logo

གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ཞིབ་འཇུག

རྩོམ་པ་པོ།:རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-16 ཀློག་གྲངས།:

གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ཞིབ་འཇུག
                         _བོད་ལྗོངས་གཞིས་རྩེ་ས་གནས་རྣམ་གླིང་རྫོང་དཔེ་གཞིའི་ཚུལ་དུ།
                                                                         རིན་ཆེན།
     (ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་།   ཀན་སུའུ་ལན་གྲུ།  730030)

【ནང་དོན་གནད་བསྡུས།】   དཔྱད་རྩོམ་ཐུང་ངུ་འདིའི་ནང་སྤྱི་ཚོགས་རིག་པ་དང་། རིག་གནས་མིའི་རིགས་རིག་པ། མར་ཁེ་སི་རིག་པའི་གཞུང་ལུགས། རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས། མི་རིགས་ཁྲིམས་ལུགས་སོགས་ཀྱི་མིག་དབང་ཐོག་ནས་བོད་ཀྱི་དམངས་སྲོལ་གྱི་ཁོངས་གཏོགས་སུ་གྱུར་བའི་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་སྐོར་ངོ་སྤྲོད་མདོར་བསྡུས་བྱས་པ་དང་སྦྲགས། གཉེན་སྲོལ་དེའི་ད་ལྟའི་གནས་བབ་དང་གྲུབ་རྐྱེན། དགེ་སྐྱོན།  ཁྱད་ཆོས། མ་འོངས་འཕེལ་ཕྱོགས། དེ་བཞིན་དེ་དང་ཁྱོ་གཅིག་ཤུག་མང་གཉེན་སྒྲིག་ལམ་ལུགས་ཀྱི་བར་ཐག་སོགས་ལ་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་གླེང་ཁུལ་བྱས་ཡོད།
【བརྡ་ཆད་གཙོ་བོ།】    གཙང་ཁུལ།   ཁྱོ་མང་ཤུག་གཅིག   གྲུབ་རྐྱེན།   དགེ་སྐྱོན།   ཁྱད་ཆོས།  མ་འོངས་འཕེལ་ཕྱོགས། 

གླེང་གཞི།

         སྲིད་པའི་ཕུན་ཚོགས་མཁོ་རྒུ་བསྐོང་ཐབས་སོགས། ། འཇིག་རྟེན་གཉེན་སྐྱོང་བྱ་བར་རགས་ལས་པས། ། འཁོར་བའི་གཏིང་རྡོ་ལེན་པའི་ཐབས་ཀྱི་མཆོག ། ཁྱིམ་འཛུགས་རིག་གནས་མིན་ཞེས་སུ་ཞིག་སྨྲ། ། དེ་ཕྱིར་བོད་ཀྱི་གཉེན་སྲོལ་སྤྱི་བམ་ལས། ། གཙང་ཁུལ་ཁྱོ་མང་ཤུག་གཅིག་གུད་ཕྱུངས་ཏེ། །ལྕེ་བརྒྱ་སྤྲུལ་ནས་ཁྱད་མཚར་དམངས་སྲོལ་དག ། དཔྱོད་ལྡན་མཁས་པའི་གྲལ་དུ་གཟིགས་མོར་བཤམས། །ཞེས་པའི་ཚིགས་བཅད་ཀྱི་སྔོན་བསུས་ཏེ་འདིར་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་མདོ་ཙམ་གླེང་བར་བྱ་བ་ལ། དེ་ཡང་གཉེན་སྒྲིག་གི་བྱ་བ་དེ་ནི་འཇིག་རྟེན་འདིར་འཚོ་ཞིང་གནས་པའི་སྐྱེས་ཕོ་མོ་ཟུང་ལ་ཆ་ མཚོན་ནས་བཤད་ན། མི་ཚེ་ཧྲིལ་པོའི་དོན་ཆེན་གྱི་གནད་གཙོ་བོ་ཞིག་ཏུ་འཁུམས་ཤིང་། སྤྱི་ཚོགས་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ཚོགས་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བ་དང་བསྟུན་ནས་ཡུལ་གྲུ་སོ་སོར་རང་རང་གི་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བའི་གཉེན་སྒྲིག་གི་ཆོ་ག་དང་གཉེན་སྲོལ་མི་འདྲ་བ་སྣ་ཚོགས་འབྱུང་བཞིན་ཡོད་ལ། རང་རང་གི་ཡུལ་སྲོལ་གོམས་གཤིས་དང་དོ་མཉམ་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་རྣམ་པ་མི་འདྲ་བའི་རིག་གནས་སྣ་མང་ཅན་ཞིག་གྲུབ་ཡོད།
         《བོད་ཀྱི་གཉེན་སྲོལ་རགས་གླེང》ལས། “ཕོ་མོ་གཉེན་སྒྲིག་བྱས་ནས་ཁྱིམ་འཛུགས་བྱེད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་མུ་མཐུད་འཕེལ་རྒྱས་འགྲོ་བའི་སྲོག་རྩ་ཡིན”○1ཅེས་པ་ལྟར། གཉེན་སྒྲིག་བྱེད་སྲོལ་ནི་འགྲོ་བ་མིའི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། ཐོན་སྐྱེད་ངལ་རྩོལ། ཀུན་སྤྱོད་ཀྱི་ལྟ་བ་སོགས་དང་དམ་དུ་འབྲེལ་བའི་དམངས་ཁྲོད་ཀྱི་གོམས་སྲོལ་ཁྱད་པར་ཅན་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་དུ་མར་འབྲེལ་བ་ཟབ་པའི་རིག་གནས་ཀྱི་རྣམ་པ་རྨ་མེད་པ་ཞིག་རེད། ཡུལ་གྲུ་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་གཉེན་སྲོལ་གྱི་ཆོ་ག་རེ་ཡོད་ངེས་ལ། རང་རང་གི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངའ་བའི་གཉེན་སྒྲིག་གི་རྣམ་པའང་གང་མང་ཞིག་འབྱུང་བཞིན་ཡོད། སྤྱི་ཚོགས་རིམ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་རིགས་སོ་སོ་དང་ཡུལ་བྱེ་བྲག་པ་སོ་སོར་གཉེན་སྒྲིག་གི་ཆོ་ག་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་། གཉེན་སྒྲིག་གི་རྣམ་པ་གཙོ་བོ་ཁག་བཞི་ཙམ་ཡོད་དེ། ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་དང་།  ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་རྣམ་པ།  ཁྱོ་གཅིག་ཤུག་མང་གི་གཉེན་སྒྲིག་རྣམ་པ། ཚོགས་གཉེན་ལམ་ལུགས(群婚制)བཅས་སོ། དེ་དག་ལས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་ནི་འཛམ་གླིང་སྤྱིའི་གཙོ་རྒྱུགས་རིག་གནས(主流文化)ལྟ་བུར་ གྱུར་ཡོད་ཅིང་། ཁྱོ་མང་ཤུག་གཅིག་དང་ཁྱོ་གཅིག་ཤུག་མང་གཉིས་ལ་སྤྱི་ཚོགས་རིག་པའི་ནང་ཟླ་བོ་མང་བའི་གཉེན་སྒྲིག་གི་ཁྱིམ་ཚང(多偶制家庭)རྣམ་པར་འབོད་ཀྱི་ཡོད་ལ། དེ་གཉིས་པོ་ནི་ཡུལ་བྱེ་བྲག་པ་ལ་ལར་དར་བའི་གཉེན་སྲོལ་གྱི་རྣམ་པ་ ཞིག་ཡིན་པས་ཡན་གྱུར་རིག་གནས(亚文化)ལྟ་བུར་གྱུར་ཡོད། ཡུལ་གྲུ་རང་ག་བའི་ཐུན་མོང་མ་ཡིན་པའི་གཉེན་སྲོལ་ སྐོར་ལ་ཞིབ་འཇུག་བྱས་ན། ཡུལ་དེ་གའི་མི་རྣམས་ཀྱི་ཐོན་སྐྱེད་ངལ་རྩོལ་བྱེད་སྟངས་དང་། བསམ་པའི་འཁྱེར་སོ། ཡུལ་སྲོལ་ གོམས་གཤིས་སོགས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱ་རྒྱུར་གལ་འགངས་ཆེ་བའི་ཕན་ནུས་ལྡན་ཡོད་པ་ཡིན་ལ། མི་རིགས་ཕན་ཚུན་དང་ཡུལ་གྲུ་སོ་སོའི་རིག་གནས་ཀྱི་འབྲེལ་འདྲིས་ཐད་ལའང་དོན་སྙིང་ཆེན་པོ་མངའ་བ་ཡིན། དེས་མ་ཟད་རིག་གནས་དང་གོམས་སྲོལ་མི་འདྲ་བའི་ཁྱད་པར་གྱིས་བཟོས་པའི་རྙོག་དྲ་མང་པོ་མེད་པ་བཟོ་བར་ཕན་པ་ཡོད་པས། དེས་སྤྱི་ཚོགས་བརྟན་བརླིང་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བཞག་ཐད་ལའང་གལ་ཆེའི་ཕན་ནུས་ཐོན་ཡོད། གཤམ་ལ་ཁོ་བོས་བོད་ཀྱི་ཡུལ་གྲུ་བྱེ་བྲག་པ་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་སྐོར་ལ་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་གླེང་བར་བྱ་སྟེ།
དང་པོ། གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ངོ་སྤྲོད་དང་དེའི་གནས་བབ། 
         ཁྱོ་མང་ཤུག་གཅིག་ཅེས་པ་ནི་ཆུང་མ་གཅིག་ལ་ཁྱོ་གའམ་སྐྱེས་པ་མང་བའི་གཉེན་སྒྲིག་བྱེད་སྲོལ་གྱི་རྣམ་པ་ཞིག་ལ་བྱ་ཞིང་། གཉེན་སྲོལ་དེ་ལའང་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་དེ། བུ་སྤུན་ཆུང་མ་མཉམ་ལེན་གྱི་གཉེན་སྲོལ་དང་། ཕ་བུ་ཆུང་ མ་མཉམ་ལེན་གྱི་གཉེན་སྲོལ་རྣམ་པ། གྲོགས་པོ་ཕན་ཚུན་བར་ལ་ཆུང་མ་མཉམ་ལེན་བྱེད་པ་སོགས་ཡོད། འོན་ཀྱང་། གཙང་ཁུལ་དུ་དར་ཁྱབ་ཆེ་བའི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་གྱི་རྣམ་པ་གཙོ་བོ་ནི་བུ་སྤུན་ཆུང་མ་མཉམ་ལེན(兄弟共妻)བྱེད་པའི་སྲོལ་དེ་ཆེས་མང་བ་ཡིན། དེ་ཡང“འཛམ་གླིང་རིག་གནས་ཁྲོད་ཀྱི་གཉེན་སྒྲིག་གི་རྣམ་པ་ལ་ཆ་མཚོན་ནས་བཤད་ན། ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་ལག་བསྟར་བྱེད་མཁན༧༥﹪ཟིན་པ་དང་། ཁྱོ་གཅིག་ཤུག་མང་གི་གཉེན་སྒྲིག་ རྣམ་པ་ལག་བསྟར་བྱེད་མཁན༢༤﹪ཟིན་གྱི་ཡོད་ལ། ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་བཀོལ་སྤྱོད་བྱེད་མཁན་གྱིས༡﹪ལས་ཟིན་གྱི་མེད” ○2 ཅེས་འཁོད་ཡོད། དེ་ལས། འཛམ་གླིང་ཁྱོན་དུ་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ལག་བསྟར་བྱེད་མཁན་ ཆེས་ཉུང་བ་གསལ་བཤད་བྱེད་ཐུབ། འབྲེལ་ཡོད་ཡིག་ཆར་བལྟས་ན། རྒྱལ་ཁབ་ཕྱི་ནང་དུ་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ སྤྱོད་མྱོང་བའི་རྒྱལ་ཁབ་དང་མི་རིགས་ལ་རྒྱ་གར་དང་། འབྲུག་ཡུལ།(不丹)འབྲས་ལྗོངས། (锡金)བལ་ཡུལ།(尼泊尔)སོགས་དང་། རྒྱལ་ནང་དུ་ཆ་མཚོན་ནས་བཤད་ན། མོན་པ་རིགས(门巴族)དང་། གློ་པ་རིགས། (珞巴族)དང་ཤར་པ་ཁུལ་དུ་ཉུང་ཤས་ཤིག་ཡོད་ལ། བོད་ཁུལ་དུ་ཆབ་མདོ་ཁུལ་དང་། ཡུན་ནན་གྱི་ས་ཆ་འགའ། ལྷོ་ཁ་ཁུལ་སོགས་མདོར་ན་ བོད་ཡུལ་དུ་ཨ་མདོ་ཕུད་པའི་ས་ཆ་ཕལ་ཆེ་བར་མང་ཉུང་ལ་མི་བལྟོས་པར་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་སྤྱོད་བཞིན་ཡོད། ཨ་མེ་རི་ཁའི་གྲགས་ཅན་མིའི་རིགས་རིག་པ་བ་མོ་ཏ་ཁེ(默多克)ཡིས་ལྟ་ཚུལ་ལྟར་ན། “འཛམ་གླིང་མི་རིགས་ཁག་གི་སྣ་ མང་རིག་གནས་ཀྱི་ཁྲོད་དུ་བྱང་གི་འཕྲེད་ཐིག(北纬)  7°ནས་21°བར་དང་།  ཤར་གྱི་གཞུང་ཐིག་(东经)78° ནས82°བར་གྱི་ས་ཁོངས་དང་།  དེ་བཞིན་བྱང་གི་འཕྲེད་ཐིག27°~33°དང་། ཤར་གྱི་གཞུང་ཐིག་ 75°~95° བར་གྱི་བསྣོལ་མཚམས་དེ་ནི་དེང་གི་ཆར་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་རྣམ་པ་ལག་བསྟར་བྱེད་བཞིན་པའི་ཁྱིམ་ཚང་མང་ཤོས་ཀྱི་ས་ཁོངས་ཡིན”○3ཞེས་གསུངས་ཡོད། དེ་ལས་ང་ཚོས་ཤེས་རྟོགས་ཐུབ་པ་ནི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཆགས་པའི་རྒྱལ་ཁབ་དང་ས་གནས་ཁག་ནི་དེང་གི་སྤྱི་ཚོགས་ཐོག་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དར་ཁྱབ་ཆེ་བའི་ཁྱིམ་ཚང་ཆེས་མང་ཤོས་ཀྱི་ས་ཁོངས་ཡིན་པ་ཤེས་ཐུབ། 
         དེང་གི་ཆར། རྒྱལ་ཕྱི་རྒྱལ་ནང་གི་མཁས་པ་དང་ཞིབ་འཇུག་པ་མང་པོས་ཁྱོ་མང་ཤུག་གཅིག་གི་སྣང་ཚུལ་དེའི་རིགས་ལ་ཞིབ་འཇུག་གནང་མཁན་མི་ཉུང་བ་ཞིག་འདུག་ཀྱང་། གཙང་ཁུལ་གྱི་ཡུལ་བྱེ་བྲག་པ་ཞིག་གནད་དུ་བཟུང་ནས་དེའི་སྐོར་ལ་ཞིབ་འཇུག་དང་དཔྱད་པ་གཏོང་མཁན་ཉུང་ཞིང་། སྒོས་སུ་བོད་མི་རང་གིས་གནད་དོན་དེའི་སྐོར་ལ་གཙིགས་ཆེན་གྱིས་དཔྱད་པ་གཏོང་མཁན་ཧ་ཅང་དཀོན་པ་དང་། དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཉུང་ཉུང་ཞིག་ལས་མེད། དེ་ནི་རིག་པའི་གད་རྒྱངས་ཕྱོགས་བཅུར་སྒྲོག་པའི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་གསུངས་པ་ཇི་བཞིན།  “སྔོན་དུས་ལུགས་སྲོལ་སོགས་ཇི་འདྲ་ཡིན་བསམ་པའི་ཚེ། རྒྱལ་ཁབ་དང་མི་རིགས་གཞན་གྱི་ཡི་གེ་བྲིས་པའི་ལོ་རྒྱུས་སོགས་ལ་བལྟ་བ་ཙམ་ལས་རང་གི་མིས་རང་ཡུལ་གྱི་སྲོལ་ལུགས་འདི་འདྲའོ་ཞེས་ཞིབ་ཏུ་བྲིས་པ་ཤིན་ཏུ་རྙེད་དཀའ” ○4ཞེས་གསུངས་པ་དེའང་གནས་ལུགས་རྫོགས་པའི་ལེགས་བཤད་ཅིག་ཏུ་མཐོང་ངོ་།། གནད་དོན་དེའི་དབང་གིས་ཁོ་བོས་རང་གི་ཕ་ཡུལ་དཔེ་གཞིའི་ཚུལ་དུ་དྲངས་ཏེ་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་སྐོར་ལ་ཅུང་ཟད་དཔྱད་པ་བགྱི་ཁུལ་བྱ་བའོ།།
         དེ་ཡང་གཙང་ཁུལ་ནི་བོད་ལྗོངས་ཁུལ་གྱི་ས་ཁུལ་ཁག་ནས་མི་གྲངས་མང་ཞིང་ས་རྒྱ་ཆེ་བའི་ཡུལ་གྲུ་ཞིག་ཡིན་ཞིང་།“བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ”ཞེས་པའི་མཚན་སྙན་ཐོགས་པའི་གཞིས་རྩེ་གྲོང་ཁྱེར་ཡང་གནས་དེར་ཆགས་ཡོད། ཡུལ་གྲུ་དེར་འཚོ་སྡོད་བྱེད་པའི་གཙང་ཁུལ་མི་རྣམས་ཀྱི་ཐོན་སྐྱེད་ཀྱི་རྣམ་པ་གཙོ་བོ་ནི་ཞིང་ལས་གཉེར་བ་དང་། འབྲོག་ལས་ གཉེར་བ་སོགས་མདོར་ན་ཞིང་ལས་ལྟེ་བར་འཛིན་ཞིང་འབྲོག་ལས་ཟུང་འབྲེལ་གྱི་ངལ་རྩོལ་གྱི་རྣམ་པ་གཙོ་བོར་ཆགས་ཡོད། ཁོ་ཚོས་རྣམ་དཔྱོད་ཀྱི་རྩལ་དང་བློ་གྲོས་ཀྱི་ཐབས་ལ་བརྟེན་ནས་རང་གི་ཐོན་སྐྱེད་ངལ་རྩོལ་གྱི་དགོས་མཁོ་དང་འབྲེལ་བའི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་ཁྱད་པར་བ་ཞིག་དོན་དུ་གཉེར་ནས་རང་རང་གི་དཔལ་འབྱོར་གྱི་དགོས་མཁོ་དང་། བསམ་པའི་དགོས་མཁོ་སོགས་སྐོང་བཞིན་ཡོད་པས། དེང་གི་ཆར། གཙང་ཁུལ་གྱི་རོང་འབྲོག་ཁུལ་དུ་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་སྤྱོད་བཞིན་པའི་ཁྱིམ་ཚང་འབོར་ཆེན་ཞིག་ཡོད་ཅེས་བརྗོད་ཆོག་སྟེ། ཕྲན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བ་བདུན་པར་གཞིས་རྩེ་རྣམ་གླིང་རྫོང་ནུབ་མ་ཤང་རབ་ལེགས་གྲོང་ཚོའི་ཡུལ་དངོས་ལ་བསྐྱོད་ནས་བརྟག་དཔྱད་བྱས་པ་ལྟར་ན། གྲོང་ཚོ་དེར་ཁྱོན་བསྡོམས་ཐེམ་གྲངས༦༥ལྷག་ཙམ་ཡོད་པའི་ནང་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་བཀོལ་བཞིན་པའི་ཁྱིམ་ཚང་གི་ཐེམ་གྲངས༤༠ཙམ་ཞིག་ཟིན་གྱི་འདུག་ལ། ཤང་དེའི་གྲོང་ཚོ་གཞན་པའང་ཕལ་ཆེར་དེ་དང་ཆ་མཉམ་གྱི་འདུག དེ་མིན་རྩོམ་པ་པོ་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་སྤྱི་ལོ༡༩༨༨ལོའི་ཟླ་བ་བརྒྱད་པར་གཞིས་རྩེ་པ་སྣམ་རྫོང་བཀྲ་ཤར་ཤང་གི་གྲོང་ཚོ་དང་པོར་བརྟག་དཔྱད་བྱས་པ་ལྟར་ན། “གྲོང་ཚོ་དེའི་ནང་བསྡོམས་བཟའ་ཚོ༣༩ཡོད་པའི་ནང་ཁྱོ་མང་ཤུག་གཅིག་ཡིན་པ་བཟའ་ཚོ༢༥ཟིན་གྱི་འདུག” ○5ཅེས་འཁོད་འདུག   དེ་ལས་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་དེ་སྔར་བཞིན་ཁོ་ཚོའི་གཉེན་སྒྲིག་གི་རྣམ་པ་གལ་ཆེན་ཞིག་ཏུ་གྲུབ་ཅིང་། གཉེན་སྲོལ་དེས་ཁོ་ཚོའི་རྒྱུན་གཏན་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་གོ་གནས་དང་ གནས་བབ་གལ་ཆེན་ཟིན་གྱི་ཡོད་པ་རྟོགས་ནུས་པ་ཡིན། དེ་མིན་གཉེན་སྲོལ་དེ་དང་འབྲེལ་བའི་རང་རང་གི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། ཀུན་སྤྱོད་ཀྱི་ལྟ་བ་སོགས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྣམ་པ་ཞིག་གྲུབ་ཡོད་ལ། སྣ་མང་ཕུན་སུམ་ཚོགས་པའི་གཉེན་སྒྲིག་གི་ཆོ་ག་དང་། དམངས་ཁྲོད་ཀྱི་རིག་གནས་རྣམ་པ་ཞིག་གྲུབ་ཡོད།
         དེང་གི་རིག་གནས་སྨྲ་བ་བོ་མང་པོས་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་གྱི་སྣང་ཚུལ་དེ་རིགས་ནི་གདོད་མའི་རིག་གནས་ཀྱི་ཤུལ་ལྷག་དང་། རྗེས་ལུས་མི་རིགས་ཀྱི་མཚོན་དོན། ཡང་ན་ཤེས་རྨོངས་དང་རྙིང་ཞེན་གྱི་སྣང་ཚུལ་ཞིག་རེད་ཅེས་མཁྲེགས་འཛིན་གྱི་ལྟ་ཚུལ་བཟུང་ནས་སྣང་ཚུལ་དེའི་རིགས་ལ་དགག་རྒྱག་དང་སུན་འབྱིན་བྱེད་མཁན་མང་དག་ཅིག་འདུག་ཀྱང་། ང་ཚོས་རྟག་མཐའ་དང་ཆད་མཐའ་སོགས་ཕྱོགས་ལྷུང་གི་དབང་དུ་མ་སོང་བར་གཟུར་གནས་དབུ་མའི་ལམ་ནས་གནད་དོན་དེ་རིགས་ལ་དབྱེ་ཞིབ་ཅིག་བྱས་ན། གཉེན་སྒྲིག་གི་རྣམ་པ་དེ་རིགས་ནི་དུས་སྐབས་ངེས་ཅན་ཞིག་གི་ཁོར་ཡུག་དང་། རིག་གནས་རྒྱབ་ལྗོངས་འོག་འཚོ་གནས་ལ་རོལ་བའི་མི་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་གཏོད་དང་དར་འཕེལ་བྱས་པའི་རིག་གནས་ཀྱི་རྣམ་པ་ཞིག་ཏུ་གྲུབ་ཅིང་། ཡུལ་གྲུ་དེ་གར་འཚོ་སྡོད་བྱེད་པའི་མི་རྣམས་ལ་ཆ་མཚོན་ནས་བཤད་ན། དེ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་དང་། ཀུན་གྱིས་མཁས་ལེན་བྱེད་པའི་དམངས་ཁྲོད་ཀྱི་གོམས་སྲོལ་ཞིག་ཏུ་མཐོང་ལ། རང་གི་མི་རྒྱུད་སྤེལ་བ་སོགས་སྤྱི་ཚོགས་འཚོ་བའི་དགོས་མཁོ་ངེས་ཅན་སྐོང་བཞིན་ཡོད་པས། ང་ཚོས་རིག་གནས་བལྟོས་བཅས་རིང་ལུགས་(文化相对主义)ཀྱི་ལངས་ཕྱོགས་ཐོག་ནས་གནད་དོན་ལ་བལྟ་དགོས་རྒྱུ་ནི་གལ་འགངས་ཆེ་བར་མཐོང་ངོ་།། 
