logo

བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ།:དགེ་འདུན་ཆོས་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-07 ཀློག་གྲངས།:
      ༼ཁ༽༼གོང་གི་འཕྲོས༽དེའི་འོག་ཏུ་ཁྱུང་པོ་སྤུང་སད་ཟུ་ཙེ་རྒས་ཏེ། ཉི་མ་འདེར་གནང་བའི་སྐབས་ཞིག  ཟུ་ཙེས་བཙན་པོའི་སྤྱན་སྔར་གསོལ་བ། སྔོན་བཙན་པོ་ཡབ་གནམ་རིའི་རིང་ལ། བདག་གིས་གཙང་བོད་འབངས་སུ་བཀུག་ལ། འོན་ཀྱང་གཙང་ཡུལ་འདི། ཡབ་ཀྱིས་སྤྱན་གྱིས་མ་གཟིགས། ཞབས་ཀྱིས་མ་བཅགས་ན། བཙན་པོ་སྲས་ཀྱིས་སྤྱན་གྱིས་གཟིགས། ཞབས་ཀྱིས་བཅགས་ཏེ། བདག་གི་སྡུམ་པ་ཁྲི་བོམས་སུ་དགྱེས་སྐྱེམས་སྟོན་མོ་གསོལ་བར་ཅི་གནང་། ཞེས་གསོལ་པར། བཙན་པོས་ཀྱང་ཟུ་ཙེས་གསོལ་བ་བཞིན་གནང་སྟེ། བློན་པོ་མགར་ཡུལ་བཟུང་ཕོ་བྲང་ཁྲི་བོམས་སུ་སྔོན་དུ་བཏང་བར། མགར་གྱིས་བརྟགས་པས།༼བཙན་པོ་བཀྲོངས་པའི༽སྒྱུ་བཤམས་པར་ཤེས་ནས། ཡུལ་བཟུང་སླར་བྲོས་ཏེ་བཙན་པོའི་སྙན་དུ་གསོལ་ཏོ། །ཡུལ་བཟུང་གིས་ཚོར་ཏེ་སླར་བྲོས་པ། ཟུ་ཙེས་ཚོར་ནས། བུ་ངག་རེ་ཁྱུང་ལ། བདག་གི་མགོ་བཙན་པོ་ལ་ཕུལ་ཞིག་ཅེས་སྨྲས་ནས། རང་ཉིད་ལྕེབས་ཏེ་བཀུམ་མོ། །དེ་ནས་ངག་རེ་ཁྱུང་གིས། ཕའི་མགོ་བཅད་ནས་འཁྱེར་ཏེ། བཙན་པོའི་ཕྱག་ཏུ་ཕུལ་ནས། བདག་གི་ཕ་རྒན་པོས་རྗེ་ལ་གློ་བ་རིངས་ཏེ་སྒྱུ་བཤམས་པ། ཡུལ་བཟུང་གིས་ཀྱང་ཚོར་ནས་བཙན་པོའི་ཞལ་སྔར་གསོལ་དུ་བྲོས། བདག་རང་གིས་ཕ་བཀུམ་ནས་མགོ་བཅད་དེ་འདིར་མཆིས་ན། སྲིད་བརླག་པར་མི་མཛད་པར་ཇི་གནང་ཞེས་གསོལ་བས། བཙན་པོས་ཀྱང་ངག་རེ་ཁྱུང་གིས་གསོལ་བ་བཞིན་གནང་སྟེ། ཁོའི་བྲན་གྱི་ཡུལ་དག་སྔོན་བཞིན་དུ་བཞག་གོ །རྒྱལ་པོ་འདིའི་རིང་ལ། ཞང་ཞུང་ལྟ་བུ་གཉེན་མཛད་ནས་ཀྱང་བཏུལ་ལོ། །ཐབས་ཀྱིས་ཀྱང་རྒལ་ཏེ། ཞང་ཞུང་བདག་མཛད་དུ།༼རྒྱལ་པོའི་སྲིང་མོ༽བཙན་མོ་སད་མ་ཀར་ལིག་མི་རྒྱ་ལ་ཆབ་སྲིད་ལ་གཤེགས་སོ། །༼འདི་བག་མར་བཏང་བ་ཡིན་འདུག་ཅིང་ལིག་མི་རྒྱ་ནི་ཞང་ཞུང་གི་རྒྱལ་པོར་མངོན།༽བཙན་མོ་ནི་ལིག་མི་རྒྱའི་སོ་ནམ་དང་བུ་སྲིད་མི་མཛད་ཅིང་ལོགས་ཤིག་ན་བཞུགས་པར། བཙན་པོ་དྲལ་གྱི་སྙན་དུ་གསན་ཏེ།༼དྲལ་ནི་མང་པོ་ལ་ཟེར།༽བཙན་མོ་དེ་ལྟར་ལོག་པར་མཛད་ན། ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བས། དེ་ལྟར་མ་མཛད་པར། ལིག་མི་རྒྱའི་སོ་ནམ་དང་བུ་སྲིད་བཟུང་ཞིག་ཅེས། སྤུག་གྱིམ་བཙན་རྨང་ཆུང་ལ་བཀའ་བསྩལ་ཏེ།༼ཕོ་ཉར་བཏང་སྟེ། རྨང་ཆུང་།༽མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང་།༼རོལ་བ་ནི་རྩེད་མོ་རྩེ་བའི་དོན་ནོ། །༽མཚོ་མ་པང་དུ་གཤེགས་འདུག་ནས། རྨང་ཆུང་མ་པང་དུ་སོང་སྟེ། བཙན་མོའི་ཞལ་སྔར་ཕྱག་བགྱིས་ཚེ། བཙན་མོའི་ཞལ་ནས། བཙན་པོ་དྲལ་གྱི་ཐུགས་བདེའམ་མི་བདེ། ཞེས་དྲི་བ་མཛད་པར། ཐུགས་བདེ་ཞེས་གསོལ་ཏོ། །༼ཐུགས་བདེ་བྱ་བ་འདི་ཡི་གེ་རྙིང་བ་མང་པོ་ན་འདུག་སྟེ་སྐུ་ཁམས་བཟང་བྱ་བའི་དོན་དུ་སྣང་།༽རྨང་ཆུང་གློ་བ་བདེའམ་མི་བདེ་ཞེས་སྨྲས་ན། གློ་བ་བདེ་ཞེས་གསོལ་ཏོ། །དེར་བཙན་མོས། རྨང་ཆུང༼ཁྱོད་ནི༽བཙན་པོ་དྲལ་གྱི་ཞལ་སྔ་ནས་དང་འདྲ་བས། མགྲོན་གྱི་ཕྱག་ལན་ལོངས་ཤིག་ཅེས། ཕྱག་ལན་བསྩལ་ནས། བཙན་མོས་མགུར་བླངས་པ། ཡུལ་གྱི་ནི་སྐལ་ཕོག་པ། ཁྱུང་ལུང་ནི་རྡུལ་མཁར་ཞིག༼སོགས་སོ། །༽མགུར་བླངས་པའི་རྗེས་སུ། རྨང་ཆུང་མཆི་ཕྱག་བགྱིས་པ་ལས། བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས་སོ། །བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་ལ་གློ་བ་དགའ་འོ། །བཙན་པོས་བཀའ་བསྩལ་པ་ནི། རྔོ་ཅི་ཐོག་གིས་འཚལ་ཞིང་མཆིས་སོ། །༼ཅི་ནུས་སུ་བགྱིད་ལགས་སོ་བྱ་བའི་དོན་ནོ། །༽བཙན་པོའི་ཕྱག་ཏུ་འདི་ཕུལ་ཅིག་ཅེས་ཞུ་གཡག༼ཞུ་རྟེན༽གཅིག་ཕྱག་རྒྱས་བཏབ་ནས་བསྐུར་རོ། །རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