད་ཁབ་བཞུགས་ནའང་ཞེས་བྱ་བ་ནི་རབ་ཏུ་མ་བྱུང་བ་ན་ཡང་ངོ༌། །ཕུང་ཁྲོལ་བའི་ཞེས་བྱ་བ་འཕགས་པ་མ་ཡིན་ཞིང་སྨད་པར་གྱུར་པའོ།།
འབྲེལ་ཡོད་འོས་སྦྱོར།