         དེ་ནི་རྒྱལ་ནང་གི་སྤྱི་ཚོགས་རིག་པ་མཁས་ཅན་དང་མིའི་རིགས་རིག་པ་མཁས་ཅན་ཧྥེ་ཞའོ་ཐུང(费孝通)གིས་གསུངས་པ་ ཇི་བཞིན་“རང་གཞན་ཀུན་གྱི་ཁྱད་ཡོན་ལ། མྱོང་རོལ་དཔལ་གྱིས་མཛེས་པ་བྱུང་། མཛེས་ཉམས་ལོངས་སུ་སྤྱོད་པ་ལས། འཛམ་གླིང་ཞི་བདེ་ཅན་དུ་གྱུར” ○6ཅེས་གཉེན་སྲོལ་ནས་གཙོས་པའི་རིག་གནས་གང་འདྲ་ཞིག་ཡིན་རུང་དེ་སོ་སོར་རང་རང་གི་མཛེས་པ་དང་མྱོང་རོལ་དཔལ་གྱི་ཡོན་ཏན་གྱིས་ཕྱུག་ཡོད་པས། ང་མཆོག་ཁྱོད་ངན་གྱི་མིག་དབང་ཐོག་ནས་རིག་གནས་ལ་ འཛིན་པའི་རྣམ་འགྱུར་དོར་ཏེ་རིག་གནས་མཉམ་གནས་མཉམ་འཕེལ་གྱི་སྣ་མང་རིག་གནས་རིང་ལུགས(多元文化主义)ཀྱི་རྣམ་པ་ཞིག་ཆགས་པ་བྱ་རྒྱུར་འབད་དགོས་སོ།།
གཉིས་པ།   གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་དེའི་གྲུབ་རྐྱེན།
          སྤྱིར་དམངས་སྲོལ་ནས་གཙོས་པའི་རིག་གནས་ཀྱི་རྣམ་པ་གང་འདྲ་ཞིག་ཡིན་རུང་། དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ ཁྲོད། རང་རང་གི་འཚོ་གནས་བྱེད་སའི་ཁོར་ཡུག་གི་དགོས་མཁོ་དང་། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་ཆ་རྐྱེན་ངེས་ཅན་འོག་རྒྱུ་དང་རྟེན་འབྲེལ་དུ་མ་ཚོགས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་སྨོས་མི་དགོས།ཐོན་སྐྱེད་བྱེད་སྟངས་དང་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་མི་འདྲ་བ་ལ་བརྟེན་ནས་དེ་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་དང་། འཚོ་བའི་ལམ་ལུགས་མི་འདྲ་བ་འབྱུང་བཞིན་ཡོད་ལ། དེ་དག་རིམ་བཞིན་རྒྱུན་འབྱམས་དང་། འཕེལ་རྒྱས། འཐུས་ཚང་དུ་སོང་བ་ལ་བརྟེན་ནས་དམངས་ཁྲོད་ཀྱི་གོམས་སྲོལ་ཁྱད་པར་ཅན་སྣ་མང་འབྱུང་བཞིན་ཡོད། གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེའང་གཅིག་ཡིན་ཏེ། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རིམ་བཞིན་གནས་པ་དང་། འཐུས་ཚང་ ཅན་དུ་འགྲོ་བཞིན་ཡོད། གཤམ་ལ་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གྲུབ་རྐྱེན་སྐོར་ལ་ཅུང་ཟད་གླེང་བར་བྱའོ།།
(༡)དཔལ་འབྱོར་གྱི་རྒྱུ་རྐྱེན།  དེ་ཡང་“སྤྱི་ཚོགས་ཀྱི་འཚོ་རྟེན་རྒྱུ་རྫས་ཡིན། རྒྱུ་ལོངས་སྤྱོད་སྤེལ་བའི་ཐོན་སྐྱེད་ཀྱི་འབྲེལ་བ་ནི་སྤྱི་ཚོགས་ཀྱི་འབྲེལ་བའི་རྩ་བ་ཡིན། ཁྱིམ་ཚང་གི་ངོ་བོ་དང་ཁྱད་ཆོས་རྣམས་སྤྱི་ཚོགས་ཀྱི་དཔལ་འབྱོར་གཞིར་བཟུང་བའི་ཐོན་སྐྱེད་ཀྱི་འབྲེལ་བར་རགས་ལས་ཡོད” ○7ཅེས་གསུངས་པ་ལྟར། མི་དང་མིའི་བར་གྱི་སྤྱི་ཚོགས་ཀྱི་འབྲེལ་བའི་རྩ་བ་ནི་རྒྱུ་ལོངས་སྤྱོད་དམ་དཔལ་འབྱོར་ལ་རགས་ལས་ཤིང་། ཐོན་སྐྱེད་ཀྱི་རྣམ་པ་དང་ཐོན་སྐྱེད་ཀྱི་འབྲེལ་བ་མི་འདྲ་བ་ལ་བརྟེན་ནས་གཉེན་སྒྲིག་གི་རྣམ་པ་དང་ཁྱིམ་ཚང་གི་རྣམ་པ་མི་འདྲ་བ་འབྱུང་གིན་ཡོད།  མར་ཁེ་སི་རིགས་པའི་གཞུང་ལུགས་ཀྱི་དངོས་གཙོ་སྨྲ་བའི་ལྟ་ཚུལ་གྱི་ཐོག་ནས་བཤད་ཀྱང་། དཔལ་འབྱོར་གྱི་རྨང་གཞིས་སྟེང་གི་བཀོད་པ་གཏན་འཁེལ་བྱེད(经济基础决定上层建筑)ཀྱི་ཡོད་པས། དཔལ་འབྱོར་གྱི་རྨང་གཞི་མི་འདྲ་བ་ལ་བརྟེན་ནས་དེ་དང་འབྲེལ་བའི་སྟེང་གི་བཀོད་པ་མི་འདྲ་ བ་འབྱུང་བ་ཡིན། དེས་ན། གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་རྣམ་པའི་གྲུབ་རྐྱེན་ཡང་དེ་ལས་མ་འདས་སོ།།
          ཧྥེ་ལན་གྱི་མིའི་རིགས་རིག་པ་མཁས་ཅན་ཨེ་ཏེ་ཧྭ་ཝི་སི་ཐི་མར་ཁེ(爱德华•韦斯特马克)ཡིས་བརྩམས་གནང་བའི《མིའི་རིགས་ཀྱི་གཉེན་སྒྲིག་ལོ་རྒྱུས》ཞེས་པའི་ནང་ཁྱོ་མང་ཤུག་གཅིག་གི་འབྱུང་རྐྱེན་སྐོར་ལ་ནང་དོན་ཁག་བཞི་རུ་ཕྱེ་ནས་གསུངས་གནང་འདུག་སྟེ། “སྐྱེས་པ་མང་བའི་རྐྱེན་དང་། དཔལ་འབྱོར་དབུལ་བའི་རྐྱེན། ཁྱོ་ག་ལོ་མང་སྒོ་ཁར་བུད་པས་ཆུང་མ་ཁེར་བུ་ཁྱིམ་ཚང་སྲུང་ནས་འདུག་དགོས་བྱུང་བས་གཞན་གྱི་གནོད་འཚེ་དང་ཉེན་ཁ་འབྱུང་བར་དོགས་པས་དང་། བྱིས་པ་བཙའ་འདོད་ཆེ་བ” ○8བཅས་སོ། ཁོང་གིས་གསུངས་པའི་རྒྱུ་རྐྱེན་ཁག་བཞི་པོར་ང་ཚོས་རིག་