logo

བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ།:དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-07 ཀློག་གྲངས།:
      བོད་ཀྱི་གནའ་སྲོལ་དང་རུས་ཁུངས་སོགས་ཀྱི་སྐོར། ཤོག་དྲིལ།༼ང༽བོད་ཀྱི་ཡུལ་དེ་རྒྱའི་རྒྱལ་ས་ཅང་ངན་ནས་ལེ་བར་སྟོང་བརྒྱད་ཀྱི་ས་ན་ཡོད། ཡུལ་དེ་ལ་སྔོན་ཧཱན་གྱི་གོང་མ་དག་གི་དུས་སུ་ནུབ་ཀྱི་འཇང་ཞེས་འབོད། བོད་མི་རྣམས་ཀྱི་རུས་ཐོག་མའི་འབྱུང་ཁུངས་ལེགས་པར་མ་ཤེས། འོན་ཀྱང་འགའ་ཞིག་ན་རེ། བོད་རྣམས་རྒྱལ་པོ་འཕན་མྱིའི་རྒྱུད་པ་ཡིན་ཟེར། སངས་རྒྱས་འདས་རྗེས་ཀྱི་ལོ་དགུ་བརྒྱ་ལྔ་བཅུ་ང་དགུ་པ་ལ། རང་གི་ཁུ་བོ་དགྲས་བསད་པས། འཕན་མྱི་གཉེན་དང་བཅས་པ་ནུབ་ཕྱོགས་སུ་བྲོས། རྨ་ཆུ་བརྒལ་ནས་རི་བོ་ཙུ་ཞིའི་རྒྱབ་ཏུ་སླེབས་ཏེ། འཇང་རྣམས་ཀྱི་ཁྲོད་དུ་ས་བཟུང་སྟེ་བསྡད། འཕན་མྱི་དེ་རང་བཞིན་བཟང་ཞིང་། སྦྱིན་པ་ལ་དགའ་བར་གྲགས་ཆེ་བས། འཇང་ཐམས་ཅད་ཁོའི་དྲུང་དུ་འདུས་ཏེ་རྒྱལ་པོར་བཀུར། དེའི་རྒྱུད་རྣམས་ཤིན་ཏུ་འཕེལ་ཏེ་གྲགས་ཆེ་བར་གྱུར། མི་རྒྱུད་དེ་རྣམས་དཔའ་རྩལ་ཆེ་ཞིང་། རྒྱུན་མི་ཆད་གཡུལ་གྱི་ལས་ཁོ་ན་ལ་བརྩོན་པས། རིམ་གྱིས་ཡུལ་མང་པོ་བཟུང་སྟེ། རང་གི་རྒྱལ་ཁམས་རྒྱ་བསྐྱེད། འོན་ཀྱང་ལོ་ཉིས་བརྒྱའི་བར་དུ་རྒྱ་ནག་དང་འབྲེལ་ཅི་ཡང་མེད། བོད་རྣམས་མི་སྟོབས་ཤུགས་ཅན་ལ་རྒྱལ་དུ་འབོད་ཅིང་། སྐྱེས་པའི་མིང་ལ་ཕོ་ཟེར་བས། རྗེ་ལ་རྒྱལ་ཕོར་འབོད། བཙུན་མོ་ལ་མོ་སྨན་དུ་འབོད། ནང་བློན་སོགས་ལ་བློན་ཆེ་ཆུང་དུ་འབོད། བོད་རྣམས་ཁང་པ་དང་སྦྲ་ནག་ཏུ་སྡོད། བཙན་པོ་དང་མི་དྲག་རིགས་གུར་གྱི་ནང་དུ་བཞུགས། གུར་ཆེན་པོའི་ནང་དུ་མི་བརྒྱ་ཕྲག་འགའ་ཙམ་ཤོངས། བཙན་པོའི་དབུ་གུར་གྱི་མཐར་དར་མདུང་མང་པོ་བཙུགས་ཤིང་། དམག་མི་རྣམས་ཀྱིས་བྱ་ར་བྱེད། བོད་མི་རྣམས་ཚེ་རིང་ཞིང་འགའ་རེས་ལོ་བརྒྱ་ལོན་པ་ཡང་ཡོད། བོད་མི་རྣམས་པགས་པའི་གོས་གྱོན་ཞིང་། བུད་མེད་རྣམས་ཀྱི་གདོང་ལ་ཚོན་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད།༼ད་ལྟ་ཡང་གཞུང་གི་མཛད་ཆེན་ཁག་ལ་གདན་ཤ་ཞེས་གོས་གདན་གྱི་སྟེང་ལ་གསོལ་ཚིགས་འབུལ་སྲོལ་ཡོད་འདུག༽དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་བྱས་ནས་སྒམ་སྟེ། ནང་དུ་འོ་མ་སོགས་བཏུང་ཞིང་། མཐར་དཀར་ཡོལ་དེ་ཡང་ཟ།༼དེ་ཡང་གོ་ར་ཞེས་པ་བག་ལེབ་ཕོར་བའི་དབྱིབས་ཅན་ཆབ་ཞུགས་སོགས་ཀྱི་མཛད་སྒོའི་རིགས་ལ་གོང་ས་མཆོག་གི་གསོལ་ཐབ་ནས་སྩོལ་མུས༽ཆང་འཁྱོར་བའི་ནང་དུ་བླུགས་ནས་བཏུང་། གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ། རིགས་མཐོ་དམན་གྱི་ཁྱད་པར་མི་སོ་སོའི་དཔུང་པའི་སྟེང་ན་མཚན་མ་བཏབ་ནས་སྣང་། ཁང་པ་ཐོག་ཚད་མང་པོ་ཅན་སྟེང་ལེབ་མོར་ཡོད་པ་བྱེད། སྟོན་ཐོག་གྲོ་ནས་སྲན་གསུམ་འདེབས། སྒོ་ཕྱུགས་སུ་གཡག་ལུག་ཕག་དང་། རྟ་བཟང་པོ་དང་། མ་མོ་རྒྱུགས་འགྲོས་ཅན་སོགས་ཡོད། ས་གཞི་ནས་གསེར་དངུལ་ཟངས་དང་ཞ་ཉེ་རྣམས་འཐོན། མི་ཤི་བའི་རོ་ས་ལ་སྦ། ཡི་གེ་ནི་མེད། རྩིས་བྱེད་ཚེ་ཤིང་བུ་ལ་རྟགས་འདེབས་པ་དང་། སྐུད་པ་ལ་མདུད་པ་བོར་ཏེ་བྱེད། ལེ་བར་བརྒྱ་རེའི་མཚམས་ན་ཁྲིམས་ཁང་རེ་ཡོད། ཁྲིམས་ཡིག་མེད་ཀྱང་། ཁྲིམས་ཐག་རྣམས་དཔོན་རང་གིས་གཅོད། ཉེས་པ་ཆུང་ངུ་ལ་ཡང་གདུག་ཅིང་རྩུབ་པའི་ཁྲིམས་གཏོང་། ཉེས་ཆེན་པོ་རྣམས་ལ་མིག་འདོན་པ་དང་། སྣ་དང་རྐང་ལག་གཅོད་པ་སོགས་བྱེད།༼ཁྲི་སྲོང་གི་དུས་སུ། ཕོ་མིག་མི་འདོན་པ་དང་། མོ་སྣ་མི་གཅོད་པའི་དམ་བཅའ་བྱས་ཏེ་རྒྱལ་པོ་དང་བློན་ཆེན་མིན་པ་གཞན་ཀུན་གྱིས་མནའ་བོར་ཚུལ་རྦ་བཞེད་དུ་གསལ།༽མགྲོན་སླེབས་ཚེ་གཡག་གཅིག་འཁྲིད་ནས་འོངས་པར། མགྲོན་པོ་རང་གིས་མདའ་བརྒྱབ་ནས་བསད་དེ་ཤ་འགྱེད་གཏོང་། དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང་། བུས་ཕ་ལ་གུས་པ་བྱེད། མས་བུ་ལ་གུས་པ་བྱེད། ཕོ་རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་མ་བྲལ་བ་བྱེད། ལམ་དུ་འགྲོ་ཚེ་མི་གཞོན་པ་རྣམས་སྔོན་དང་། རྒན་པོ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་པ་ལས་གཞོན་པ་ལ་གུས་པ་ཆེ། རང་བཞིན་གྱིས་ཤི་བ་ལ་ངན་པར་བྱེད་ཅིང་། གཡུལ་དུ་བསད་པ་ལ་བཟང་པོར་བརྩི། ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན། ཁྱིམ་གྱི་སྒོར་ཁྲབ་ཅིག་འཕྱང་སྟེ་ངོ་སོ་ཆེ་བར་བྱེད། དམག་བསྡུ་ཚེ་གསེར་གྱི་མདའ་ཞིག་སྔོན་དུ་རྫོངས།༼དེང་སང་ཡང་དཔོན་ཁག་གཞུང་དོན་དུ་ཕྱོགས་ཐོན་སྐབས་མདའ་ཡིག་གཏོང་མུས།༽དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང་། དམག་མདུན་མ་ཕམ་ཚེ་རྗེས་མ་རྣམས་དགྲ་ལ་རྒྱུགས་པས་གཡུལ་ངོ་བཟློག་དཀའ་བ་ཡིན། སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས་བྱེད། དགྲ་སླེབས་ཚེ་མེ་སྦར་ནས་ཕན་ཚུན་བརྡ་གཏོང་། དམག་ཕོགས་མེད་ཀྱང་ཡུལ་བཅོམ་ནས་དམག་རྒྱགས་སྒྲུབ་པ་ཡིན། བཙན་པོ་རྗེ་བློན་རྣམས་ལོ་སྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་དྷེ་ཞིག་གིས་ཆོ་ག་གཏོང་། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་། བསམ་ངན་དང་སེམས་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅིག་ཅེས་མནའ་འདོར།༼ལྷ་སའི་རྡོ་རིང་ལ་ཡང་དཔང་པོ་ཉི་ཟླ་གཟའ་སྐར་ལ་སོགས་པའི་དེ་རྣམས་སྨོས་ཤིང་། སྲོག་ཆགས་བསད་དེ་མནའ་ཡང་བོར་སོགས་འབྱུང་།༽ སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་། དུར་ཁུང་གཅིག་ཏུ་སྦ་བ་ཡིན། བཙན་པོའི་རྟ་དང་། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང་། ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ། །ཞེས་སོ། །
      ༼དཀྱུས༽བང་སོའི་སྐོར་ཡ་མཚན་ཅན་ཞིག་རྒྱལ་པོ་བཀའ་ཐང་དུ་གྲགས་པར་འདུག་པ་བསྡུས་ན་འདི་ལྟར། བང་སོའི་ནང་གི་རེའུ་མིག་དགུའི་དབུས་སུ་བཙན་པོའི་སྐུ་སྤུར་གསེར་གྱིས་བྱུགས་ནས་འཇོག་ཅིང་། དཀོར་ནོར་གྱིས་བཀང་། ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག ཁོང་རང་འཁོར་བཅས་གཤིན་པོའི་རྟགས་བཏབ་སྟེ། རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན། བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ན། ཁོང་རྣམས་ཀྱིས་བཟུང་སྟེ་གཤིན་པོའི་རྟགས་བཏབ་ནས་སླར་བདག་པོ་ལ་མི་སྤྲོད། ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བཏང་བ་དང་མཉམ་དུ། ཁོང་རྣམས་ལུང་བ་ཞིག་ཏུ་བྲོས་ནས་ཡིབ་སྟེ་སྡོད། དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས་མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད་སོགས་བཤད།
      ཡང་རྒྱ་ནག་གི་སྒྲོས་ལས་མཆེད་པའི་བོད་ཀྱི་ལོ་རྒྱུས་སྐད་རིགས་གཞན་དུ་བྲིས་པ་ཞིག་སྣང་བར། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་གི་སྐོར་བྲིས་ཏེ། རྒྱལ་མོ་དེས་སྟོད་ཐུང་སྔོ་ནག་ཕུ་ཐུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང་། རྣ་བ་ལ་ཨ་ལོང་བཏགས། ལྷམ་ཟོ་ཡི་བྱ་བ་གྱོན། དགུན་དུས་སུ་པགས་པའི་གྱོན་པ་ཕྱི་ལ་ཚེམ་དྲབ་སྣ་ཚོགས་ཡོད་པ་ཞིག་གྱོན། སོགས་བྲིས་ཏེ། གྲོངས་པའི་ཚེ་ཤ་རུས་རྣམས་གསེར་ཕྱེ་དང་མཉམ་དུ་བསྲེས་ནས། ལྕགས་སྣོད་དུ་བཅུག་སྟེ་ས་ལ་སྦ། སོགས་སྣང་། རྦ་བཞེད་དུ་ཡང་། གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས། མའི་མལ་འོག་ཏུ་སྦས་ཚུལ་སོགས་ཀྱི་སྒྲོས་བྱུང་བས། དེ་འདྲའི་སྲོལ་ཞིག་ཀྱང་ཡོད་པར་མངོན།
      གཞན་ཡང་ཏ་ཟིག་པའི་ལོ་རྒྱུས་ཧུ་དུལ་ཨལ་ལཾ་བྱ་བར་ཡང་། བོད་ཀྱི་ཡུལ་གྲུ་སོ་སོའི་བཤད་པ་རྒྱས་ཙམ་བྱུང་མོད། སའི་མིང་རྣམས་བརྡ་འཕྲོད་དཀའ་བར་སྣང་ཞིང་། བོད་ཡུལ་ན་གསེར་མང་བས། གསེར་ལུག་མགོ་ཙམ་རེ་ཡང་ས་ནས་འཐོན་ཚུལ་སོགས་དང་། ཡུལ་གྱི་ངོ་མཚར་གཅིག་ནི། མི་སུ་ཡང་ཡུལ་དེར་སླེབས་ན། རྒྱུ་མཚན་མེད་པར་སེམས་དགའ་ཡལ་ལེ་བ་དང་། གདོང་འཛུམ་མོལ་ལེ་བ་ཞིག་འོངས་སོགས་བྲིས། ལར་སྔོན་དུས་ཀྱི་སྲོལ་ཚུགས་སོགས་ཇི་འདྲ་ཡིན་བསམ་པའི་ཚེ། རྒྱལ་ཁམས་གཞན་གྱི་ཡི་གེ་བྲིས་པའི་ལོ་རྒྱུས་སོགས་ལ་བལྟ་བ་ཙམ་ལས། རང་གི་མིས་རང་ཡུལ་གྱི་སྲོལ་ལུགས་འདི་འདྲའོ་ཞེས་ཞིབ་ཏུ་བྲིས་པ་ཞིག་ཤིན་ཏུ་རྙེད་དཀའ་བ་འདི་ཡུལ་ཀུན་ལ་འདྲ་བ་ཡིན་ཏེ། དཔེར་ན་ད་ལྟ་བོད་ཀྱི་མིས་བྲིས་པའི་ལོ་རྒྱུས་ཀུན་ལ་བལྟས་ཀྱང་། ལྷ་སའི་གྲོང་ན། བུད་མེད་རྣམས་པང་གདན་ཁྲ་བོ་དང་། སྤ་དྲུག་ཟུར་གསུམ་ཞིག་གྱོན། སྐྱེས་པ་རྣམས་པགས་ཞྭ་རྣ་ལེབ་བཞི་ཡོད་པ་ཞིག་གྱོན་སོགས་བྲིས་པ་སྲིད་མཐའ་ཙམ་ཡིན་ལ། ད་ནས་ལོ་ལྔ་བརྒྱ་ལྷག་སོང་ཚེ། ད་ལྟའི་སྲོལ་ལུགས་འདི་ཀུན་ཀྱང་མི་རྒྱུད་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཏུ་སོང་སྟེ། ཡུལ་ཁམས་གཞན་གྱི་མིའི་ངག་སྒྲོས་རྙེད་པ་རྣམས་བསགས་ནས་རགས་ཙམ་ཞིག་ལས་དཔྱོད་མི་ཐུབ་པ་སོགས་ཡིན་ནོ། །
      དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན། །བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས། །སྟོང་བའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི། །ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད། །ཅེས་ཀྱང་སྨྲས་སོ། །