ནི་ཅང་མ་མཆིས། མགུར་བླངས་པའི་ཚིག་ནི་འདི་ཞེས་མཆི། ཕྱག་རྒྱས་བཏབ་སྟེ་བསྐུར་བ་ནི་འདི་ལགས་ཞེས་གསོལ་བ་ལས། བཙན་པོས་རྒྱ་ཕྱེས་ནས་གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་དགོངས་དགོངས་ནས། ཡུ་བུས་ལིག་མི་རྒྱ་ལ་རྒོལ་ཕོད་ན་ནི་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུད་མེད་དང་འདྲ་བས་ཞུ་གྱོན་ཟེར་བ་ལྟ་ཞེས་བཀའ་བསྩལ་ནས། རྗེ་བློན་ཀུན་བློང་བློང་དེ།༼བྲེལ་བ་བྱེད་པའི་དོན།༽ལིག་མི་རྒྱའི་སྲིད་བརླག་གོ །རྒྱལ་པོ་འདིའི་རིང་ལ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱའི་སྲིད་བརླག་སྟེ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ །དེའི་རྗེ་སུ་བཙན་པོ་རྗེས་འབངས་རྣམས་ཀྱིས་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ། བཙན་པོ་ཁྲི་སྲོང་བཙན་གྱིས་མགུར་བླངས་པ།
      ཀྱེ། རྗེ་ཡི་ནི་མཚན་ལ་འདྲི། །ཁྲི་ཡི་ནི་སྲོང་བཙན་ཞིག །བློན་གྱི་ནི་མྱིང་པ་འདི། །སྟོང་བཙན་ནི་ཡུལ་བཟུང་ཞིག །༼ཅེས་པ་ནས།༽ ཡུ་བུ་ནི་རྗེ་དང་བློན། །ཡར་མོ་ནི་ཆུ་ཐུང་གི །མདོ་ནས་ནི་རྩང་དུ་སྲིང་། །ཡར་མོ་ནི་ཞེང་ཆུང་གི །ལྷོ་ནས་ནི་བྱང་དུ་བསྐྱེད། །ཡུ་བུ་ནི་རྗེ་དང་བློན། །རྗེ་ཡིས་ནི་འབངས་མ་བཏང་། །འབངས་ཀྱིས་ནི་རྗེ་མ་བཏང་། །༼སོགས་སོ། །མཚན་ལ་འདྲི་བྱ་བ་ནི། །མཚན་གང་ཞེ་ན་བྱ་བའོ། །ཚིག་ཕྱི་མའི་དོན་ནི། སྔོན་ཡུལ་ཡར་མོ་ཙམ་ལས་མེད་པ་ལ། ད་ནི་རྒྱལ་ཁམས་འདི་ཙམ་དུ་རྒྱ་བསྐྱེད་བྱ་བའི་དོན་ནོ། །༽
      དེའི་ལན་དུ་མགར་གྱིས། དོན་དེ་དང་མཚུངས་པའི་གླུ་བླངས་སོ། །བླ་ན་རྗེ་སྒམ་པས་ཁྲི་སྲོང་བཙན། འོག་ན་བློན་མཛངས་པ་སྟོང་བཙན་ཡུལ་བཟུང་རྗེ། མངའ་ཐང་ཆེན་པོའི་རྐྱེན་དུ། ཇི་དང་ཇིར་ལྡན་ཏེ། ཕྱིའི་ཆབ་སྲིད་ནི་ཕྱོགས་བཞིར་བསྐྱེད། ནང་གི་ཁབ་སོ་ནི་མི་ཉམས་པར་ལྷུན་སྡུག་འབངས་མགོ་ནག་པོ་ཡང་མཐོ་དམན་ནི་སྙམས། དཔྱའ་སྒྱུ་ནི་བསྐྱུངས། དལ་དུ་ནི་མཆིས། སྟོན་དཔྱིད་ནི་བསྐྱལ། མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། ཆོས་བཟང་སྲིད་མཐོ་སྟེ། མི་ཡོངས་ཀྱིས་སྐྱིད་དོ། །བོད་ལ་སྔ་ན་ཡི་གེ་མེད་པ་ལ། བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་ཁྲིམས་ཆེན་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པའི་བྱ་དགའ། ཉེས་པའི་ཆད་པ། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ བྲེ་ཕུལ་དང་སྲང་ལ་སོགས་པ། བོད་ཀྱི་ཆོས་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལ་བྱུང་ངོ་། །མི་ཡོངས་ཀྱིས་བཀའ་དྲིན་ཚོར་བས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ། །༼ཞེསཔའོ། །༽༼དཀྱུས༽དེ་ལྟར་བྱུང་བ་ཆེན་པོའི་མཛད་སྒོ་རེའི་སྐབས་སུ་རྗེ་བློན་རྣམས་མགུར་རེ་བཞེངས་པའི་ལུགས་སྲོལ་ཡོད་པ་འདི་ལ་བསམ་ན། རྗེའི་མགུར་ལྷ་བྱ་བ་སོགས་ཀྱང་། བཙན་པོའི་མགུར་བཞེས་པ་ལ་མཐུན་འགྱུར་མཛད་པའི་ལྷ་དག་ལ་ཟེར་རམ་སྙམ། དེས་ན་གོང་གི་འདི་ནི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་དུམ་བུ་ཞིག་ཏུ་སྣང་ལ། ལར་རྒྱལ་པོ་འདིའི་ཕྱག་རྗེས་གཙོ་བོ་གསུམ་ནི། བོད་ཀྱི་ཡུལ་གྲུ་རྒྱལ་ཁབ་ཆེན་པོའི་ས་ཁྱོན་དུ་བསྐྱེད་པ་དང་། སྔོན་ཆད་མེད་པའི་ཡི་གེའི་སྲོལ་ཕྱེས་པ་དང་། ཐུབ་པའི་བསྟན་པ་རིན་པོ་ཆེ་ཐོག་མར་སྤེལ་བ་འདི་རྣམས་ཡིན་ནོ། །