པ་ཕྲ་མོས་དབྱེ་ཞིབ་ཅུང་ཟད་རེ་བྱས་ན། སྐྱེས་པ་མང་བའི་རྐྱེན་ཅེས་པ་ནི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་བཀོལ་བའི་སྤྱི་ཚོགས་སམ་མི་རྣམས་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་དེའི་ནང་བུ་དང་བུ་མོའི་བསྡུར་གྲངས་མི་སྙོམས་པ་སྟེ། བུ་མང་བ་དང་བུ་མོ་ཉུང་བས་སྐྱེས་པ་གཉིས་སམ་གཉིས་ཡན་ཆད་མཉམ་དུ་ཆུང་མ་གཅིག་ལོངས་སུ་སྤྱོད་པ་ལ་བྱ་བ་ཡིན། ཁོང་གིས་གསུངས་པའི་རྒྱུ་རྐྱེན་དེ་གཙང་ཁུལ་དུ་འཚོ་སྡོད་བྱེད་པའི་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པའི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེའི་གྲུབ་རྐྱེན་དུ་ དྲངས་ཚེ་གནས་ལུགས་རྫོགས་པའི་སྐད་ཆ་ཞིག་དང་རྒྱུ་འབྲས་གཏན་ཚིགས་ཅན་གྱི་རྟགས་སུ་ཅུང་ཟད་གྲུབ་དཀའ་སྙམ། རྒྱུ་མཚན་ནི་གཙང་ཁུལ་ནས་གཙོས་པའི་བོད་ཡུལ་གྱི་ས་ཆ་ཕལ་ཆེ་བར་ཕོ་མང་མོ་ཉུང་གི་སྣང་ཚུལ་ཐོན་པ་ཉུང་བ་ཡིན་ལ། ང་ཚོས་བརྟག་དཔྱད་དང་རྒྱུས་ལོན་བྱས་པ་ལྟར་ན། གཙང་ཁུལ་དུའང་དེ་འདྲའི་སྣང་ཚུལ་ཐོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་མོ་མང་ཕོ་ཉུང་གི་སྣང་ཚུལ་ཅུང་ཟད་ཐོན་བཞིན་འདུག ཁོང་གིས་གསུངས་པའི་ཁྱོ་ག་མང་བའི་རྐྱེན་ཅེས་པ་དེ་གཙོ་བོ་རྒྱ་གར་གྱིས་ཆ་ལ་ལར་དར་བའི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་རྣམ་པ་ལ་བལྟོས་ཏེ་བཤད་པ་ཞིག་རེད་སྙམ། རྒྱུ་མཚན་ནི“རྒྱ་གར་གྱི་སྡེ་ཁུལ་ལ་ལར་བུ་མོ་ལོ་ཆུང་དམར་གསོད་བྱེད་པའི་གོམས་སྲོལ་ཡོད་པས།   གཉེན་སྒྲིག་བྱེད་པའི་ལོ་ཚད་ལ་ཐོན་དུས་བུ་མང་མོ་ཉུང་གི་སྣང་ཚུལ་ཐོན་གྱིན་ཡོད་པས། ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་རྣམ་པ་ལག་བསྟར་བྱ་དགོས་བྱུང་བ་རེད” ○9ཅེས་པ་ལས་རྟོགས་ནུས་སོ། དེ་མིན་ཁོང་གིས་གསུངས་པའི་རྒྱུ་རྐྱེན་གསུམ་པ་དང་བཞི་པ་ལ་ཆ་མཚོན་ནས་བཤད་ ཀྱང་། དེ་འདྲའི་གནད་དོན་ཡོད་སྲིད་མོད། ཁོ་བོས་བལྟས་ན། ཁོང་གིས་གསུངས་པའི་རྒྱུ་རྐྱེན་གཉིས་པ་སྟེ་དཔལ་འབྱོར་དབུལ་བའི་རྐྱེན་ནི་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་རྩ་བའི་གྲུབ་རྐྱེན་དུ་དྲངས་ན་འཚམས་པར་འདོད།  བོད་ཀྱི་སྲོལ་རྒྱུན་གྱི་ ཁྱིམ་ཚང་གི་དབང་ཆ་གཙོ་བོ་སྐྱེས་པའི་ལག་ཏུ་ཡོད་པས། ཕ་དབང་གི་ཁྱིམ་ཚང(父权家庭)དུ་གྲུབ་ཅིང་། ཕ་དབང་གི་ཁྱིམ་ཚང་ནང་དུ་སྐྱེས་པ་ཅི་ཙམ་མང་པོ་ཡོད་ན་ཁྱིམ་ཚང་གི་སྟོབས་ཤུགས་དེ་ཙམ་གྱིས་ཆེ་བ་ཡོད། གལ་ཏེ་ཁྱིམ་ཚང་དེའི་ནང་གི་ སྐྱེས་པ་དག་ལ་ཆུང་མ་མཉམ་དུ་མ་བླངས་པར་སྐྱེས་པ་རེ་རེས་ཆུང་མ་རེ་བླངས་ན། ཁྱིམ་ཚང་ཧྲིལ་པོའི་རྒྱུ་ནོར་ཡོད་དོ་ཅོག་བགོ་བཤའ་བྱ་དགོས་པས་ཁྱིམ་ཚང་ཁ་འཐོར་དགུ་འཐོར་དུ་འགྲོ་ངེས་ལ། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཇེ་ཉུང་དུ་ཕྱིན་ ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་འགོག་རྐྱེན་ཆེན་པོ་བཟོ་ངེས་པས་སོ། ལྷག་པར་དུ་གཙང་ཁུལ་དུ་འཚོ་སྡོད་བྱེད་པའི་ མི་རྣམས་ལ་ཆ་མཚོན་ནས་བཤད་ན། ཁོ་ཚོའི་ཐོན་སྐྱེད་ཀྱི་རྣམ་པ་གཙོ་བོ་ནི་ཞིང་ལས་གཉེར་བ་དེ་ཡིན་ཞིང་། ཡུལ་དེར་སྔ་མོ་ནས་“འབྲུ་རིགས་ཀྱི་བང་མཛོད་”ཅེས་པའི་མིང་ཡང་ཐོགས་ཡོད། གནས་དེའི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ། ལྷག་པར་དུ། ཞིང་ལས་གཉེར་རྒྱུ་ནི་ཧ་ཅང་གི་དཀའ་ཚེགས་ཆེ་བ་ཞིག་ཡིན་ཏེ། ལུད་འདོན་པ་དང་། ཞིང་རྨོ་བ། ཆུ་གཏོང་བ། ཡུར་མ་ བྱེད་པ། གཡུལ་འདོན་པ་སོགས་ལས་ཀའི་རྣམ་གྲངས་མི་འདྲ་བ་དུ་མ་བརྒྱུད་དགོས་པས། ངལ་རྩོལ་ནུས་ཤུགས་ཕུན་སུམ་ཚོགས་པོ་མཁོ་བ་སྨོས་ཅི་དགོས། དེས་མ་ཟད། “རྨོ་འདེབས་བྱེད་ཆོག་པའི་ས་ཞིང་གི་རྒྱ་ཁྱོན༡﹪ལས་ཟིན་གྱི་མེད” ○10པའི་མཚོ་བོད་མཐོ་སྒང་གི་སའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ན། རྨོ་ཞིང་བྱེད་ཆོག་པའི་སའི་ཐོན་ཁུངས་ལ་ཚད་བཀག་ ཡོད་པས། ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ལག་བསྟར་བྱས་ན། དེས་ཁོར་ཡུག་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་བར་ཕན་ ནུས་གལ་ཆེན་ལྡན་ཡོད་པ་ཡིན་པས། ཁོ་ཚོས་རང་རང་གི་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་ཐོན་སྐྱེད་འཚོ་བའི་དགོས་མཁོར་བསྟུན་ནས་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་བཀོལ་སྤྱོད་བྱས་པ་ཞིག་ཡིན་པ་སྨྲ་མི་དགོས། གལ་ཏེ་ཐོན་སྐྱེད་ཀྱི་ གནས་ཚུལ་དེ་འདྲའི་འོག་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་ལག་བསྟར་མ་བྱས་པར་ཁྱིམ་ཚང་གང་དེའི་སྐྱེས་པ་རེ་ རེས་བུད་མེད་རེ་རེ་ཆུང་མར་བླངས་ནས་མི་ཚེ་ཕུད་ཐབས་བྱས་ན། ཁྱིམ་ཚང་གི་རྒྱུ་ནོར་ཏེ། ས་ཞིང་དང་། ཁང་པ། རྩྭ་ར། སྒོ་ ཕྱུགས་སོགས་བགོ་བཤའ་བྱ་དགོས་པས། ཁྱིམ་ཚང་གི་དཔལ་འབྱོར་ལ་ཉམས་རྒུད་ཐེབས་པ་དང་། ངལ་རྩོལ་ནུས་ཤུགས་ཇེ་ཉུང་དུ་འགྲོ་གི་ཡོད། དེས་ན། དཔལ་འབྱོར་དང་འབྲེལ་བའི་ཐོན་སྐྱེད་ཀྱི་དགོས་མཁོ་ནི་གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་ཆགས་པའི་རྩ་བའི་རྒྱུ་རྐྱེན་ཡིན་པའོ། །
(༢)ལོ་རྒྱུས་ཀྱི་རྒྱུ་རྐྱེན།  སྤྱིར་བོད་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེ་དུས་ནམ་ཞིག་ལ་བྱུང་མིན་གྱི་སྐོར་ལ་ཁ་གསལ་གཏིང་གསལ་གྱི་དཔྱད་གཞིའི་ཡིག་ཆ་ཞིག་རྙེད་དཀའ་རུང་། སྐྱེ་བོ་ལ་ལས་དེ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས(封建农奴制度)སྤྱི་ཚོགས་ཀྱི་ཐོན་འབྲས་ཡིན་པར་ཤོད་བཞིན་འདུག་ལ། ལ་ལས་གཉེན་སྲོལ་དེ་རིགས་ནི་མ་རྒྱུད་སྤྱི་ཚོགས(母系社会)ཀྱི་དུས་ནས་བྱུང་བ་ཞིག་ཡིན་ཞེས་གསུངས་མཁན་འདུག ཡང་ལ་ལས་དེ་ནི་བོད་ལ་ཞི་བའི་བཅིངས་འགྲོལ་མ་བྱས་གོང་གི་གཉེན་སྒྲིག་གི་རྣམ་པ་ཡིན་ཞེས་མཁས་པ་སོ་སོར་རང་རང་གི་ལྟ་ཚུལ་མི་འདྲ་བ་དུ་མ་འདུག་མོད། མ་རྒྱུད་སྤྱི་ཚོགས་སྐབས་མ་གཞི་བུད་མེད་ལྟེ་བར་འཛིན་ནས་རང་རང་གི་ཕྲུ་གུ་ངོས་འཛིན་དང་མི་རྒྱུད་སྤེལ་བ་སོགས་སྤྱི་ཚོགས་ཀྱི་དགོས་མཁོ་ངེས་ཅན་སྐོང་བཞིན་ཡོད་ཀྱང་། སྐབས་དེ་དུས་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པའི་ཁྱིམ་ཚང་གི་ངོ་བོ་ཞིག་གྲུབ་མེད་ཅེས་བརྗོད་ན་ཆོག་པར་འདོད་དེ། སྐབས་དེའི་གཉེན་སྒྲིག་གི་ཁྱིམ་ཚང་དེ་བཟའ་མི་བུ་ཕྲུག་མཉམ་འདུག་གི་ཁྱིམ་ཚང་གི་རྣམ་པ་ཞིག་ཏུ་གྲུབ་མེད་པར། རྒྱ་མི་རིགས་གིས་བཤད་པའི་གང་བྱུང་གཉེན་སྒྲིག(乱婚)གི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་ལས་མིང་དོན་མཚུངས་པའི་གཉེན་སྒྲིག་གི་ཁྱིམ་ཚང་དུ་གྲུབ་མེད་པར་འདོད། རྒྱུ་མཚན་ནི།ཕོ་མོ་བསྡེབས་ ནས་གྲུབ་པའི་གཉེན་སྒྲིག་གི་ཁྱིམ་ཚང་ནི་ཕོ་མོ་ཕན་ཚུན་བར་གྱི་བརྩེ་དུང་གི་འདོད་པ་དང་། དཔལ་འབྱོར་གྱི་འབྲེལ་བ་ངེས་ ཅན་ཞིག་གི་འོག་གྲུབ་པ་ཞིག་ཡིན་ཀྱང་།བཟའ་ཟླ་བུ་ཕྲུག་ལྷན་དུ་འདུག་ནས་འཚོ་བ་རོལ་བའི་ཁྱིམ་ཚང་གི་ངོ་བོ་གྲུབ་མེད་ལ། ཕ་སུ་ཡིན་མིན་ངོས་འཛིན་དཀའ་བའི་གནས་སུ་གྱུར་ནས་ཁྱིམ་ཚང་གི་འགན་ནུས་སོགས་འཁྱོངས་དཀའ་བ་ཡིན། སྐབས་དེ་དུས་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་རྣམ་པའི་རྩ་བ་ཚུགས་པ་ཙམ་ལས་ལོ་འདབ་རྒྱས་མེད་པའོ། དེ་ནི་མཁས་དབང་ དཔའ་རིས་སངས་རྒྱས་མཆོག་གིས་གསུངས་པ་ཇི་བཞིན། “གཉེན་སྒྲིག་དོན་ནི། ཁྱོ་ཤུག་མཉམ་དུ་འཚོ་བ་གཏོང་ཐབས་ཡིན་པས། ཕན་ཚུན་སེམས་མཐུན་ཞིང་བརྩེ་བ་ཆེ་བ། བློ་དཀར་ཞིང་གྲོས་འགྲིག་པ། སྐྱིད་ཡོད་ན་མཉམ་རྒྱག