      དེ་ལ་རྗེ་སྲོང་བཙན་སྒམ་པོ་ཡན་ཆོད་དུ་བོད་ན་ཡི་གེ་མེད་པར་གྲགས་པས། དེ་ཡན་གྱི་རྒྱལ་རབས་རྣམས་ཀྱང་ངག་རྒྱུན་ཙམ་ཞིག་ཏུ་གནས་པ་ལས། ལོ་ཚིགས་སོགས་བསྒྲིགས་ཏེ་དཀྱུས་མའི་ལུགས་སུ་གཏན་ལ་འབེབས་པའི་སྐབས་མེད་ལ། འོན་ཀྱང་རྗེ་གནམ་རིའི་ལོ་རྒྱུས་ནི། སྲས་ཀྱི་དུས་སུ་བྲིས་པར་མངོན་པ་ཞིག་འོག་ཏུ་བཀོད་པ་འདི་ཡིན་ཞིང་། དེ་ཡང་གནའ་ལུགས་ཀྱི་གཏམ་རྒྱུད་ཉོག་ལ་འཛིངས་པ་ལྟ་བུ་ཞིག་འདུག་པས། དོན་དྲིལ་ན་འདི་ལྟར་སྣང་སྟེ། དེ་དུས་ཙ་ན་ད་ལྟའི་འཕན་ཡུལ་གྱི་ཕྱོགས་འདིར། བོད་རྗེའི་གཉེན་ཚན་དུ་གཏོགས་པའི་རྒྱལ་ཕྲན་ཟིང་བོ་རྗེ་བྱ་བ་ཞིག་ཡོད་པ་དེ། སྤྱོད་པ་ངན་པས་ཡུལ་མི་རྣམས་ཞེ་ལོག་ཅིང་། ཁོའི་ཡུལ་གྱི་མི་དྲག་དབྱི་ཚབ་སོགས་ངོ་ལོག་སྟེ། བོད་རྗེ་སྟག་སྙ་གཟིགས་ཀྱི་དྲུང་དུ་བྲོས། བཙན་པོ་དང་ལྷན་དུ་མནའ་བཅད། འོན་ཀྱང་ཟིང་བོ་རྗེ་ལ་དགྲ་ལན་མ་ལོན་པའི་བར་དེར་བཙན་པོ་གྲོངས། དེ་ནས་དེའི་སྲས་གནམ་རི་སྲོང་བཙན་གྱིས་དམག་དྲངས་ཏེ། འཕན་ཡུལ་དབང་དུ་བཅུག དེའི་རྗེས་སུ་གཙང་ཕྱོགས་ཀྱང་འབངས་སུ་འདུས། དྭགས་པོ་ངོ་ལོག་པ་ལ་ཡང་སེང་གོ་མི་ཆེན་གྱིས་ཕབ། དེ་ནས་ཡུན་རིང་སོང་སྟེ། དབྱི་ཚབ་རྒས་པའི་དུས་ཞིག་ན། སྲོང་བཙན་སྒམ་པོ་དང་མཇལ་ནས། ཡབ་ཀྱི་དུས་བཞིན་སླར་ཡང་རྗེ་བློན་རྣམས་ཀྱིས་བྲོ་བོར་བ་སོགས་ཡིན་ནོ། །དེས་ན་རྗེ་གནམ་རི་སྲོང་བཙན་ནི། ཐོག་སར་ཡར་ཀླུངས་དང་དྭགས་པོ་སོགས་ལྷོ་ཁ་ཕྱོགས་འདི་ཙམ་ཞིག་ལ་དབང་མཛད་པར་མངོན་ཞིང་། དེའི་ཡན་གྱི་གདུང་རྒྱུད་རྣམས་ནི་ཕལ་ཆེར་ཡར་ཀླུངས་ཕྱོགས་ཆ་ཙམ་ཞིག་གི་བདག་པོ་ཡིན་པར་སེམས། འོན་ཀྱང་རྗེ་གཉའ་ཁྲི་བཙན་པོ་བོད་ཁམས་སྤྱིའི་རྒྱལ་པོ་ཡིན་སོགས་ཀྱི་ཐ་སྙད་ཙམ་ལ་རྨོངས་པར་མི་བྱ་སྟེ། ཡུལ་གྱི་རྒྱ་ཁྱོན་དང་། རྒྱལ་ཁབ་ཀྱི་ས་མཚམས་བྱ་བ་དེ། དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མེད་ཀྱི། འོ་ན་ཅི་ཞེ་ན། རྒྱལ་པོའི་དབང་ཤུགས་ཀྱིས་ཇི་ཙམ་དུ་ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན་པས། དེ་དུས་ཀྱི་བོད་ཁམས་བྱ་བ་དེ་ཡང་ཡུལ་ཉི་ཚེ་ཞིག་གི་མིང་ཡིན་པར་ཤེས་པར་བྱའོ། །
      གནམ་རི་སྲོང་བཙན་གྱི་སྐོར་ཤོག་དྲིལ་ཁ་པའི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ། མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས༼སྟག་བུ་གཉན་གཟིགས་ཏེ་གནམ་རིའི་ཡབ།༽བཞུགས། སྤུར་བའི་ཡུལ་སྣ་ན། ཟིང་པོ་རྗེའི་༼མི་འབངས༽ཁྲི་པངས་གསུམ་མཆིས། ཉེན་ཀར་རྟིང་བ་ན་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། ཟིང་པོ་རྗེ་ནི་བྱ་བ་ཅི་ལ་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད། ལེགས་པ་ཉེས་པར་བཅུག  ཉེས་པ་ལེགས་པར་བཅུག་མཛངས་ཤིང་སྙིང་ཉེ་བ་ལ་ནི་བློ་གྲོས་བསྟན་ཀྱང་མི་ཉན། མྱི་གཅམ་བུ་ངོ་སྲུང་གི་ཚིག་སྨྲ་བ་དག་ལ་ཆེད་དུ་མཉན་ཏོ། །
      དེ་ལྟར་ཟིང་བོ་རྗེ་ཆོས་ལོག་ཅིང་། སྲིད་སྒྱུར་བས། རྗེ་བོ་ཉེས་དགུ་བྱེད་པ་ལ། མི་གཅིག་གིས་མཐོང་ཡང་གལ་ཏེ་སྨྲས་ན་མི་འོས་པའི་ཆད་པ་ནན་ཆེ་བས། ཇི་ག་སུས་ཀྱང་ཁོ་ལ་གྲོས་སྟོན་མ་ཕོད་དོ། །དེ་ལྟར་རྗེ་བོ་ནི་བླ་ནས་སྨྱོས། འཁོལ་པོ་ནི་འོག་ན་བཀྲམ་མོ་༼ཁ་འཐོར་བའི་དོན་ནོ། །༽ གཅིག་ལ་གཅིག་སྙིང་མི་བརྟན་ཏེ། ཡུལ་གྱི་སྲིད་ཀྱང་དམས་སོ། །མི་ཡོངས་ཀྱང་ཟིང་བོ་རྗེ་ལ་འཁང་ངོ་༼ཁྲོས་སོ། །༽ དེ་ནས་ཟིང་བོ་རྗེའི་བློན་པོ། གཉན་འཛི་ཟུང་ནག་པོས། རྗེ་བོ་ལ་གསོལ་བ། རྗེ་བོ་ནི་ཅི་ལ་ཡང་ལོག་པ་ཤ་སྟག་མཛད་པས། འོ་སྐོལ་གྱི་སྲིད་ནི་སྲིད་དུ་མ་རུང་། ཆོས་ནི་ཆོས་སུ་མ་རུང་སྟེ། ཡུལ་གྱི་མི་དབུལ། སྲིད་ཀྱི་ཉམ་དམའ་སྟེ། ན་མོ་བརླག་ཟིན་ན་ཇི་ནོངས་ཤེས་གསོལ་བས་༼ན་མོ་ནི་ཕལ་ཆེར་བྱ་བའི་དོན་ནོ། །༽ཟིང་པོ་རྗེས་མཉན་དུ་མ་གཏུབ་སྟེ། འདི་སྐད་ཟེར་བ་ཉེས་སོ་ཞེས་འཛི་ཟུང་ལ་ཆད་པ་ཕབ་བོ། །དེར་འཛི་ཟུང་མ་རངས་ཏེ། ཁོ་རང་ཡང་རྗེ་བོའི་ཟླ་ལ་ངན་སྤྱོད་བྱེད་པར་ཞུགས་ཏེ། ནག་པོ་བསྐུས་ཏེ་དཀར་པོ་བསད། དྲེའུ་རྒལ་ཏེ་༼ཞོན་ཏེ༽བསེ་སྒ་བཅག་གོ །དེ་ལ་ཟིང་པོ་རྗེ་མགུ་ནས།  ༡ སྟག་སྐྱ་བོའི་ཡུལ། ༢  ཡུལ་ཡེལ་རབ་སྡེ་བཞི། ༣ ཀླུམ་ཡ་གསུམ་རྣམས། ཟིང་པོ་རྗེའི་ཁྲི་པངས་གསུམ་གྱི་ནང་དུ་འདུས་པ་ལས། མཁར་སྤུར་བས་བཅད་དེ། ཀླུམ་ཡ་གསུམ་གྱི་སྨད། གཉན་འཛི་ཟུང་གི་བྲན་དུ་བྱོན་ཏོ། །བྲན་རིས་ཀྱི་ནང་དུ། མྱང༵་ཙེང༵་སྐུ༵་ཡང་འཛི་ཟུང་གི་བྲན་དུ་བྱིན་ཏོ། །འཛི་ཟུང་གི་ཆུང་མ་པ་ཚབ་གཟས། མྱང་ཙེང་སྐུ་བྲན་བྱེད་པ་ལ་དྲེག་ཆེ་སྟེ། བརྙས་བཅོས་མང་པོ་བྱས་པས། ཙེང་སྐུ་མ་རངས་ཏེ། ཟིང་པོ་རྗེ་ལ་འཛི་ཟུང་གི་བྲན་བྱེད་མི་ཕོད་ཅེས་འཁང་སྟེ་གསོལ་ཏོ། །ཟིང་བོ་རྗེ་ན་རེ། གཉན་འཛི་ཟུང་ལས་ང་ལ་སྙིང་ཉེ་བ་མེད་པས། དེའི་བྲན་དུ་ཁྱོད་བཀོལ་མ་རུང་བ་མེད། རྗེ་མོས་བརྙས་བཅོས་བྱས་ཀྱང་རྗེ་མོ་ལ་དབང་ཡོད་པས་ཉེས་པ་མེད་དོ། །སྨྲས་པས། ཙེང་སྐུ་མ་རངས་ཏེ་ཡི་ཆད་དོ། །དེ་ཙ་ན། དབ༵འ་ཏོ༵་རེ༵་ཁྲུ༵་གུ༵་དང་། གཤེ༵ན་ཁྲི༵་གཞེ༵ར་འདོ༵ན་ཀོང་གཉིས། འཕྲེན་པའི་རྫིང་ཁར་འཐབ་ནས། གཤེན་གྱིས་དབའ་བསད་པ་ལ། དབའ་ཡི་ཕུ་བོ་ཕ༵ངས་ཏོ༵་རེ༵་དབྱི༵་ཚ༵བ་ཀྱིས། ནུ་བོ་གཤེན་གྱིས་བསད་པ་ལ་སྟོང་གནང་བར་འཚལ་ཞེས་རྗེ་བོ་ལ་གསོལ་བར། ཟིང་པོ་རྗེས། གཤེན་ཁྲི་གཞེར་ནང་བློན་བྱེད་པའི་ངོ་མ་ཆོད་དོ། །དགེ་བས་མི་དགེ་བ་བསད་ན་བསད་དུ་ཟད་དོ་ཞེས་སྨྲས་པས། དབྱི་ཚབ་ཀྱང་མ་རངས་ཏེ་ཡི་ཆད་དོ། །