      འདིར་བོད་ཡིག་བྱུང་ཚུལ་གྱི་རྒྱལ་རབས་དང་འགྲེལ་བར་ཅུང་ཟད་དཔྱད་ན། དེ་ཡང་རྗེ་བུ་སྟོན་སོགས་ཀྱིས། ནཱ་ག་རའི་ཡི་གེ་ལ་དཔེ་བྱས་ནས་ཐུ་མིས་མཛད་པར་བཞེད།༼རཉྫ་མདོག་ལྡན་བྱ་བ་ཟུར་ཆག་པའི༽ལཉྫ་དང་ཝརྟུ་༼འཁྱིལ་བ༽གཉིས་ལ་དཔེ་མཛད་ནས་དབུ་ཅན་དང་དབུ་མེད་མཛད་དོ་ཞེས་མཁས་པ་གཞན་དག་གིས་གསུངས། བོན་རྣམས་ཀྱི་ལྟར་ན། སྲོང་བཙན་གྱི་གོང་དུ་བོན་ཆོས་དེ་ཙམ་དར་བས་ཡི་གེ་མེད་ཟེར་བ་མི་བདེན་ཞིང་། དེ་ཡང་སྟག་གཟིག་གི་སྤུངས་ཡིག་བྱ་བ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨན་བྲག་ཏུ་འགྱུར། དེ་རིམ་གྱིས་དབུ་ཅན་དང་འབྲུ་མར་འགྱུར་སོགས་ཟེར། གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་རྒྱུད་དག་གིས་སྲིད་སྐྱོང་པའི་སྐབས་སུ་བྱོན་པ་ཡིན་ཞིང་། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧཪྵ་དང་། ཀུ་མ་ར་གུབྟ་༼གཞོན་ནུ་སྦས་པ་དང་།༽སུརྱ་ཝརྨན་༼ཉི་མའི་གོ་ཆ།༽སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང་། ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར། ཡིག་འབྲུ་ཕལ་ཆེར་མ་བསླབ་ཀྱང་ཐོར་རེ་བ་ཞིག་ཀློགས་ཐུབ་པར་འདུག  དཔེ་མཚོན་ཙམ་བཀོད་ན། གཞོན་ནུ་སྦས་པའི་ཟངས་ཀྱི་གླེགས་བུ་ལ་འདི་ལྟར་སྣང་།
      ལྷ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ཟླ་བ་སྦས་པའི་རྣམ་པར་རྒྱལ་བའི་རྒྱལ་སྲིད་ཀྱི་ལོ་བཅུ་བའི་སྨིན་དྲུག་གི་ཟླ་བ་ལ། དེས་ན་བོད་ཡིག་གང་ལ་དཔེར་བཅད་པའི་ཕྱི་མོ་དེ་ཡང་གུཔྟའི་ཡི་གེ་འདི་ཡིན་ནམ་སྙམ། དེར་མ་ཟད་རྙིང་མའི་གཏེར་ཡིག་གི་གྲས་ཀྱི་བརྡ་ཡིག་དེ་དག་ཀྱང་གུཔྟའི་ཡི་གེ་ལ་ཤིན་ཏུ་འདྲ་བ་མང་། གཞན་ཡང་ཞིབ་ཏུ་བརྟག་ཚེ། དབུ་ཅན་དབུ་མེད་གཉིས་ཀྱང་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ལྟར་མངོན་ཏེ། སྔོན་གྱི་ཡིག་རྙིང་མང་པོ་དང་། ད་ལྟ་ཡང་འབྲུག་ཡུལ་ན་དར་སྲོལ་ཆེ་བའི་ལྷོ་ཡིག་ཏུ་གྲགས་པའི་གཟུགས་རྣམས་ལ་བལྟས་ན། དབུ་ཅན་དབུ་མེད་དུ་འགྱུར་ཚུལ་མངོན་སུམ་དུ་མཐོང་བ་ལྟར་འདུག་སྟེ། དཔེར་ན།
      འདི་འདྲར་འདུག་ཅིང་། ཡི་གེ་གཞན་རྣམས་ནི་འགྱུར་ཚུལ་གོ་སླ། དེ་ཡང་སྔ་མོའི་ཡི་གེ་ཕལ་ཆེར་ལ། རྩེགས་མ་རྣམས་སྟེང་འོག་ཐད་ཀར་མེད་ཅིང་། ཅུང་ཟད་སྔ་ཕྱིའི་ཚུལ་དུ་ཡོད་པ་རྒྱ་གར་གྱི་ཡི་གེ་བཞིན་དུ་སྣང་ཞིང་། དབུ་མེད་ལ་ནི་ད་དུང་ཡངསོགས་ས༵་དང་ར༵་གཉིས་མདུན་དུ་བྲི་སྲོལ་ཡོད་པ་དེ་ཡིན་ལ། དེའི་ཕྱིར་ས༵་དང་པ༵་གཉིས་མཉམ་དུ་སྦྲེལ་བ་ལས། དབུ་མེད་ཀྱི་སྤ༵་ཡིག་ཡ༵་ཡིག་འདྲ་བ་ཞིག་བྱུང་དོན་ཡང་དེར་འདུག་ཅིང་། དོན་ལ  ཡིག་འདིའི་ཕྱེད་སྔ་མཡིག་དང་ཕྱེད་ཕྱི་མཡིག་ཏུ་སྣང་།
      གཞན་ཡང་ཡིག་མགོའི་དང་ཀྱོག་འདི་ཡང་ཨོཾ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་ཤེས་ཏེ། རྒྱ་དཔེ་རྣམས་ཀྱི་ལྡེབ་དང་པོ་ལ་ཨོཾ་ཡིག་རེ་བྲི་སྲོལ་འདུག་ཅིང་། རྒྱ་ཡིག་གི་ཨོཾ་གྱི་གཟུགས་ནི་ད་ལྟའི་བར འདི་འདྲར་སྣང་ལ། རང་རེའི་དཔེ་རྙིང་འགའ་རེའི་དབུ་ལ་ཡང་དང་ཀྱོག འདི་འདྲ་འདུག   རྙིང་མའི་གཏེར་ཆོས་དག་གི་དབུ་ལ འདི་བྱུང་བ་དེ་ཡང་ཨོཾ་དུ་འདུག་སྙམ། གཏེར་ཚེག་བྱ་བ་དེ་ལ་ཡང་། འབྲི་གུང་དཔལ་འཛིན་གྱིས། སྒྲ་མདོ་དང་འགལ་ཞེས་དགག་པ་མཛད་མོད། དེ་སྒྲ་མདོའི་རྣམ་བཅད་དུ་མི་འདུག་གི་བོད་ཡིག་རྙིང་པ་རིགས་ལ་རྐང་པའི་མཐར་ཚེག་དྲག་གཉིས་རེ་དང་། འགའ་རེ་ལ་ཚིག་རེ་རེ་བཞིན་ཚེག་དྲག་གཉིས་རེའི་བར་དུ་བཙུད་པ་སོགས་ལྷ་སའི་རྡོ་རིང་ལ་ཡང་འདུག་པས། དོན་ལ་བོད་ཡིག་རྙིང་པའི་སྲོལ་དུ་སྣང་ལ། ཚེག་སྟེང་འོག་གཉིས་མཉམ་དུ་སྦྲེལ་བ་ལས་དབུ་མེད་ཀྱི་བར་ཚེག་ནར་མོ་དེ་བྱུང་བར་འདུག དེས་ན་བོད་ཡིག་གི་སྲོལ་གསར་དུ་ཕྱེས་ནས་བཟུང་། ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་བར་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད། རྒྱ་གར་ན་ལོ་ཆིག་སྟོང་གི་སྔོན་གྱི་གུཔྟའི་ཡི་གེ་དང་། དིང་སང་གི་ཡི་གེ་གཉིས་ཤིན་ཏུ་མི་འདྲ་བར་འགྱུར་ནས་སྣང་། ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་གྱུར་ཅིང་། དིང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་མགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱང་ཀྱིས་རྟོགས་ཤིང་གོ་ཐུབ་པ་ཡིན།
      དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
      དེ་ལྟར་བོད་ཀྱི་ཡི་གེ་ནི་གུཔྟའི་ཡི་གེ་ལ་དཔེ་བཅད་ནས། ཐུ་མིས་གསར་བཟོ་མཛད་པར་སྣང་ལ། ལར་ཆོས་དང་འབྲེལ་བའི་བོད་ཀྱི་སྲོལ་ལུགས་གང་ཡིན་དག་ལ། རྒྱ་གར་ན་དེ་དང་དེའི་ཐོག་མའི་ཕྱི་མོ་འདི་ཡིན་ནོ་སྙམ་པ་རེ་རྙེད་རྒྱུ་ཡོད་ཅིང་། དཔེར་ན་ལྷ་སའི་གཙུག་ལག་ཁང་བཞེངས་ཚེ་ཡང་། ཟུར་བཞི་གཡུང་དྲུང་གི་རིས་དང་། ཀྭ་བ་རྣམས་ཕུར་བུའི་དབྱིབས་སུ་མཛད་ཅེས་གྲགས་པ་ལྟར་ཡིན་ལ། རྒྱ་གར་ན་སྔོན་གྱི་དགོན་གནས་ཞིག་རལ་དུ་སོང་བ་དག་མཇལ་བའི་ཚེ་ཡང་། ཟུར་བཞི་གཡུང་དྲུང་གི་རིས་དང་ཀྭ་བ་ཕུར་བུའི་དབྱིབས་སུ་བྱས་པ་སོགས་རྒྱན་དང་བཀོད་པ་ཐམས་ཅད་འདྲ་བར་མ་ཟད། ཐ་ན་ཀྭ་བ་དེ་དག་གི་ཆེ་ཆུང་གི་ཚད་ཀྱང་། རང་རེའི་ཇོ་ཁང་གི་ཀ་བ་འདི་རྣམས་དང་ཕན་ཚུན་གཅིག་གི་ཤུལ་དུ་གཅིག་འཛུགས་ནུས་པ་ཙམ་དུ་འདྲ་བར་སྣང་། དེས་ན་ལྷ་སའི་གཙུག་ལག་ཁང་འདི་ཡང་བི་ཀྲ་མ་ཤི་ལའི་ལྷ་ཁང་ལ་དཔེ་བྱས་ནས་བཞེངས་སོ་ཞེས། དཔའ་བོ་གཙུག་ཕྲེང་སོགས་ཀྱིས་གསུངས་པ་དེ་བདེན་པར་སེམས། མདོར་ན་ཆོས་ཀྱི་རྒྱལ་པོ་ཆེན་པོ་འདིས་ནི།ཚེ་གཅི༵ག་ཡུན་ལ་ཕན་པའི་མི་ཆོས་དང་། །དོན་གཉི༵ས་འབྲས་བུ་སྩོལ་བའི་ལྷ་ཆོས་ཏེ། །དུས་གསུ༵མ་ཀུན་ཏུ་བདེ་དགའི་དཔལ་སྦྱིན་པའི། །སྡེ་བཞི༵འི་ནོར་གྱིས་བོད་ཁམས་ཕྱུག་པར་མཛད། །ཅེས་ཀྱང་སྨྲའོ། །
      ༼ཤོག་དྲིལ༽༼ང༽བོད་ཀྱི་བཙན་པོའི་མཚན་ལ་༼ཡོན་བཙན༽སྲོང་བཙན་ཞེས་ཟེར། ལྷ་བྱ་བར་ཡང་འབོད། བཙན་པོ་དེ་མཁྱེན་རྒྱ་ཆེ་ཞིང་། སྐུ་རྩལ་ཆེ། སྐབས་འགར་རྟ་ལ་བཅིབ་སྟེ། གཡག་རྒོད་དང་རྐྱང་སོགས་ལ་རྔོན་བྱེད་དུ་ཡང་གཤེགས། རྒྱལ་ཁམས་མང་པོ་ཆབ་འོག་ཏུ་བཅུག གོང་མ་ཐེ་ཙུང་གི་དུས། ཅེང་ཀྭན་གྱི་ལོ་བརྒྱད་པ་༼སངས་རྒྱས་འདས་ནས་ལོ་ཆིག་སྟོང་བརྒྱ་དང་བདུན་ཅུ་དོན་བརྒྱད༽ལ་བོད་ཀྱི་ཕོ་ཉའི་ཐོག་མ་གོང་མའི་ཕོ་བྲང་དུ་སླེབས། གོང་ནས་ཀྱང་བཙན་པོའི་མདུན་དུ་གསེར་ཡིག་པ་ཞིག་བཏང་། དེ་ནས་གོང་མའི་སྲས་མོ་ཞིག་གྲུ་གུའི་རྒྱལ་པོ་ལ་བག་མར་གནང་བ་སྲོང་བཙན་གྱིས་གསན་ཏེ། ཕོ་ཉ་ཞིག་སྐྱེས་དང་བཅས་བཏང་ནས། སྲས་མོ་བག་མར་བསླང་བ་གོང་མས་མ་གནང་། དེ་ལ་སྲོང་བཙན་ཐུགས་ཁྲོས་ནས་བོད་དམག་དྲངས་ཏེ། གྲུ་གུའི་ཡུལ་བཅོམ་པར། གྲུ་གུ་རྣམས་བྲོས་ནས་མཚོ་སྔོན་བྱང་ཕྱོགས་སུ་ས་སྤོས། གྲུ་གུའི་ནོར་ཕྱུགས་དང་། ཡོ་བྱད་ཐམས་ཅད་བོད་ཀྱི་ལག་ཏུ་ཤོར། དེའི་རྗེས་སུ་དང་སྱང་དང་བ༵་ཡི༵་ལང་དང་། འཇང་རིགས་རྣམས་ཀྱང་བོད་ཀྱི་ཆབ་འོག་ཏུ་ཤོར། དེ་ནས་བོད་ཀྱི་བཙན་པོས་དམག་འབུམ་ཕྲག་གཉིས་འཁྲིད་དེ་རྒྱ་ནག་ཏུ་སླེབས། རྒྱའི་ཞིང་ཆེན་ཟོང་ཅོ་བཅོམ། དེའི་འོག་ཏུ་གོང་མ་ལ་ཕོ་ཉ་ཞིག་གི་ལག་ཏུ་ཡི་གེ་བསྲིང་ཞིང་། གསེར་གྱི་ཁྲབ་ཅིག་ཀྱང་སྐྱེས་སུ་ཕུལ་བས། གལ་ཏེ་སྲས་མོ་མི་སྟེར་ན་དམག་བྱེད་པ་ཡིན་ཟེར། གོང་མས་མ་གསན་པར། རྒྱའི་དམག་དཔོན་ཧ༵ན་བེ༵་བྱ་བ་དམག་ཉུང་ཙམ་འཁྲིད་ནས་བོད་ལ་འཐབ་ཏུ་བཏང་བས། བོད་རྣམས་ཀྱིས་ཁོ་ཕམ་པར་བྱས། དེ་ཙ་ན་རྒྱའི་འབངས་སུ་ཡོད་པའི་འཇང་རིགས་རྣམས་རྒྱ་ལ་ངོ་ལོག་སྟེ། བོད་ཀྱི་ཁོངས་སུ་འདྲེས། གོང་མས་དམག་དཔོན་ནི༵འུ་ཅི༵་ད་བྱ་བ་ལ་བཀའ་ཕབ་སྟེ། དམག་ལྔ་ཁྲི་དང་བཅས་བོད་ཀྱི་སྟེང་དུ་བཏང་། རྒྱ་དམག་རྣམས་མཚན་གཅིག་ལ། ཟོང་ཅོ་ན་ཡོད་པའི་བོད་ཀྱི་དམག་སྒར་སྟེང་དུ་རྒྱུགས་ཏེ། བོད་མི་སྟོང་ཕྲག་གཅིག་ཙམ་བསད་པས། བོད་རྣམས་འཇིགས་ནས་ཕྱིར་བྲོས། སླར་ཡང་རྒྱ་ནག་ཏུ་ཕོ་ཉ་བཏང་སྟེ་བཟོད་གསོལ་བྱས་ཤིང་སྲས་མོ་སློང་བར་གོང་མས་ཀྱང་གནང་། དེ་དུས་སྲོང་བཙན་གྱིས། བློན་ཆེན་རུ་སྟོང་བཙན་ལ་གསེར་ཕྱེ་བྲེ་ལྔ་སྟོང་དང་། རིན་པོ་ཆེ་རྒྱན་སྣ་ཚོགས་སྐྱེས་སུ་བསྐུར་བས་གོང་མ་ཡང་མཉེས་ཏེ། སྟོང་བཙན་རང་ལ་ཡང་། རྒྱའི་སྲས་མོ་ཞིག་ཆུང་མར་བསྩལ་པར། ཁོ་ན་རེ། ང་ལ་རང་ཡུལ་ན་ཆུང་མ་ཡོད་པས་དེ་དང་ཁ་འབྲལ་དུ་ཡང་མི་རུང་། ལར་ངེད་ཀྱི་བཙན་པོས་བཙུན་མོ་མ་བསུས་པའི་སྔོན་དུ་ངས་ཆུང་མ་ལེན་པ་ཡང་མི་རུང་ཞེས་བུ་མོ་ལེན་དུ་མ་འདོད་པས། གོང་མ་ཡང་ལྷག་པར་ཐུགས་མཉེས། ཅེང་ཀྭན་གྱི་ལོ་༼འདས་རྗེས་ཀྱི་ལོ་ཆིག་སྟོང་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ལ༽གོང་མས་འུན་ཅང་ཀོང་ཇོ་བོད་དུ་བརྫངས། རྒྱ་དཔོན་ལི་ཏ་ཙོང་བྱ་བས་བསྐྱལ། ས་མཚམས་སུ་སླེབས་ཚེ། སྲོང་བཙན་རང་ཉིད་དམག་དང་བཅས་པས་བསུ་བ་བྱས། པོ་ཧེ་བྱ་བའི་སར་དམག་སྒར་བཏབ། རྒྱ་དཔོན་རྣམས་དར་ཟབ་ཀྱི་གོས་བཀྲག་མདངས་ཅན་གྱོན་པ་མཐོང་ནས། བོད་རྣམས་ཆས་ངན་པས་ངོ་ཚ་བ་བྱུང་། སྲོང་བཙན་བར་དུ་བོད་ཀྱི་བཙན་པོ་སུས་ཀྱང་གོང་མའི་སྲས་མོ་ཆུང་མར་བླངས་པ་མེད། དེའི་རྒྱུ་མཚན་གྱིས་བཙན་པོ་རང་ཡུལ་དུ་སླེབས་ནས། སྲས་མོའི་ཆེད་དུ་ཕོ་བྲང་དང་གྲོང་ལ་སོགས་པ་ཡང་རྩིགས། གོང་མའི་སྲས་མོ་བོད་ཀྱི་མི་ཆེན་རྣམས་ཀྱི་གདོང་ལ་ཚོན་དམར་པོ་བྱུགས་པའི་སྲོལ་དེ་ལ་མ་དགའ་ནས། སྲོང་བཙན་གྱིས་ཀྱང་སྲོལ་དེ་ཕྱིན་ཆད་བྱེད་མི་ཆོག་པར་མཛད། བཙན་པོ་རང་ཉིད་ཀྱང་དར་ཟབ་ཀྱི་གོས་གྱོན། མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་ཡོན་ཏན་སློབ་ཏུ་བཏང་། གོང་མ་ལ་ཞུས་ངོར་རྒྱ་མི་ཡི་གེ་མཁས་པ་འགའ་ཙམ་བོད་དུ་མངགས། གོང་མ་ཀོའུ་ལིའི་ཡུལ་༼ཉེ་དུས་བར་རི་པིན་གྱི་འོག་ཏུ་ཡོད་པ་དེ༽ནས་སླར་བྱོན་ཚེ། བོད་ཀྱི་བཙན་པོས་བློན་ཆེན་སྟོང་བཙན་རྒྱ་ཡུལ་དུ་བརྫངས་ཏེ་ཡི་གེ་ཕུལ་བར།
      གོང་མ་ཁྱེད་ཕྱོགས་ལས་རྣམ་པར་རྒྱལ་ཏེ། ཉི་ཟླའི་འོག་ན་གང་ཡོད་རང་དབང་དུ་འདུས་ཀྱང་། ཀོ་ལི་རྣམས་ཡུལ་ཐག་རིང་སྟབས་བཀའ་ལ་མ་བརྩིས། དེར་གནམ་གྱི་སྲས་རང་ཉིད་དཔུང་དང་བཅས་པར་བསྐྱོད་དེ་ཆུ་ཆེན་ལེ༵་བོ༵་བར་དུ་ཕེབས་ཤིང་། གྲོང་ཁྱེར་དང་དམག་རྣམས་ཆམས་ལ་ཕབ་སྟེ། རྒྱལ་ཁ་དང་བཅས་ཕྱིར་བྱོན་པར་ཐོས། ཁྱིམ་གྱི་ངང་བ་ནི། རིའི་ངང་བ་ལྟ་བུའི་གཤོག་རྩལ་མི་ལྡན་ཡང་། ངང་བའི་རིགས་སུ་མཐུན་པས་ན། འདིར་གསེར་གྱི་ངང་བ་ཞིག་སྐྱེས་སུ་ཕུལ་བ་ལགས། བྱ་བའོ། །༼ཚལ་པའི་དེབ་དམར་དུ་དྲངས་པར། གསེར་བྱ་ཆག་ཤིང་བདུན་གྱི་ཚད། ནང་དུ་ཆང་གིས་གང་བ་ཞེས་བྲིས།༽
      རྒྱ་གར་གྱི་རྒྱལ་པོ་ཧཪྵ་གསོན་པའི་སྐབས་བྲམ་ཟེ་ཞིག་རྒྱའི་གོང་མ་ལ་སྐྱེས་འབུལ་དུ་བརྫངས།༼ཧཪྵ་འདི་བསྟན་འགྱུར་ན་བཞུགས་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་རྩོམ་པ་པོ་དེ་ཡིན་ཞིང་། རྒྱལ་པོ་འདིའི་རྟོགས་བརྗོད་ཚིགས་བཅད་མ་ལེགས་སྦྱར་སྐད་དུ་བྲིས་པ། སློབ་དཔོན་པྭན་བྷཪྚ་ནགས་ཀྱི་དཔའ་བོས་མཛད་ཟེར་བ་ཞིག་ཀྱང་རྒྱ་གར་ན་སྣང་།༽  ཅེང་ཀྭན་གྱི་ལོ་ཉེར་གཉིས་པ ༡༡༩༢ ལ། གོང་ནས་གསེར་ཡིག་པ་ཝང་ཧེན་ཙེ་བྱ་བ་རྟ་པ་སུམ་ཅུ་དང་བཅས་རྒྱ་གར་དུ་བཏང་། དེ་དུས་ཧཪྵ་གྲོངས་ཟིན་ཅིང་། རྒྱལ་ཁམས་མི་བདེ་བའི་སྐབས་དང་འཕྲད། ཧཪྵ་ལ་སྲས་མེད་པའི་རྐྱེན་གྱིས། བློན་པོ་ཨརྫུ་ན་༼སྲིད་སྒྲུབ༽བྱ་བ་ཞིག་ཁྲི་ལ་བསྡད་ཅིང་། ནང་པ་རྣམས་ལ་ཤིན་ཏུ་འཚེ་བར་བྱས། རྒྱའི་གསེར་ཡིག་པ་བཅོམ་སྟེ། དངོས་ཆས་རྣམས་འཕྲོག་ཅིང་འཁོར་ཕལ་ཆེར་བསད། ཝང་ཧེན་ཙེ་རང་ཉིད་ཟླ་བོ་འགའ་དང་བཅས་མཚན་ལ་བྲོས་ཏེ། བོད་ཀྱི་ཆབ་འབངས་སུ་ཡོད་པའི་བལ་ཡུལ་དུ་སླེབས་ནས། སྲོང་བཙན་ལ་སྐྱབས་བཙལ་བས། བོད་ཀྱི་བཙན་པོས་བོད་དམག་གོ་ཧྲགས་ཆིག་སྟོང་ཉིས་བརྒྱ་དང་། བལ་དམག་རྟ་པ་བདུན་སྟོང་དང་བཅས་པ་རྒྱ་གར་དུ་བཏང་། གསེར་ཡིག་པ་དང་ལྷན་ཅིག་ཏུ་ཧི་ར་ཧི་ཏ་ལ་སླེབས། ཉིན་གསུམ་ཙམ་ལས་འཐབ་མ་དགོས་པར་རྒྱལ་ས་གཙོ་བོ་བཟུང་། རྒྱ་གར་པ་སུམ་སྟོང་ཙམ་སྐེ་བྲེགས་ཤིང་། སྟོང་གཅིག་ཙམ་ཉེ་འཁོར་ན་ཆུ་ཀླུང་ཡོད་པའི་ནང་དུ་བསྐྱུར། རྒྱལ་པོ་ཨརྫུ་ན་བྲོས་ཏེ་ཤོར་བ་སླར་ཡང་དམག་གསར་པ་དག་ཁྲིད་ནས་འཛིང་དུ་བྱུང་ཡང་། མཐར་བོད་རྣམས་ཀྱིས་ཁོ་ཕམ་སྟེ། གཉེན་ཚན་དང་བཅས་པ་གསོན་པོར་བཟུང་ནས་རྒྱའི་གོང་མའི་དྲུང་དུ་བརྫངས། གོང་མ་ཤིན་ཏུ་མཉེས་ནས། ཐང་ཐེ་ཙུང་གྲོངས་པའི་སྐབས་སུ་ཡང་། བང་སོའི་མདུན་ན་བོད་ཀྱི་བཙན་པོའི་འདྲ་བརྙན་ཞིག་ཀྱང་བྱས་པ་དྲན་ཆེད་དུ་བཞེངས། བོད་རྣམས་ཀྱིས་རྒྱ་གར་པ་བསད་པ་དང་བཟུང་བའི་གྲངས་སྡོམ་པ་ཆིག་ཁྲི་སུམ་སྟོང་ཙམ་ལོངས་པ་བྱུང་། བ་ཕྱུགས་སུམ་ཁྲི་ལས་མང་བ་ཙམ་འཁྱེར། ལྕགས་རི་ཅན་གྱི་གྲོང་ཁྱེར་བརྒྱ་དང་བརྒྱད་ཅུ་ཙམ་བོད་འབངས་སུ་བཅུག དེ་ཐོས་ནས་རྒྱལ་པོ་ཨརྫུ་ནའི་དགྲ་ཟླ་ཀཱ་མ་རཱུ་པའི་རྒྱལ་པོ་ཀུ་མ་ར་ཞེས་བྱ་བ་མགུ་ནས། རྟ་ཕྱུགས་དང་དངོས་ཆས་ཤིན་ཏུ་མང་པོ་བོད་ལ་བརྫངས།
      ཡོའུ་ཧེའི་ལོ་དང་པོ ༡༡༩༣ལ། གོང་ནས་སྲོང་བཙན་ལ་མག་པའི་ཆོ་ལོ་དང་། དེ་ནས་མཚོ་སྔོན་གྱི་རྒྱལ་པོའི་གོ་ས་ཕུལ།༼ཡུལ་གཞན་གྱི་རྒྱལ་པོ་རྣམས་ལ་རྒྱའི་ཆོ་ལོ་ཕུལ་ནས། རིམ་གྱིས་དབང་དུ་འཇུག་པ་འདི་གནའ་དུས་ཀྱི་རྒྱའི་སྲིད་ཐབས་ཡིན་པར་གྲགས།༽
      དེ་དུས་སྲོང་བཙན་གྱིས། རྒྱ་དཔོན་ཆ༵ན་སུ༵ན་བརྒྱུད་ནས་གོང་དུ་ཡི་གེ་བཏང་བར། གནམ་གྱི་སྲས་ཁྲི་ལ་གསར་དུ་བཞུགས་པ་ལགས། གལ་ཏེ་གོང་མའི་ཆབ་འབངས་ངོ་ལོག་པ་བྱུང་ན། ཁོ་བོས་དམག་དྲངས་ཏེ་གྲོགས་ཏན་བྱས་པས་ཆོག འདིར་གསེར་གྱི་ཡོ་བྱད་རྣམ་གྲངས་བཅོ་ལྔ་གོང་མའི་མདུན་དུ་ཕུལ། བྱ་བའོ། །དེའི་རྗེས་སུ་གོང་མ་གསར་པས་བཙན་པོ་ལ་རྒྱལ་པོའི་ཆོ་ལོ་ཕུལ་ཞིང་། རྒྱ་ལུགས་ཀྱི་སྟོན་ཆེན་བཏེགས། བོད་ཀྱི་ཞུས་ངོར། དར་གྱི་འབུ་དང་། ཤེལ་དང་། ཆང་དང་། རང་འཐག་བཟོ་མི་རྣམས་བོད་ལ་བཏང་།
      ཆི་ཀོའུའི་ལོ་དང་པོ་༡༡༩༤ལ། སྲོང་བཙན་སྐུ་འདས། གོང་མའི་ཕོ་ཉ་བོད་དུ་སེམས་གསོ་ལ་བཏང་ཞིང་། གདུང་ལ་མཆོད་འབུལ་བྱས། སྲོང་བཙན་ལ་སྲས་མེད་པས། ཚ་བོ་ཞིག་ཁྲི་ལ་འཁོད། དེ་ན་ཆུང་སྟབས་རྒྱལ་སྲིད་ཀྱི་བྱ་བ་རྣམས་མགར་སྟོང་བཙན་གྱིས་བསྐྱངས་སོ། ། ༼ཞེས་པའོ། །༽
      ༼དཀྱུས༽དེ་ལ་ཚ་བོ་འདི་སྲས་མང་སྲོང་མང་བཙན་སྔར་ནས་གྲོངས་པ་དེའི་སྲས་ཡིན་ཅེས་རྒྱལ་རབས་ཡོངས་གྲགས་རྣམས་སུ་བྱུང་། སྤྱིར་སྲོང་བཙན་ལ་སྐུའི་གཉེན་ཚན་དུ་གྱུར་པ་ནི། སྐུ་སྲིང་སརྦ་མ་ཀར་བྱ་བ་དང་། ཡང་ཤོག་དྲིལ་ཀ་པའི་དབུ་ཤོག་རལ་བ་དེའི་ཐད་ན། སྲོང་བཙན་གྱི་གཅུང་བཙན་སྲོང་དང་སྐུ་མཆེད་གཉིས་མ་འཆམ་པའི་མཐར། བཙན་སྲོང་གཉལ་གྱི་ཡུལ་དུ་བཞུགས་སུ་བཅུག་ཅེས་བྲིས་འདུག་པས། གཅུང་བཙན་སྲོང་བྱ་བ་ཞིག་ཀྱང་འདུག་པ། དེ་དག་གི་ལོ་རྒྱུས་ཀྱང་རྩད་བཅད་པར་བྱའོ། །དེ་ལྟར་ཀོང་ཇོ་བྱོན་པའི་ལོ་དང་། སྲོང་བཙན་འདས་པའི་ལོ་གཉིས་ནི་རིམ་པ་བཞིན། ལྕགས་གླང་དང་ལྕགས་ཁྱི་ཡིན་པར་ལོ་རྒྱུས་ཐམས་ཅད་ཁ་མཐུན་ཞིང་། གོང་འོག་གི་རྒྱལ་རབས་འདི་གཉིས་ཀྱང་མཐུན་པས། དོགས་དཔྱོད་ཅི་ཡང་མ་དགོས། འོན་ཀྱང་འཁྲུངས་པའི་ལོ་ནི་གླང་ཡིན་པར་ལོ་རྒྱུས་མང་པོར་བཤད་ཀྱང་། གླང་དེའི་དབང་ཐང་དང་། དེ་ལོ་སྐོར་གང་གི་ཡིན་པ་ལ་མཁས་པ་རྣམས་མི་མཐུན། ལྔ་པ་ཆེན་པོ་དང་འགོས་ནི་ས་གླང་དུ་བཞེད། བུ་སྟོན་སོགས་ཀྱིས་མེ་གླང་དུ་གསུངས། ལྷག་པར་འགོས་ཀྱིས་གླང་དེ་དྲུག་ཅུ་སྐོར་སྔ་མའི་ས་གླང་དུ་བྱས་ནས། སྲོང་བཙན་དགུང་ལོ་བརྒྱད་ཅུ་རྩ་གཉིས་བཞུགས་པར་གསུངས། སྤྱིར་བོད་ཀྱི་ལོ་རྒྱུས་རྙིང་པའི་རིགས་ལ། གླང་སྟག་སོགས་ཀྱི་ལོ་ཙམ་ལས། ལོ་ཁམས་བཤད་པ་ཡེ་མེད་པས། རབ་བྱུང་དང་པོ་ཡན་ཆད་ཀྱི་ལོ་ཚིགས་རྣམས་གཏན་ལ་འབེབས་ཚེ། ལོ་རྒྱུས་ཤིན་ཏུ་མང་པོ་བསྡུར་ནས་དཔྱད་དགོས་པས། ཡང་དག་པར་ནི་འགོས་ལོ་ལྟ་བུའི་མཁས་པ་མ་གཏོགས