       དེ་ནས་མྱང་ཙེང་སྐུ་དང་། དབའ་གཉིས་ཀ་ཡི་ཆད་དེ། འགྲོགས་ནས་ཁྱིམ་དུ་དོང་བ་ལས། དབྱི་ཚབ་སྔོན་དུ་དང་། ཙེང་སྐུ་ཕྱི་ན་འགྲོ་བ་ལས། ཙེང་སྐུས་ཆིག་ལབ་སྨྲས་ཏེ། ཆབ་ཆབ་ནི་ཕ་རོལ་ན། ཡར་ཆབ་ནི་ཕ་རོལ་ན། མྱིའི་བུ་ནི་མྱིའི་བུ་སྟེ། ལྷ་ཡི་ནི་སྲས་པོ་བཞུགས། རྗེ་བདེན་གྱིས་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནི་བསྟད་དུ་དགའ།༼དོན་ནི། ཆུ་བོ་ཆུ་བོའི་ཕར་འགྲམ་ན། །ཡར་ཆབ་གཙང་པོའི་ཕར་འགྲམ་ན། །མི་ནི་མི་ཡི་བུ་ཡིན་ཡང་། །དོན་ལ་ལྷ་ཡི་སྲས་པོ་བཞུགས། །བདེན་པའི་རྒྱལ་པོས་གཡོག་ཏུ་བཀོལ་ན་དགའ། །བདེན་པའི་སྒ་ནི་རྒྱབ་ཏུ་བསྟད་ན་དགའ། །ཞེས་པའོ། །༽ཞེས་སྙིང་ལ་ཤར་བ་ཁ་ནས་ཤོར་བ་ལ། དབྱི་ཚབ་མདུན་ན་འགྲོ་བའི་རྣ་བར་ལྷང་ངེར་ཐོས་ཏེ། ཚིག་དེ་ཏོག་གེ་བླངས་ནས། ཙེང་སྐུ་ཁྱོད་ལས་བདེན་པ་མེད། ཁོ་བོ་ཡང་ཁྱོད་ཀྱི་སེམས་དང་མི་འདྲ་རི་ཞེས་མནའ་བོར་རོ། །
      དེར་མྱང་དང་དབའ་གཉིས་ཀ་ཟིང་རྗེ་ལ་སེམས་ལོག་སྟེ། མཁར་ཕྱིང་བ་སྟག་རྩེར་བཙན་པོ་སྤུ་རྒྱལ་སྟག་བུ་སྙ་གཟིགས་ལ་གློ་བ་ཉེ་བར་བྱས་ཏེ། མནའ་ཐོ་ཡང་ཆེར་བཅད་དོ། །༼གློ་བ་ཉེ་བ་ནི་སྙིང་ཉེ་བ་སྟེ་ཤ་ཚ་ཆེ་བའི་དོན་ནོ། །༽དེའི་འོག་ཏུ་དབའ་དབྱི་ཚབ་ཀྱིས་ཞང་བོ་མནོ༵ན་བཟ༵ང་ཏོ༵་རེ༵་སྲོ༵ན་བློ་ལ་བཏགས་ཏེ།༼སྙིང་གྲོགས་སུ་བྱས་པའི་དོན།༽མནའ་ཐོ་བཅད་པ་ལས། བཟང་ཏོ་རེ་ཤི་ནས། དེའི་བུ་པ༵ང་སུ༵མ་མགྲོ༵ན་པོ༵་ཟིང་པོ་རྗེའི་ནང་འཁོར་བྱེད་པ་ལས་བློ་ལ་བཏགས་ཏེ་མནའ་བོར་རོ། །མྱང་སྨོན་ཏོ་རེས་ནི་༼འདི་དང་ཙེང་སྐུ་གཉིས་མི་གཅིག་གི་མིང་དུ་སྣང་།༽ ཚེ༵ས་པོ༵་ནགས༵་སེ༵ང་བློ་ལ་བཏགས་ཏེ་མནའ་བཅད་དོ། །དེ་ནས་ཁོང་རྣམས་ཀྱིས། །ཚེས་པོ་ནགས་སེང་ལ་འཕྲིན་བགྱིས་ཏེ། སྤུ་རྒྱལ་སྟག་བུའི་སྙན་དུ་དོན་ཏེ་གསོལ་བར། བཙན་པོའི་ཞལ་སྔ་ནས། ངའི་སྲིང་མོ་ཞིག་ཀྱང་ཟིང་བོ་རྗེའི་གདན་དུ་འདུག་མོད་ཀྱང་། འོན་ཀྱང་ཁྱེད་ཟེར་བ་བཞིན་བྱའོ་ཞེས་བཀའ་བསྩལ་ནས། པང་གསུམ་འགྲོན་པོ་དང་། མྱང་དང་། དབའ་གསུམ་པོ་བྲོ་ལེན་དུ། མཁར་ཕྱིང་བར་མཆིས་ནས། ཉིན་མོ་ཕག་ཚལ་གྱི་ཤིང་ཁུང་ན་སྦས་ཏེ་སྒུགས་ནས་སྡོད་ཅིང་། མཚན་རེ་ཞིང་ཕྱིང་བར་མཆིས་ཏེ། བཙན་པོ་དང་དབུ་སྙུང་བྲོ་མནའ་གཅོད་པའི་ཚེ། འབངས་རྣམས་ཀྱིས་དེ་ལྟར་འགྲོ་བ་མཐོང་ནས་གླུ་བླངས་པ།
       མི་བཟང་ནི་རྟ་བཟང་ཞིག  །ཉིན་ཞིང་ནི་ཕག་ཚལ་ན། །མཚན་ཞིང་ནི་ཕྱིང་བར་མཆིས། །དགྲ་འམ་ནི་ཟིན་ཅི་ཨང་། །༼དོན་ནི། མི་མཛེས་ལ་རྟ་ཡང་བཟང་བ་ཞིག །ཉིན་རེ་བཞིན་ཕག་ཚལ་ནགས་ན་སྡོད། །མཚན་རེ་བཞིན་ཕྱིང་བའི་མཁར་དུ་འགྲོ། །དགྲ་དང་གྲོགས་གང་ཡིན་ཆ་མ་འཚལ། །༽ཞེས་བླངས་སོ། །
      འོན་ཀྱང་མི་རིང་བར། ཟིང་པོ་རྗེ་ལ་ངག་ལན་མ་བླན་པར་རྒྱལ་སྟག་བུ་དགུང་དུ་གཤེགས་སོ། །སྔར་རྒྱལ་སྟག་བུའི་སྙན་དུ་འཕྲིན་ཚེས་པོ་ནགས་སེང་གིས་བགྱིས་པ་ལས། དེ་ཚུན་ཆད་ནགས་སེང་གི་བྲན། སྦུ༵ག་གྱི༵མ་བཏ༵ང་རྨ༵ང་བུ༵ས་བགྱིས་སོ། །གྱིམ་བཏང་རྨང་བུས། གཉིད་ལོག་པ་ན་ཁོང་ཅག་གི་གྲོས་གཏམ་གཉིད་གཏམ་དུ་བརྡོལ་གྱིས་དོགས་ནས། ཁྱོ་མོ་དང་མི་ཉལ་བར་རི་ལ་ཉལ་ཞིང་། ནུབ་རེ་ལ་ཉ་ས་འཕོའོ། །ཁྱོ་མོ་ལ། ང་ཡ་མཚར་གྱི་ཡི་དྭགས་ཞིག་ཞུགས་འདུག་པས། སུ་ལ་ཡང་མ་སྨྲ་ཞིག་སྨྲས་སོ། །ཇི་ཞིག་ན་ཆུང་མ་དང་ཁོ་གཉིས་འཐབ་པར། ཆུང་མས། ཁྱོད་ལྟོ་བོ་ཆེ་ལ། ཡི་དྭགས་མ་བབས་ཀྱི། ལྟོ་སྦྱོར་དུ་ངེས་སོ། །༼ལྟོ་ནི་སྒྱུ་དང་ཁྲམ་གྱི་མིང་ངོ་། །༽སྨྲས་པས། ཁོ་ཁྲོས་ཏེ། དེའི་ནུབ་མོ་ནས་མོ་ལ་མཛའ་བར་བྱས་ཏེ། ཞག་གཉིས་གསུམ་ལྷན་ཅིག་ཉལ་བ་ལྟར་བྱས་ནས། ཁྱོ་མོའི་ལྕེ་ལ་སོ་བཏབ་སྟེ། དམུར་དམུར་ཏེ་བཅད་ནས་ཁྱོ་མོ་ཡང་ཤིའོ། །འོན་ཀྱང་ཁོང་རྣམས་ད་དུང་ཟིང་པོ་རྗེ་ལ་དགྲ་བྱེད་མ་ནུས་པར་ཡོད་སྐབས། གྱིམ་བཏང་རྨང་བུ་ནད་ཀྱིས་བཏབ་སྟེ་རབས་ཆད་ནས་ཤིའོ། །
      དེར་རྒྱལ་སྟག་བུ་སྙ་གཟིགས་ཀྱི་སྲས། བཙན་པོ་སློན་བཙན་དང་།༼འདི་གནམ་རི་ཡིན།༽སློན་ཀོལ་མཆེད་གཉིས་ཀྱིས། མྱང་ཙེང་སྐུ་དང་། དབའ་དབྱི་ཚབ། དབའ་མྱེས་སྣང་། དབའ་བུ་ཚབ། མནོན་འགྲོན་པོ། ཚེས་པོ་ནགས་སེང་དྲུག་ལ་བྲོ་བསྩལ་པའི་ཚིག་ནི། དེང་ཕན་ཆད་ཟིང་པོ་རྗེ་རྒྱབ་དུ་མི་འདོར་རི། སྤུ་རྒྱལ་པང་དུ་མི་ལེན་རི། སོམ་ཉི་མི་བགྱིད་རི། བརྟུལ་ཕོད་པར་མི་འཚལ་རི། སྲོག་སྤོངས་མི་འཚལ་རི། བཙན་པོ་སློན་བཙན་གྱིས་བཀའ་ཇི་བསྩལ་པ་བཞིན་མི་མཉན་རི། གཞན་སུས་བསླུས་ཀྱང་མི་མཉན་རི། ཞེས་བྲོ་བསྩལ་ཏེ། མྱང་ཙེང་སྐུ་སོགས་མི་དྲུག་པོ་དེ་བྲོ་ལ་བཏགས་སོ། །
      དེ་ནས་དུས་ཆད་བྱས་ནས་སླར་མཆིས་ཏེ། གཅུང་སློན་ཀོལ་དང་། ཡུམ་སྟོང་བཙུན་གཉིས་ལ་ཡུལ་གྱི་གཉེར་ཁ་བཅོལ་ནས། བཙན་པོ་ཁྲི་སློན་བཙན་རང་ཉིད་ཞབས་ཀྱིས་བཙུགས་ཏེ། དམག་ཁྲི་དང་བཅས་ཏེ་གཤེགས་སོ། །མྱང་ཙེང་སྐུ་དང་། མནོན་མགྲོན་པོ་གཉིས་ནི། སྟག་པ་ཤ་རུ་ལ་ཚུན་ཆད་ལ། བྱ་གཅོད་ཅིང་ཉན་རྣར་བཀྱེས་སོ། །༼བྱ་གཅོད་པ་བྱ་ར་བྱེད་པའི་དོན་ནོ། །༽དབྱི་ཚབ་དང་ནགས་སེང་གཉིས་ཀྱིས། བཙན་པོ་སྤྱན་དྲངས་ཏེ། ཆུ་བོ་ནི་རབ་ཏུ་བཏོད་དོ། །དྲ་ལ་ནི་དབྱི་རུ་བཏང་ངོ་། །མཁར་ཡུ་སྣ་ནི་ཕབ། དགུ༵་གྲི༵་ཟི༵ང་པོ༵་རྗེ༵་ནི་བཀུམ་མོ། །མང༵་པོ༵་རྗེ༵་སུ༵མ་བུ༵་ནི་གྲུ་གུའི་ཡུལ་དུ་བྲོས་སོ། །ཕག་གི་ཡུང་བ་མན་ཆད། རྒོད་བྲོ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་སོན་ཏོ། །བཙན་པོ་ཁྲི་སློན་བཙན་གྱིས་བཀའ་བསྩལ་ཏེ། ཡུལ་ང༵ས་པོ༵་བྱ་བ་ལས། འཕན་ཡུལ་དུ་མིང་སྤོས་སོ། །དེ་ནས་ངས་པོའི་འབངས། དབའ་དབྱི་ཚབ་ལ་སོགས་པས། བཙན་པོའི་མཚན་གསོལ་བ། ཆབ་སྲིད་ནི་གནམ་ལས་མཐོ། དབུ་རྨོག་ནི་རི་བས་བཙན་ཏེ། གནམ་རི་སློན་བཙན་དུ་བཏགས་སོ། །དེ་ལྟར་མྱང་དབའ་མནོན་དང་གསུམ་གྱིས་ཟིང་པོ་རྗེའི་སྲིད། བཙན་པོ་སྤུ་རྒྱལ་གྱི་ཕྱག་ཏུ་དངར་ཏོ། །༼དངར་དང་བསྟར་བྱ་བ་དོན་གཅིག་གོ །༽དེ་ནས་གནམ་རི་སློན་བཙན་གྱིས་ཕྱག་ལྕག་གིས་དྲས་ཏེ། དབའ་དབྱི་ཚབ་ཀྱི་བྱ་དགར། ཟ་གང་གཤེན་གྱི་ཡུལ་ས་དང་། མལ་དྲོ་ཕྱོགས་ནས། བྲན་ཁྱིམ་སྟོང་ལྔ་བརྒྱ་བསྩལ་ཏོ། །མྱང་ཙེང་སྐུའི་བྱ་དགར། གཉན་འཛི་ཟུང་གི་མཁར་སྦུབ་དང་། བྲན་ཁྱིམ་སྟོང་ལྔ་བརྒྱ་བསྩལ་ཏོ། །ཆེས་པོ་ནགས་སེང་གི་བྱ་དགར། འོན་གྱི་སྨོན་མཁར་གྱི་བྲན་ཁྱིམ་སུམ་བརྒྱ། མནོན་འགྲོན་པོའི་བྱ་དགར། ཁོ་ནའི་ཕུ་ནུ་པོ་གནོན་ལ་སོགས་བྲན་ཁྱིམ་སྟོང་ལྔ་བརྒྱ་བསྩལ་ཏོ། །མྱང་དབའ་མནོན་དང་གསུམ། ཚེས་པོ་དང་བཞི། བཙན་པོའི་བློན་པོར་བཅུག་སྟེ། བྲན་ཁྱིམ་མང་པོ་དང་། ཡུལ་ཆེན་པོ་བསྩལ་ཏོ། །
      རྒྱལ་པོ་འདིའི་རིང་ལ། ཁྱུང་པོ་སྤུང་སད་ཟུ་ཙེས་གཙང་བོད་ཀྱི་རྒྱལ་པོ་མ༵ར་མུ༵ན་མགོ་བཅད་དེ། གཙང་བོད་ཁྱིམ་ཉི་ཁྲི་བཙན་པོའི་ཕྱག་ཏུ་ཕུལ་བར། བཙན་པོ་དགྱེས་ནས་གཙང་ཁྱིམ་ཉི་ཁྲི་ཟུ་ཙེ་ལ་བྱ་དགར་བསྩལ་ཏོ། །༼ཟུ་ཙེ་འདི་སྲོང་བཙན་གྱི་བློན་ཡང་བྱས་པ་འོག་ཏུ་གསལ།༽དེའི་འོག་ཏུ། བཙན་པོ་མཆེད་གཉིས་ལ། མོ༵ང་སྔོ༵ན་པོ་གློ་བ་རིངས་པར། ཟུ་ཙེས་ཁོས་༼བཙན་པོ་བཀྲོང་བའི༽གྲབ་ཤོམས་བྱེད་པ་ཚོར་སྟེ། བཙན་པོ་མཆེད་གཉིས་ལ་སྐུ་ལ་བསྡོ་མ་ནུས་པར་མོང་སྔོན་པོ་བཀུམ་མོ། །
      དེའི་རྗེས་སུ་དྭགས་པོ་འབངས་སུ་མངའ་བ་ལས་ངོ་ལོག་པ་ལ། རྗེ་བློན་རྣམས་འདུས་ཏེ། དྭགས་པོ་ཕབ་པར་སུས་རྔོ་ཐོགས་པ་དམག་དཔོན་བགྱིད་དགོས་ཞེས་བཀའ་བགྲོས་པ་ན། སེང་གོ་མྱི་ཆེན་གྱིས། ཁོ་བོས་རྔོ་ཐོག་ཅེས་ཁས་བླངས་སོ། །དེ་ལ་ཁྱུང་པོ་ཟུ་ཙེ་ན་རེ། ཁྱོད་ལྟ་བུས་དམག་དཔོན་འོང་ངམ། མི་མཛངས་པ་བྱ་བ་དེ། སྒྱེའུ་ནང་དུ་སྨྱུངས་བུ་བཅུག་པ་དང་མཚུངས་པར་རྩེ་མོ་ཕྱིར་འཐོན་པ་ཞིག་དགོས་ཞེས་སྨྲས། ཁྱོད་བཙན་པོའི་སྣམ་ཕྱི་༼བ་སྟེ་ཞབས་འབྲིང་།༽བར་བཀའ་བསྩལ་ནས་ལོ་དུ་མ་ཞིག་ལོན་ན། སེང་གོ་མྱི་ཆེན་མཛངས་ལ་རྔོ་ཐོག་གོ་ཞེས་མི་གཅིག་གིས་ཀྱང་བསྟོད་པ་ཁོ་བོས་མ་ཐོས་པས། མི་འོངས་བཞིན་དུ་ཁས་ལེན་ནམ་སྨྲས་པས། མྱི་ཆེན་ན་རེ། མི་ཡོངས་ཀྱིས་ཁོ་བོ་ལ་སྙན་པར་མི་བརྗོད་པ་ཡང་བདེན་ནོ། །ཁོ་བོ་སྔོན་སྒྱེའུའི་ནང་དུ་ཞུགས་ཀྱང་མ་ཞུགས། རྩེ་མོ་ཕྱིར་མ་ཕྱུངས་པ་ཡང་བདེན། གལ་ཏེ་ཁོ་བོ་སྔོན་ཆད་སྒྱེའུའི་ནང་དུ་ཞུགས་ཟིན་ན། རྩེ་མོ་བས་ཡུ་བ་ཡན་ཆད་ཕྱུང་སྟེ་སོང་ཟིན། དེའི་ཕྱིར་དེང་ཁོ་བོས་གསོལ་བ་ཡང་། སྔོན་ཆད་ཅིའི་ནང་དུ་ཡང་མ་ཞུགས་པས། གདོད་འཇུག་པར་གསོལ་བ་ཡིན་ནོ་ཞེས་སྨྲས་པས། བཙན་པོས་ཀྱང་མྱི་ཆེན་ལ་གསོལ་བ་བཞིན་གནང་སྟེ། དྭགས་པོ་འབངས་སུ་དགུག་པའི་དམག་དཔོན་དུ་བཀའ་བསྩལ་ཏོ། །དེ་ནས་སེང་གོ་མྱི་ཆེན་གྱིས་དྭགས་པོ་ལྷ༵་དེ་ལ༵་བརྒལ་ཏེ། ཐམས་ཅད་འབངས་སུ་བཀུག་གོ །མྱི་ཆེན་གྱི་བྱ་དགར། གསེར་ཁུང་རེའུ་རྒལ་གྱི་མི་དང་འབྲོག་དུ་བཅས་ཏེ་བསྩལ་ཏོ། །མི་ཀུན་གྱི་ཁ་ན། སེང་གོ་མྱི་ཆེན་གྱིས། མདུང་མོ་ཐེབས་གཅིག་གིས། འབྲོག་མོ་ཐང་གང་འཐོབ། ཟེར་བ་བྱུང་། ཉིན་གཅིག་ལ་ཁོང་གིས་དྭགས་པོ་མི་བརྒྱ་བསད་སྐད༼སེང་གོ་མི་ཆེན་གྱི་མིང་དང་ལོ་རྒྱུས་ཙམ་ད་དུང་ཡང་དྭགས་པོ་རྣམས་ལ་གླེང་རྒྱུ་ཡོད་འདུག༽
      དེའི་རྗེས་སུ་མྱང་སྨོན་ཏོ་རེ་ཙེང་སྐུའི་བུ། ཞང་སྣང་བྱ་བ་བཙན་པོའི་ཞབས་འབྲིང་ནང་མ་འཚལ་ཞིང་གནས་སོ། །༼འདི་མང་པོ་རྗེ་ཞང་སྣང་བྱ་བ་སྲོང་བཙན་གྱི་དུས་སུ་ཡང་བློན་པོ་ཡིན།༽དེའི་ཚེ་ན་བཙན་པོ་རྗེ་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ། ཁྱུང་པོ་ཟུ་ཙེས་གླུ་བླངས་ཏེ། གཙང་བཙན་པོའི་འབངས་སུ་ཕུལ་ཚུལ་སོགས་ངོམས་སོ་བྱས་པར། ཞང་སྣང་གིས་ཤགས་ལན་བཏབ་པས་བཙན་པོ་ཐུགས་མཉེས་ཏེ། ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་དངུལ་གྱི་སུག་བུ་ཆུང་བསྩལ་ཏོ། །
      དེའི་རྗེས་སུ་དབའ་དབྱི་ཚབ་རྒས་ཏེ། ཉི་མ་འདེ་ཞིང་མཆིས་སྐབས། བཙན་པོ་ཁྲི་སྲོང་བཙན༼སྒམ་པོ་སྟེ་འདི་དུས་སྲོང་བཙན་དགུང་ལོ་གཞོན་པའི་སྐབས་སུ་ངེས།༽ཉེན་ཀར་ནས། སྐྱི་ལུང་དུ་གཤེགས་ཁར། སྙ༵་ཏོ༵་རེ་གཙུག་བློན༵་ལས༼བརྒྱུད་ནས༽འཕྲིན་གསོལ་ཏེ། གནའ་དུས་སུ། ཟིང་པོ་རྗེ་རྒྱབ་ཏུ་བོར། སྤུ་རྒྱལ་པང་དུ་བླངས་ཏེ། ཆབ་སྲིད་ཆུར་ནི་བསྲིངས། ཞེང་དུ་བསྐྱེད་བསྐྱེད་ན། མྱང་གིས་སྲིད་མ་ཐུབ་སྟེ་བཀྱོན་ཕབ༵་ནས།༼མྱང་ནི་ཙེང་སྐུའི་བུ་ཞང་སྣང་སྟེ་བཀྱོན་ཕབ་པ་ནི་ཁྲིམས་ཕོག་པའོ། །༽བདག་ཅག་ཕ་ཚན། བླར་གློ་བ་མ་རིངས་པར་མཆིས་ན། བདག་རྒན་པོ་ཙམ་ཞིག་མ་གུམ་བར་དུ། དབུ་སྙུང༼མནའ༽ཁུར་པ་ཞིག་བདག་གི་བུ་ཚ་རྣམས་ལ་སྩོལ་བར་ཅི་གནང་། བཙན་པོ་ཡབ་ནི་བདག་གི་མཆིས་བྲང་དུ་གདན་གཏིང་བ་ཡང་གནང་ན།༼ཡབ་ནི་གནམ་རི་སྲོང་བཙན་ཡིན་ཞིང་མཆིས་བྲང་ནི་ཁྱིམ་གྱི་མིང་སྟེ། ཆུང་མ་ལ་ཡང་བརྡ་ཚིག་གི་ཚུལ་དུ་སྦྱར་རོ། །དེས་ན་འདི་ནི་ཡབ་རྒྱལ་པོ་བདག་གི་ཁྱིམ་དུ་ཕེབས་མྱོང་བའི་དོན་ནོ། །༽ད་ནི་ཤུལ་དུ། ལ་མོ་ཆག་པ་ཕྲུམ༼འཕན་ཡུལ་གྱི་ཆག་ལ་ཡིན་ནམ་སྙམ།༽དུ་ཕྱག་ཐབ་ཙམ་ཞིག་གསོལ་དུ་ཅི་གནང་། ཞེས་གསོལ་བར། བཙན་པོའི་ཞལ་སྔ་ནས། དྲིན་ཅན་མི་ཡི་ཡིད་མ་བཅད། །ལྷ་ཡི་རྟ་ལ་རྒལ་མི་དབྱུང་། །སྔོན་ཆད་ངའི་ཡབ་ཀྱི་རིང་ལ། དབའ་ཏོ་རེ་དབྱི་ཚབ་དང་ཁྱེད་གཉིས། ཆབ་ཕ་རོལ་ཚུ་རོལ་གྱི་དགུང་བློན་དུ་བགྱིད་པར་བསམ་བསམ་པ་ལས། ཏོ་རེ་ནི་ཤི ཁྱོད་ནི་རྒས་ཏེ་ཉི་མ་འདེར་གནང་སྟེ་བཞག༼ཙེང་སྐུའི་བུ༽མྱང་ཞིང་སྣང་ནི་བློན་ཆེན་པོར་བསྐོས་ཏེ་བཞག་ན། ཡབ་ནོངས་ནས་ཁོ་ཡང་གློ་བ་རིངས་ཏེ་བཀྱོན་ཕབ་པ་ཡིན་ནོ། །༼དེ་ཡང་ཞང་སྣང་དང་རྗེ་སྲོང་བཙན་གྱི་བར་བུ་ཟུ་ཙེས་ཕྲ་མ་བཅུག་སྟེ་ཞང་ལ་ཁྲིམས་ཕོག་ཚུལ་འོག་ཏུ་གསལ།༽ད་ཁྱེད་དབའ་ཕ་ཚན་ནི། གློ་བ་མ་རིངས་པར་བསྡད་པས། ལ་མོ་ཆག་པ་ཕྲུམ་དུ་ཕྱག་ཐབ་ཀྱང་གསོལ་ཅིག དབུ་སྙུང་ཡང་གནང་བར་བྱའོ་ཞེས་བཀའ་བསྩལ་ཏོ། །དེར་ལ་མོ་ཆག་པ་ཕྲུམ་དུ་ཕྱག་ཐབ་གསོལ་ཏེ། སྐུ་རྟེན་དུ། ཁྲབ་བསེ་སྣ་བཅུ་དང་། ལྡོང་སྲོམ་གྱི་རལ་གྲི་མདོར་གཅོད་བཅས་ཕུལ་ཏེ། བཙན་པོས་དབུ་སྙུང་ཡང་གནང་ངོ་། །དབའ་དབྱི་ཚབ་ཕ་ཚན་བདུན་ཀྱང་བྲོ་བོར་རོ། །བཙན་པོས་བཀའ་བསྩལ་པ་ནི། དབྱི་ཚབ་གློ་བ་ཉེ་བས། གུམ་ན་དུར་ཁུང་བཙན་པོ་རང་གིས་ཕྱག་བདར་ཏེ་རྩིགས་པར་གནང་། བུ་ཚ་གང་རུང་གཅིག་ལ་གསེར་ཡིག་མི་ཆད་པར་སྩོལ་བར་གནང་སྟེ། ད་ནས་ནི་ཕན་ཆད་དུ། ཁྱོད་ཀྱིས་ནི་ང་མ་བཏང་། ང་ཡིས་ནི་ཁྱོད་མི་བཏང་། སོགས་མགུར་ཡང་བཞེངས་སོ། །དབའ་དབྱི་ཚབ་ཀྱིས་ཀྱང་གླུ་ལན་ཕུལ་ཏེ། དེར་ཕ་ཚན་བདུན་གྱིས་གཏང་རག་ཆེན་པོ་བཏང་ངོ་། །དབུ་སྙུང་གནང་བའི་གོར་མ་དེ། རྒྱ༵ལ་འབྲི༵ང་ལ༵ན་ཏོན༵་གྱིས་བླངས་ནས་ཕྱག་ཏུ་ཕུལ་ཅིང་། རྗེས་སོར་གོར་མ་དཀར་པོ་དེ་དབྱི་ཚབ་ཀྱི་མཆད་པའི་རྨིང་དུ་བརྩིགས་སོ། །༼མཆད་པ་ནི་དུར་ཁུང་དང་། གོར་མ་ནི་རྡོ་སྟེ་མནའ་བསྐྱེལ་ཚེ་རྡོ་བ་རེ་ལག་ཏུ་ལེན་སྲོལ་དེ་ཁམས་དང་འབྲས་ལྗོངས་སོགས་ན་ཉེ་དུས་བར་དུ་ཡོད་པར་སྣང་༽དེ་དུས་དབུ་སྙུང་གནང་བའི་ཚིག་ནི། ད་ཕྱིན་ཆད་ཁྱེད་ཕ་ཚན་གྱིས། བཙན་པོ་སྤུ་རྒྱལ་གྱི་ཞལ་སྔར་གློ་བ་མ་རིངས་ན། ནམ་ནམ་ནམ་ནམ་ཞ་ཞ་ཞ་ཞར་ཡང་། དབྱི་ཚབ་ཀྱི་བུ་ལ་མ་ཉེས་པར་བཀྱོན་ཕབ་རི།༼ནམ་ནམ་ཞ་ཞར་བྱ་བ་ནམ་ཡང་བྱ་བ་དང་དོན་གཅིག་སྟེ། ཤེས་རབ་བརྒྱ་པར། དེ་དག་ནམ་ནམ་ཞ་ཞར་འཕུང་། ཞེས་པ་ལྟ་བུ་ཡིན། འབྲུག་པའི་ཕལ་སྐད་ལ་ཡང་འདུག༽ཕྲ་མ་ཞིག་གསན་ན་ཡང་། ཤགས་བྱས་ཏེ་ཡུས་བཀྲོལ་ནས། བཀས་མི་བཅད་རི། དབྱི་ཚབ་ཀྱི་བུ་གཅིག་ལ་གསེར་གྱི་ཡི་གེ་ལས་སྨད་རི། སྙིང་མ་རིངས་པར་རབས་ཆད་ན། འཁོར་ཡུལ་བཞེས་རི།༼སོགས་མནའ་ཚིག་བཅུ་གཉིས་སྣང་ཞིང་། ཁྲི་སྲོང་གི་ཀླུ་གོང་ལ་བཞེས་པའི་དབུ་སྙུང་རྣམས་རྩེ་ཞོལ་རྡོ་རིང་བྱང་ངོས་སུ་བཀོད་འདུག་པ་དེ་དག་དང་ཚིག་འགྲོས་ཤིན་ཏུ་མཐུན་པ་ཞིག་འདུག༽དབྱི་ཚབ་ཕ་སྤད་ཀྱི་བྲོ་བོར་བའི་ཚིག་ནི། བཙན་པོ་སྤུ་རྒྱལ་ཁྲི་སྲོང་བཙན་ཡབ་སྲས་དང་གདུང་རྒྱུད་ལ། གློ་བ་རིངས་རི༼སོགས་ནས༽བཙན་པོས་བཀའ་ཇི་བསྩལ་པ་གཟུགས་སུ་མི་འཛིན་རི།༼ཞེས་པའི་བར་བྲོ་ཚིག་བཅུ་གཉིས་སོ། །༽