་སུས་ཀྱང་མི་ནུས། འོན་ཀྱང་འགོས་ཀྱི་བཞེད་པ་ལ་ཡང་རྣམ་པ་ཀུན་ཏུ་ལོང་བས་གླང་མཇུག་གི་ཚུལ་དུ་བྱས་ན་མི་རུང་བ་ཡང་རེ་གཉིས་ཡོད་དམ་སྙམ། དེས་ན་འགོས་ཀྱི་བཞེད་པ་གསལ་བར་བཤད་ན་འདི་ཡིན་ཏེ། དེ་ཡང་ཀོའུ་ཙུང་གིས་ས་སྟག་ལ་ཁྲི་བཟུང་དུས་སྲོང་བཙན་དགུང་ལོ་ལྔ་བཅུ་ལ་ཕེབས། ཀོའུ་ཙུང་ལོ་དགུ་བསྡད། དེ་ནས་ཐེ་ཙུང་ཁྲི་ལ་འཁོད་དུས་སྲོང་བཙན་ང་དགུ་ལ་ཕེབས། ཐེ་ཙུང་གི་ལོ་དགུ་པ་ནས་རྒྱ་བོད་ཀྱི་འབྲེལ་བྱུང་། དེ་ནས་ལྕགས་གླང་ལ་ཀོང་ཇོ་བག་མར་བརྫངས། དེ་དུས་སྲོང་བཙན་དོན་གཉིས་ལ་ཕེབས། དེ་ནས་ད་དུང་ལོ་དྲུག་འགོར་བ་བདེན་ན། སྲོང་བཙན་དོན་དགུ་ལ་ཕེབས་ཚེ་ཀོང་ཇོ་དང་བཤོས། བཙན་པོ་གྲོངས་ནས་ཀོང་ཇོ་བོད་དུ་ལོ་སོ་གཅིག་བཞུགས་པ་བསྡོམས་པས་ཀོང་ཇོ་བོད་དུ་ལོ་ཞེ་གཉིས་བཞུགས་པ་སོགས་ཡིན་ཏེ། དེབ་སྔོན་རང་ལ་ཞིབ་ཏུ་གཟིགས་པར་འཚལ། དེ་ལ་སྲོང་བཙན་འདས་པའི་ལོ་ནི་འགོས་རང་ཉིད་ཀྱང་རྒྱའི་ལོ་རྒྱུས་ལ་བརྟེན་པར་གསལ་མོད། འཁྲུངས་ལོ་དེ་རྒྱུ་མཚན་ཅི་འདྲ་ཞིག་ལ་བརྟེན་པ་ནམ་ཡང་གསལ་བར་མ་གསུངས། ཡོངས་སུ་གྲགས་པའི་ལོ་རྒྱུས་རྣམས་ན། སྲོང་བཙན་དགུང་ལོ་བཅུ་གསུམ་པར་ཁྲི་ལ་བཞུགས་ནས་རྒྱ་བཟའ་བསུ་བའི་གྲོས་མཛད་ཅེས་བཤད་པ་འདི་བདེན་ན། འགོས་ཀྱི་བཞེད་པའི་ལྕགས་གླང་དེའི་སྐབས། ཀོང་ཇོ་བགྲེས་མོ་ལོ་དྲུག་ཅུ་ལྷག་བཞེས་པ་ཞིག་བག་མར་འབྱོན་དགོས། དེས་ན་འགོས་ཀྱིས་གདོན་མི་ཟ་བར་ལོ་དྲུག་ཅུ་སྐོར་སྔ་མའི་ས་གླང་དང་། ཕྱི་མའི་ས་གླང་ནོར་བར་ཟད་དེ། རྩ་བ་འདི་ནས་ནོར་བའི་དབང་གིས། དར་མས་ཆོས་སྣུབས་པའི་ལྕགས་བྱ་ནས་ལོ་དུ་སོང་བརྩིས་པ་ན་ཡང་། རེས་དྲུག་ཅུ་སྐོར་གཅིག་ལྷག རེས་དྲུག་ཅུ་སྐོར་གཅིག་ཆད་པ་གཉིས་དེབ་སྔོན་གྱི་མགོ་མཇུག་ཀུན་ཏུ་ཡོད་པ། ཞིབ་ཏུ་རྩིས་དང་ཤེས། སྤྱིར་སྲོང་བཙན་བརྒྱད་ཅུ་ལྷག་བཞུགས་ཟེར་མཁན་རྣམས་ཀྱིས། རྒྱལ་པོ་དགུང་ལོ་དོན་དགུའི་སྐབས་རྒྱ་བཟའ་བག་མར་བཞེས་སོ་བྱ་བ་འདི་འཛུམ་བག་ཅུང་ཟད་དང་བཅས་ཁས་ལེན་དགོས་པ་བཟློག་ཏུ་མེད་ལ། ཁོང་རྣམས་བརྒྱད་ཅུ་བཞུགས་ཟེར་བ་དེ་ཡང་། དོན་ལ་རྒྱུད་ཀྱི་ལུང་བསྟན་ཞིག་ལ་བརྟེན་པ་ཙམ་ཡིན་ལ། རྒྱུད་ཚིག་དེའི་དོན་ཡང་ཆེས་གཞན་ཞིག་ཡིན་མོད་ཀྱི། སྐབས་སུ་མ་བབས་པས་འདིར་མ་སྤྲོས་སོ། །
      དེས་ན་ཀུན་མཁྱེན་བུའི་བཞེད་པ་བཞིན་བྱས་ཏེ། སྲོང་བཙན་མེ་གླང་ལ་འཁྲུངས་། ས་གླང་དེ་ཁྲི་ལ་ཕེབས་པའི་ལོར་བྱས། ལྷག་མའི་ལོ་ཚིགས་རྣམས་རྒྱའི་ལོ་རྒྱུས་སོར་བཞག་བྱས་ནས། དེ་ཐམས་ཅད་དྲུག་ཅུ་སྐོར་གཅིག་གི་ནང་དུ་རྐྱང་རྩིས་སུ་བྱས་ན་རྒྱུ་མཚན་ཤིན་ཏུ་ཆེ་སྙམ་ཞིང་། དེ་ལྟར་བྱས་ཚེ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་བརྒྱ་དང་རེ་གཅིག་པའི་མེ་གླང་ལ་སྲོང་བཙན་འཁྲུངས། རང་ལོ་བཅུ་གསུམ་བཞེས་ཚེ་ཁྲི་ལ་ཕེབས། བཅོ་བརྒྱད་བཞེས་ཚེ་རྒྱ་བོད་ཀྱི་འབྲེལ་ཐོག་མར་བྱུང་། ཉེར་ལྔ་བཞེས་ཚེ་ཀོང་ཇོ་བག་མར་བྱིན། དེས་ན་དེབ་སྔོན་དུ་བོད་རྣམས་ལོ་ངོ་བརྒྱད་ཙམ་དུ་རྒྱ་ལ་འཐབ་མོ་བྱས་གསུངས་པ་ཡང་། སྲོང་བཙན་གྱི་བཅོ་བརྒྱད་ནས། ཉེར་ལྔའི་བར་གྱི་ལོ་འདི་རྣམས་ཡིན་པར་སེམས། དེ་ནས་རང་ལོ་སོ་བཞི་པ་ལྕགས་ཁྱི་ལ་གྲོངས། དེའི་ཤུལ་དུ་ཀོང་ཇོ་ལོ་སོ་གཅིག་བཞུགས་ནས། འདུས་སྲོང་མང་པོ་རྗེའི་ཁྲི་ལོ་བཞི་པ་ལྕགས་འབྲུག་ལ་འདས། དེས་ན་འོག་ཏུ་བཀོད་པའི་རྒྱལ་རབས༼ཀ༽ པ་ལས། མང་སྲོང་གི་ཁྲི་ལོ་ཉེར་དྲུག་ཚར་ནས། རྒྱལ་པོ་འདུས་སྲོང་གི་ཁྲི་ལོ་བདུན་གྱི་བར་དུ་བརྩིས་པའི་ལུག་གི་ལོ་ལ། བཙན་མོ་མུན་ཅང་ཀོང་ཇོའི་མདངས་བཏང་། ཞེས་བྲིས་པ་ཡང་ཀོང་ཇོ་གྲོངས་ནས་ལོ་གསུམ་ན་མདང་མཆོད་བཏང་བར་འདུག