      ༼དཀྱུས༽དེ་ལྟར་གནམ་རི་སྲོང་བཙན་དུས་ཀྱི་བྱུང་བ་རགས་པ་ཙམ་ཞིག    འདི་དག་གིས་ཤེས་པར་ནུས་ལ། སྤྱིར་གནམ་རིའི་ལོ་རྒྱུས་རྒྱས་པ་ཞིག་རང་ཅག་གི་རྒྱལ་རབས་གང་དུ་ཡང་མེད་སྟབས། འདིར་ཤོག་དྲིལ་ལ་གང་ཡོད་ཕལ་ཆེར་ཆ་ཚང་བར་དྲངས་པ་ཡིན་ནོ། །
      དེ་ཡང་རྒྱལ་པོ་འདིའི་རིང་ལ་དམག་ཆེན་གཡོ་བའི་མགོ་བརྩམས་པ་ཡིན་ཅེས་ཐང་ཡིག་དུ་གསལ་ལ། འདིས་ཁྲི་བཟུང་པའི་ལོ་དང་སྐུ་ཚེའི་ཚད་སོགས་ཞིབ་ཏུ་ཤེས་དཀའ་མོད། འཕན་ཡུལ་དུ་དམག་དྲངས་ཚེ་ཡུམ་ད་དུང་བཞུགས་ཚུལ་དང་། དབྱི་ཚབ་རྒས་པའི་ཚེ་སྲོང་བཙན་རྒྱལ་པོར་བཞུགས་ཚུལ་སོགས་ལ་དཔྱད་ན་སྐུ་ཚེ་ཆེས་རིང་དུ་ནི་མ་ཐུབ་པར་མངོན། མཐར་མོན་དུག་གིས་བཀྲོངས་ཚུལ་འོག་ཏུ་གསལ། དེས་ན་དཀྱུས་མའི་རྒྱལ་རབས་ཤིག་འཆད་ཚེ། འཇིག་རྟེན་མི་ལུགས་ཀྱི་བྱུང་བ་རྣམས་གཙོ་བོར་བཏོན་དགོས་པ་ཡིན་པས། འདི་འདྲ་དག་གི་སྐབས་སུ་རྒྱལ་པོའི་ཆེ་བ་འདོན་པའི་འཁུལ་དུ་བྱས་ནས། ངོ་མཚར་བའི་སྣོན་མ་སྣ་ཚོགས་འདེབས་དགོས་པའི་དོན་ཅི་ཡང་མེད་དོ། །
      འདི་ནི་རང་བྱུང་བདེན་པའི་ཟླ་བ་སྟེ། །སྐྱོན་མེད་དུང་གི་ཁ་དོག་གསལ་བ་ལ། །ཕྱོགས་ལྷུང་ལར་རྒྱའི་རྣ་བ་རིང་བ་ཡི། །མི་སྡུག་རི་བོང་གཟུགས་ཏེ་ཅི་ལ་བྲི། །ཞེས་བྱ་བ་ནི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐབས་སོ། །
      དེའི་སྲས་ནི་སྤུར་རྒྱལ་བོད་ཀྱི་ལྗོངས་འདིར། ལེགས་པའི་སྒོ་བརྒྱ་འབྱེད་པའི་ལུགས་གཉིས་ཆབ་སྲིད་ཀྱི་རྩ་བ་ཐོག་མར་འཛུགས་པའི་མེས་པོ་ལྟ་བུར་གྱུར་པ། རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོ་ཡིན་ཞིང་། རྒྱལ་པོ་འདི་ནི། ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་མི་ཡི་ཟོལ་དུ་བྱོན་པའི་རྩོད་མེད་སྤྲུལ་པའི་སྐྱེས་བུ་ཆེན་པོར་གྲུབ་པས། ཐུན་མོང་མ་ཡིན་པའི་ངེས་དོན་གྱི་རྣམ་པར་ཐར་པ་དག་ཀྱང་གཞན་དུ་གྲགས་པ་ལྟར་ལ། འདིར་ནི་བཙན་པོ་ཉིད་ཀྱིས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་ཕྲིན་ཅི་ཞིག་གནང་བའི་ཚུལ་རྣམས། དུས་མཉམ་པའི་སྐྱེ་རྒུ་ཐ་མལ་པ་རྣམས་ཀྱིས་མཐོང་ཚུལ་ལྟར་བཀོད་པའི་རྒྱལ་རབས་ཀྱི་དུམ་བུ་གསུམ་ན་ཅུང་ཟད་གསལ་བ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་བཤད་པར་བྱའོ། །༼རྒྱ་མའི་ཡུལ་ཕོ་བྲང་མི་འགྱུར་བྱམས་གླིང་དུ་བཙན་པོ་སྐུ་བལྟམས་ཚུལ་སོགས་ཡོངས་གྲགས་ཀྱི་ལོ་རྒྱུས་གཞན་ནས་བསྐང་བར་བྱ་ཞིང་།༽༼འདིར་ཤོག་དྲིལ་ཀ་པའི་དབུ་ཆ་རལ་སྐྱོན་དུ་གྱུར་པའི་གཤམ་ནས་མར་ལ།༽ བཙན་མོ་མུན་ཆང་ཀོང་ཀེ་ཅོ། མགར་སྟོང་རྩན་ཡུལ་བཟུང་གིས་སྤྱན་དྲངས་ཏེ་བོད་ཡུལ་དུ་གཤེགས་སོ། །བལ་པོ་ཡུ་སྣ་ཀུག་ཏྀ་བཀུམ། ན་རྀ་ད་བ་རྒྱལ་ཕོར་བཅུག   གནག་ནད་ཆེན་པོ་བྱུང་། དེ་ནས་ལོ་གསུམ་ན།  བཙན་པོ་ཁྲི་སྲོང་རྩན་གྱི་རིང་ལའ། ལྀག་སྙ་ཤུབ་བརླག་སྟེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་སྟེ་མངའོ། །དེ་ནས་ལོ་དྲུག་ནའ། བཙན་པོ་ཁྲི་སྲོང་རྩན་དགུང་དུ་གཤེགས་སོ། །བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ། །
      ༼སངས་རྒྱས་འདས་རྗེས་ཀྱི་ལོ་ཆིག་སྟོང་གཅིག་བརྒྱ་དགུ་བཅུ་གོ་བཞི་པ་ལྕགས་ཕོ༽ཁྱིའི་ལོ་ལ་བབས་ཏེ། བཙན་པོ་མྱེས་ཁྲི་སྲོང་རྩན་གྱི་སྤུར༼ཕོ་བྲང༽ཕྱིང་བའི་རིང་ཁང་ན་མཁྱུད་ཅིང་བཞུགས་ཏེ། བཙན་པོ་དཔོན་ཁྲི་མང་སློན་མང་རྩན་མེར་ཀེ་ན་བཞུགས་པར་ལོ་གཅིག༼འདས་རྗེས་ཀྱི་ལོ་ཆིག་སྟོང་གཅིག་བརྒྱ་དགུ་བཅུ་གོ་ལྔ་ལྕགས་མོ༽ཕག་གི་ལོ་ལ་བབས་ཏེ། བཙན་པོ༼མང་སྲོང་མང་བཙན༽ཉེན་ཀར་ན་བཞུགས་ཤིང་།༼ཕོ་བྲང༽ཕྱིང་བར་བཙན་པོ་མྱེས་ཁྲི་སྲོང་རྩན་གྱི་མདང་བཏང་བར་ལོ་གཅིག༼ཅེས་བྱུང་།༽༼དཀྱུས༽འདིར་ཀོང་ཅོ་བོད་ཡུལ་དུ་གཤེགས་བྱ་བ་དེ་རྒྱ་ནག་ནས་ལམ་དུ་ཞུགས་པའི་དོན་དུ་སྣང་གི་བོད་དུ་སླེབས་པ་ལ་མི་བརྩི་བར་འདུག  ཀོང་ཇོ་བོད་དུ་ཕེབས་པའི་ལོ་དེ་རྒྱལ་རབས༼ང༽པ་ལ་གསལ་བར་འདས་རྗེས་ཀྱི་ལོ་ཆིག་སྟོང་གཅིག་བརྒྱ་བརྒྱད་ཅུ་གྱ་ལྔ་ལ་ལྕགས་གླང་ཡིན། གླང་དེ་ནས་བརྩིས་པའི་ལོ་དགུ་པ་ལ་སྲོང་བཙན་འདས། ལོ་གསུམ་ཀོང་ཇོ་དང་ལྷན་དུ་བཤོས་སོ། །ཞེས་བྲིས་པས་ཀོང་ཇོ་ལམ་དུ་ཞུགས་ནས་རྒྱལ་པོ་དང་མ་མཇལ་བར་ལོ་དྲུག་སོང་བར་སྣང་། དེས་ན་ཡོངས་གྲགས་ཀྱི་ལོ་རྒྱུས་སུ། མགར་གྱིས་གཡོ་བྱས་ནས། ཀོང་ཇོ་རྗེ་ལ་མཇལ་དུ་མ་བཅུག་པར་ཡུན་རིང་འགོར་ཚུལ་བྲིས་པ་དེ་ཡང་རྒྱུ་མཚན་ཅན་དུ་འདུག་སྙམ། ཕྱི༵ང་བ་བྱ་བ་ནི་གནམ་རིའི་སྐབས་སུ་སྨོས་པའི་མཁར་ཕྱིང་བ་སྟག་རྩེ་དེ་ཡིན་པར་འདུག མཁྱུད་པ་ནི་སྦས་པའི་དོན་ཏེ། ཁྱི་ལོ་ལ་མེས་པོའི་སྐུ་སྤུར་གསང་རྒྱ་བྱས་ནས་བཞག་ཅིང་། ལོ་དེའི་རྗེས་མར་མདང་བཏང་བའོ། །ཀོང་ཇོ་བརྫངས་ནས་ལོ་དགུ་ན་བཙན་པོ་འདས་ཚུལ་དང་འདི་གཉིས་སྦྱར་ཚེ། དོན་ལ་བྱ་ལོར་འདས་ཤིང་ཁྱི་ལོའི་མཇུག་ཏུ་གསང་བརྟོལ་བར་བརྟེན། རྒྱའི་རྒྱལ་རབས་ལ་ལྕགས་ཁྱི་ལོར་གྲོངས་ཞེས་བྲིས་སོ་སྙམ་སྟེ་དཔྱད་པར་འཚལ། མད༵ང་བྱ་ནི་འདས་མཆོད་དེ་གནའ་ལུགས་ཤིག་ཡིན་ཞིང་། འབྲོག་ཁམས་ནས་བྱོན་ཚེ་འཕྲང་ཁ་བེར་ཆུང་ཕའི་མདང་གཏོང་སར་སླེབས་སོགས་སྔོན་གྱི་ལོ་རྒྱུས་འགའ་རེ་ན་ཡང་སྣང་། རྩིས་ཐང་ཆེ་བ་ལ་མདང་ཆེ་བ་ཞེས་ཡུལ་འགའ་ཞིག་གི་ཕལ་སྐད་ལ་ཡང་ཟེར། མདང་ཀྱི་མཆོད་པ་དེ་ཅི་འདྲ་ཞིག་ཡོད་ཚུལ་མི་ཤེས་ཀྱང་། རྙིང་མའི་ཆོ་ག་འགའ་རེ་ན་མདང་སྐང་བྱ་བ་ཞིག་འདུག་པ་དེ་ལ། མར་མེ་དང་། ཁྲག་དང་གཏོར་མ་རྣམས་རིམ་གྱིས་འབུལ་བར་འདུག་པས། ཕལ་ཆེར་དེ་འདྲ་ཞིག་མིན་ནམ་སྙམ། བལ་པོ་ཡུ་སྣ་ཀུག་ཏི་བཀུམ། ན་རི་ད་བ་རྒྱལ་པོར་བཅུག  བྱ་བའི་ཚིག་འདི་གཉིས་ཡ་མཚན་ཆེ་སྟེ། ཛིཥྞུ་ཀཱིརྟི་བཀུམ། ན་ར་དེ་བ་རྒྱལ་པོར་བཅུག་བྱ་བ་ཟུར་ཆག་གམ་སྙམ་སྟེ། ཛ་དང་ཡ་གཉིས་ནི་རྒྱ་སྐད་ལ་སྒྲ་ཤིན་ཏུ་འདྲ་བས། ཡ་མཱ་རི་ལ་ཛ་མཱ་རི་དང་། ཡོ་གི་ལ་ཛོ་གི་སོགས་སུ་འབོད་པ་ལྟ་བུ་ཡིན། དེ་ཡང་འཇམ་དཔལ་རྩ་རྒྱུད་ཀྱི་རྒྱ་དཔེར། བལ་པོའི་རྒྱལ་པོ་རྣམས་ཀྱི་མིང་མཐར་ཆགས་སུ་དྲངས་པའི་མཇུག་ཏུ། ཛིཥྞུཧྱནྟེ། ཤསྟྲ་སསྤཱཏ་བི་དྷྭསྟཱནེ་པ་ལཱདྷི་པ་ཏི་སྟ་དཱ་ཞེས། ཛིཥྞུ་ཉིད་ནི་མཐའ་མ་སྟེ། །དེ་དུས་བལ་ཡུལ་བདག་པོ་ནི། །མཚོན་ཆ་འབབ་པས་རྣམ་པར་འཇོམ། །ཞེས་རྒྱལ་པོ་མཐའ་མ་ཛིཥྞུ་ཡིན་ཚུལ་དང་། དེ་མཚོན་གྱིས་གསོད་པར་གསུངས་པས་སོ། །དེས་ན་ཀོང་ཇོ་བོད་དུ་རྫངས་པའི་ལོ་དེ་རང་ལ་བལ་ཡུལ་འབངས་སུ་བཅུག་གམ་སྙམ་སྟེ། དེ་ནས་བགྲང་བའི་ལོ་བརྒྱད་ཀྱི་རྗེས་སུ། གོང་མའི་ཕོ་ཉ་ཝང་ཞོན་ཙེ་རྒྱ་གར་དུ་སླེབས་དུས། བལ་ཡུལ་བོད་ཀྱི་འོག་ཏུ་ཡོད་ཚུལ་རྒྱལ་རབས༼ང༽པ་ལ་གསལ་བ་བཞིན་ནོ། །འདིར་ལོ༵་གཅི༵ག་ཅེས་བྲིས་རྣམས་ནི། བྱུང་བ་དེ་དག་གི་ཡུན་ལ་ལོ་གཅིག་སོང་བྱ་བའི་དོན་ནོ། །
      ཤོག་དྲིལ༼ཁ༽བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ཀྱིས་ནི་འཁུས་ཡུམ་འབངས་ནི་ངོ་ལོག  གཉེན་ཞང་ཞུང་། མཛོ་སུམ་པ། ཉ་གཉི་དྭགས་པོ། ཀོང་པོ། མྱང་པོ་ཀུན་ཀྱང་ངོ་ལོག  ཡབ་གནམ་རི་སློན་བཙན་ལ་དུག་བོར་ཏེ་བཀྲོངས་སོ། །སྲས་སྲོང་བཙན་སྐུ་གཞོན་ནུ་ལས་གཟོད་སྐྱེས་ཏེ། ཐོག་མར་དུག་ལས་བྱེད་མཁན་གྱི་དུག་པ་རྣམས་དབས་བཅད་དོ། །དེའི་འོག་ཏུ་༼རྩེང་སྐུའི་བུ༽མྱང་མང་བོ་རྗེ་ཞང་སྣང་གིས། སུམ་པ་མཐའ་དག་དམག་བྱེད་མ་དགོས་པར་སྒྱུའི་སྒོ་ནས། ཁྱིམ་གྲངས་མ་ཤོར་བར་འབངས་རྣལ་མར་བཀུག་གོ །དེའི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་ཏེ། དམག་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞ་དཔྱའ་བཅད་དོ། །༼ཨ་ཞ་དེ་སོག་རིགས་དིང་སང་ཨུ་རུ་སིའི་ཁོངས་སུ་ཡོད།༽ཐོག་མ་དེ་ནས་བཟུང་འ་ཞ་འབངས་སུ་མངའ་འོ། །དེའི་འོག་ཏུ། བཙན་པོ་སྲོང་བཙན་དང་། མང་པོ་རྗེ་ཞང་སྣང་གི་བར་དུ། ཁྱུང་པོ་སྤུང་སད་ཟུ་ཙེས་ཕྲ་མ་བཅུག་སྟེ། བཙན་པོའི་ཞལ་སྔར། ཞང་སྣང་གློ་བ་མི་རིངས་པ་ལ། རིངས་ཞེས་གསོལ་ཏོ། །ཞང་སྣང་ལ་ཡང་། བཙན་པོ་མི་བཀྱོན་པ་ལ། བཀྱོན་ཞེས་སྨྲས་སོ། །ཞང་སྣང་གི་སེམས་ལ། ཁྱུང་པོ་སྤུང་སད་བདག་གི་སྙིང་གྲོགས་ཡིན་པས། ཟེར་བ་བདེན་སྙམ་ནས། བཙན་པོའི་བཀའ་བྱུང་ཡང་། མིན་ཞེས་མདུན་དུ་མ་ཕྱིན་པར། མཁར་སྤུར་བ་ལ་བསྡད་པས། བཙན་པོའི་ཐུགས་ལ། ཞང་སྣང་གློ་བ་རིངས་པ་བདེན་ཡང་དག་གོ་དགོངས་ནས། ཞང་སྣང་གི་བྲན་ལ་བཅོལ་ཏེ། ཞང་སྣང་བསླུས་ནས་བརླག་གོ །མཁར་སྤུར་བ་ཡང་བཤིག་གོ །དེ་ནས་ཁྱུང་པོ་སྤུང་སད་ཟུ་ཙེས་བཙན་པོ་ལ་གློ་བ་ཉེ་བར་བྱས་ཏེ། ལར་བཙན་པོའི་བློན་པོའི་ནང་ན་ཟུ་ཙེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ་། །ཟུ་ཙེ་མཛངས་ཞེ་ན་མཛངས། དཔའ་ཞེ་ན་དཔའ་འོ། །མྱི་གཅིག་ཚོགས། དགུ་ཚོགས་ན། སྤུང་སད་ཟུ་ཙེ་ཞེས་སྨྲའོ། །༼འདིར་ཤོག་དྲིལ་ག་ལས་དྲངས་ན༽སྤུང་སད་ཟུ་ཙེའི་མཛངས་ཀྱི་ཚད་ནི། རྩིས་གྲྭ་གསུམ། ཞལ་ལྕེ་གྲྭ་བཞི་ཡང་རྣ་བས་མཉན་ཞིང་གཅོད། མིག་མང་གྲྭ་གཅིག་ཀྱང་དེའི་ཞར་ལ་རྩེ་ན་རྒྱལ། བྱ་ཕུག་རོན་ཁྱུ་གཅིག་འཕུར་བ་མཐོང་ནས། གཅིག་གཉིས་གསུམ་བཞི་ལྔ་དྲུག་ཅེས་བགྲང་། བྱ་ཁྱུ་དེ་སླར་འཕུར་ཚེ་ཡང་བགྲང་བར། བྱ་གཅིག་མ་ཚང་འདུག་པས། ཁྲས་བསད་པ་འདྲ་ལྟོས་ཤིག་སྨྲས་པར། བལྟས་པ་ན་བྱ་གཅིག་ཁྲས་བཀུམ་འདུག་སྐད། སྤུང་སད་ཟུ་ཙེ། ཚོར་ཆེ་ལ་དཀུ་ཆེ།༼གཡོ་ཆེ་བའི་དོན།༽སྙིང་མཛངས། མྱི་གཅིག་ཚོགས་དགུ་ཚོགས་ན། ཟུ་ཙེ་ལྟ་བུ་ག་ལ་ཡང་མེད་དོ། །

འབྲེལ་ཡོད་འོས་སྦྱོར།