འདི་ལྟར་བྱས་ཚེ་བོན་གྱི་བྱམས་མ་བྱ་བའི་ལོ་རྒྱུས་སུ་ཡང་། སྲོང་བཙན་བོན་ལ་སྡང་བས་དགུང་ལོ་ཡང་སོ་དྲུག་ལས་མ་ཐུབ་ཅེས་བྲིས་པ་དེ་ཡང་། གྲོངས་ནས་ལོ་གཉིས་ཙམ་གསང་རྒྱ་བྱས་ཚུལ་རྒྱལ་རབས་ཀ་པར་གསལ་བ་དེ་དང་འགྲིག་འདུག་པས། སྐྱེས་བུ་མང་དུ་སྨྲ་བ་ལ། །བདེན་པའི་དོན་གཅིག་མེད་པ་མིན། །གསུངས་པ་ལྟར་སྣང་ངོ་། །ལར་བརྒྱད་ཅུར་བཞུགས་པ་དང་། སོ་བཞི་ལས་ལྷག་མ་བཞུགས་དང་། ཡབ་ཡུམ་གསུམ་མཉམ་དུ་གྲོངས་པ་དང་ཡང་ཚད་པའི་བསྙུན་གྱིས་རིམ་ཅན་དུ་འདས་པ་དང་། ཀོང་ཇོ་ཤུལ་དུ་ཡུན་རིང་བཞུགས་པ་སོགས་མི་འདྲ་བ་འདི་ཀུན། སྤྲུལ་པའི་རྒྱལ་པོའི་རྣམ་པར་ཐར་པ་གཅིག་ཉིད། བློ་གྲོས་རྩིང་ཞིབ་ཀྱི་གདུལ་བྱ་སོ་སོའི་དོན་མི་འདྲ་བར་སྣང་བ་ཙམ་ཡིན་ལ། རྣམ་པ་གཅིག་ཏུ་ན། རྒྱལ་པོ་ཡུབ་ཡུམ་སྤྲུལ་པའི་སེམས་དཔར་སྙིང་ནས་ཡིད་ཆེས་པ་དག་ལ་ནི། སངས་རྒྱས་ཕར་ཟད། ས་ཐོབ་འཕགས་པ་གཅིག་གིས་ཀྱང་། དུས་གཅིག་ལ་མཛད་པ་མི་འདྲ་བ་གསུམ་དུ་མ་ཟད། མི་འདྲ་བ་བརྒྱ་ཕྲག་སྟོན་པ་ལ་ཡང་། འགལ་བ་ཅུང་ཟད་ཀྱང་འོངས་པའི་དོན་མེད་ལ། དེ་མིན་སེམས་ཀྱི་གཏིང་ན། སངས་རྒྱས་ཀྱི་མཛད་པ་ལ་འཇིག་རྟེན་གྱི་ཚད་ཐིག་འདེབས་པའི་བག་ཆགས་ཤིན་ཏུ་འཐུག་པ་རྣམས་ཀྱིས་ནི། གཅིག་འདོད་ན་གཞན་འདོད་དགོས་པ་འོས་མེད་ལགས་པས། རང་རང་གིས་ཇི་ལྟར་མོས་པ་བཞིན་བྱ་བར་ཟད་དོ། །
      དེ་ལྟར་ཞིབ་མོའི་ལོ་ཚིགས་ནི་གོང་དུ་སྨོས་པ་དེ་ཡིན་ལ། རགས་པའི་དུས་བསྒྲིགས་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྒྱ་གར་གྱི་རྒྱལ་པོ་ཤྱིཧཪྵ་དང་། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་། ནག་མོའི་འཁོལ་དང་། དབྱུག་པ་ཅན་དང་། ཐང་གུར་གྱི་གོང་མ་ཐེ་ཙུང་དང་། ཏ་ཟིག་གི་གོང་མ་ཡཻཥྚི་གེ་རྡ་རྣམས་དུས་མཉམ་ཞིང་། ཁ་ཆེ་རྣམས་ཀྱི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱང་འདི་དག་དང་དུས་མཚུངས་སོ། །༼སྟོན་པ་འདི་ལ་ཁ་ཆེའི་རང་སྐད་དུ་མོ་ཧ་མ་ཏ་ཞེས་འབོད་པ་རྒྱ་སྐད་དུ་ཟུར་ཆག་ནས་མ་དྷུ་མ་ཏི་ཞེས་བྲིས་པ་དེ་སྦྲང་རྩིའི་བློ་གྲོས་ཞེས་བསྒྱུར་པར་འདུག༽བཙན་པོ་དགུང་ལོ་བཅུ་གསུམ་པར་ཁྲི་ལ་ཕེབས་ཚེ། དབུས་གཙང་གཉིས་ཙམ་གྱི་བདག་པོ་ཡིན་པ་ལ། ལོ་ཉུང་ངུ་དེ་ཙམ་ཞིག་གི་ཡུན་ལ། ཞང་ཞུང་། བལ་ཡུལ། རྒྱ་གར་བྱང་ནས་བཟུང་སྟེ། ཤར་དུ་རྒྱའི་ཟོང་ཅོ་ལ་ཐུག་གི་བར་དབང་དུ་བསྡུས་པ་ཅང་སྲིད་དམ་སྙམ་དུ་ཡང་བསམ་པར་མི་བྱ་སྟེ། གནའ་དུས་ཀྱི་གྷི་རིག་གི་དཔའ་བོར་གྲགས་པ། དམག་དཔོན་ཨེ་བགས་ཟན་ཊར་གྱིས་ཀྱང་། ཏ་ཟིག ཨར་བྷི། རྒྱ་གར་སོགས་ཀྱི་ས་དེ་སྙེད་བཟུང་སྟེ། སླར་རང་ཡུལ་དུ་འཁོར་ནས་ཤི་བ་ན། ད་དུང་ལོ་སུམ་ཅུ་སོ་གཉིས་ལས་མ་ལོན་ཟེར་ན། དྲག་པོ་རྟ་མཆོག་རོལ་པ་མི་གཟུགས་ཀྱི་གོ་ཁྲབ་གྱོན་པའི་རྒྱལ་པོ་འདི་ལྟ་བུ་ནི་ལྟ་ཅི་སྨོས་པའི་ཕྱིར་རོ། །དེས་ན་རྒྱལ་པོ་འདིའི་རྣམ་པར་རྒྱལ་བའི་དཔལ་ནི། བསམ་ན་ངེས་པར་ངོ་མཚར་བའི་གནས་ཡིན་ཏེ། སྤྱིར་ཁྲི་སྲོང་ལྟ་བུ་མངའ་ཐང་འདི་དུས་ལས་རྒྱ་ཆེ་ཡང་། གདུང་རྒྱུད་གོང་མ་རྣམས་ཀྱིས་དབང་བའི་ཆབ་སྲིད་ཆེན་པོ་སྔར་ཡོད་ཀྱི་སྟེང་དུ། དཔུང་སྟོབས་ལྷག་པར་དར་བ་ཙམ་ཡིན་ལ། རྒྱལ་པོ་འདི་ནི་ཐོག་མར་ཡུལ་ཕྲན་འགའ་ཞིག་གི་བདག་པོ་ཙམ་དུ་བཞུགས་པ་ལས། ཡུན་ཐུང་ངུ་དེ་ཙམ་ཞིག་གི་རིང་ལ། ལེ་བར་ཁྲི་ཕྲག་དུ་མས་འཁྱུད་པའི་སའི་ཁྱོན་ལ་མངའ་མཛད་པའི་ཕྱིར་རོ། །
   ཐེ་ཙུང་ནི་ཐང་གུར་གྱི་གོང་མའི་ཁྲོད་ན་སྟོབས་ཤུགས་ཀྱིས་གྲགས་སྙན་ཅན་ཡིན་མོད་ཀྱི། དེ་ཡང་དོན་ལ་བོད་ཀྱི་དཔུང་གི་རྔམས་ཟིལ་མ་བཟོད་པའི་ཁར། སྔར་སྲས་མོ་མི་སྟེར་བའི་ཁ་ཆད་བྱས་པ་ལ་རྩིས་ཏེ། རེ་ཞིག་འཐབ་པའི་འཁུལ་དུ་བྱས་ཤིང་། བོད་དམག་ལ་ཉམ་ཉེས་པ་ཅུང་ཟད་བྱུང་བའི་མཇུག་ཏུ། ཀོང་ཇོ་ཡང་དེ་མ་ཐག་གནང་བ་ཡིན་ནོ་ཞེས་མཁས་པ་འགའ་ཞིག་གིས་ཟེར་ཏེ། ཤིན་ཏུ་བདེན་པར་འཁུམས་ཤིང་། ཐེ་ཙུང་ནས་བཟུང་རྒྱའི་མཁར་མིག་སུམ་བརྒྱ་ཙམ་བོད་ཀྱི་ལག་ཏུ་ཤོར་ཞེས་ཟེར་རོ། །

འབྲེལ་ཡོད་འོས་སྦྱོར།