སྡུག་ཡོད་ན་མཉམ་བཏགས། བུ་ཕྲུག་ལེགས་པར་བསྐྱེད་སྲིང་བ། བུ་བུ་མོ་འཚར་ལོངས་ན། ཕ་མའི་དྲིན་ལན་གསོ་ཤེས་པ། སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་པ་ཞིག་ཡིན་དགོས”○11ཞེས་གསུངས་པ་བཞིན། གཉེན་སྒྲིག་ནི་ཁྱོ་ཤུག་མཉམ་དུ་འཚོ་བ་གཏོང་ཐབས་དང་། ཁྱིམ་ཚང་གི་འགན་ནུས་ཁུར་བཟོད་མཁན་ཞིག་ཡིན་དགོས་པ་ལས།ཕོ་མོའི་བར་གྱི་འདོད་བརྩེ་ཁོ་ན་ལོངས་སུ་སྤྱོད་པར་གཉེན་སྒྲིག་ཞེས་བརྗོད་ན་མི་འགྲིག་པའོ།། དེས་མ་ཟད། མ་རྒྱུད་སྤྱི་ཚོགས་ཀྱི་སྐབས་སུ་གཉེན་སྒྲིག་པའི་ལམ་ལུགས་དང་ལུགས་སྲོལ་ཞིག་ཆགས་མེད་དེ། “གཉེན་སྒྲིག་པའི་རྣམ་པ་ནི། ཚོ་བའི་ནང་གི་སྐྱེས་ཕོ་མོ་གང་རུང་འདོད་པ་སྤྱོད་པས་ན། ཚོགས་གཉེན་ཟེར་ ཞིང་། སྐབས་དེར་གཉེན་སྒྲིག་སྲོལ་ཆགས་མེད་པས། འཁོར་བ་འཛིན་ཚུལ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་ཅིའང་མེད། ཡ་ཐོག་ རྗེ་བོ་ཟེར་བ་མེད། མི་རྣམས་ཚོགས་པ་ཚོགས་པ་རེ་འདུས་ནས་བསྡད། མ་ངོ་ཤེས་ཀྱང་ཕ་ངོ་མི་ཤེས། ཉེ་དུ་དང་། ཕུ་ནུ་དང་། ཅེ་སྲིང་དང་། ཁྱོ་ཤུག་གི་ཁྱད་པར་མེད”○12ཅེས་པ་ལས་ཤེས་ནུས་པ་ཡིན། དེ་ནས་རིམ་བཞིན་རྡོ་ཆས་དུས་རབས(石器时代)སུ་འཕོ་འགྱུར་བྱུང་ཞིང་། རྡོ་ཆས་ནས་གཙོས་པའི་ལག་ཆ་དུ་མ་བཟོས་ནས་རྒྱུ་ནོར་དུ་མ་བསགས་ཤིང་འཕེལ་བས་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཚོ་པ་སོ་སོའི་གནས་ས་གཏན་ཆགས་སུ་སོང་ནས་ཕོ་མོའི་བར་གཉེན་སྒྲིག་བྱེད་པའི་རྣམ་པ་རྣལ་མ་ཞིག་བྱུང་ཞིང་། སྐབས་དེ་དུས་ཀྱི་གཉེན་སྒྲིག་གི་རྣམ་པ་ནི་བུད་མེད་ཅིག་ལ་སྐྱེས་པ་མང་བ་དང་། སྐྱེས་པ་གཅིག་བུད་མེད་དུ་མ་དང་ལྷན་དུ་བསྡེབས་བཞིན་ཡོད་པས་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་རྣམ་པ་དངོས་སུ་འགོ་ཚུགས་པ་ཞིག་རེད་སྙམ། དེ་རྗེས་བོད་ཀྱི་སྤྱི་ཚོགས་དེ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་སྤྱི་ཚོགས་སུ་ འཕོ་འགྱུར་བྱུང་ཞིང་། བཙན་པོ་སོགས་གོ་ས་དབང་ཐང་ཅན་དང་། དཔལ་འབྱོར་གྱི་རྨང་གཞི་ལེགས་པའི་སྐྱེ་བོ་ཉུང་ཤས་ཤིག་གིས་ཁྱོ་གཅིག་ཤུག་མང་གི་གཉེན་སྒྲིག་གི་རྣམ་པ་བཀོལ་བའི་སྣང་ཚུལ་ཕུད། དེ་བྱིངས་ཀྱི་འབངས་མི་དང་སྐྱེ་བོ་ཕལ་བ་ཚོས་རང་རང་གི་སྤྱི་ཚོགས་ཀྱི་ཐོན་སྐྱེད་འབྲེལ་བའི་དགོས་མཁོ་དང་དོ་མཉམ་པའི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་བཀོལ་སྤྱོད་བྱེད་པའི་རྣམ་པ་འབྱུང་བ་ཞིག་མིན་ནམ་སྙམ། འོན་ཀྱང་། གཙང་ཁུལ་ནི་བོད་རྒྱལ་གནམ་རི་སྲོང་བཙན་གྱི་སྐབས་བློན་པོ་ ཁྱུང་པོ་སྤུང་ཟད་ཟུ་ཙེས་གཙང་གི་རྒྱལ་པོ་མར་མུན་དཀྲོངས་ནས་གཙང་གི་ས་ཆ་དེ་རྒྱལ་བོ་ལ་ཕུལ་བ་ལ་བརྟེན་ནས་བོད་ཀྱི་མངའ་ཁོངས་སུ་འདུས་པ་ཞིག་ཡིན་པས། དེས་ན། གཙང་ཁུལ་དུ་དར་ཁྱབ་ཆེ་བའི་ཁྱོ་མང་ཤུག་གཅིག་གི་རྣམ་པ་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བའི་རྨང་གཞིའི་འོག་གྲུབ་ཅིང་འཕེལ་བའི་གཉེན་སྒྲིག་གི་རྣམ་པ་ཞིག་དང་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཀྱི་ཐོན་འབྲས(产物)རེད་ཅེས་བརྗོད་ན་ཆོག་སྙམ།
(༣)རིག་གནས་ཀྱི་རྒྱུ་རྐྱེན།  སྤྱིར་གཙང་ཁུལ་དུ་འཚོ་སྡོད་བྱེད་པའི་སྐྱེ་བོ་ཕལ་ཆེ་བའི་ཁྱོ་མང་ཤུག་གཅིག་གཉེན་སྒྲིག་གི་རྣམ་པ་དེ་ད་ལྟའི་བར་ཁོ་ཚོའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་དར་ཁྱབ་བྱུང་དོན་ནི་ཡུལ་གྲུ་དེ་གར་འཚོ་གནས་ལ་རོལ་བའི་སྐྱེ་བོ་རྣམས་ཀྱི་ཕ་མེས་ཡང་མེས་ཀྱི་དུས་ནས་དར་བའི་གཉེན་སྒྲིག་གི་རྣམ་པ་གལ་ཆེན་ཞིག་ཡིན་པས། གཉེན་སྒྲིག་གི་རྣམ་པ་དེ་ནི་ཁོ་ཚོའི་ སྲོལ་རྒྱུན་གྱི་གོམས་སྲོལ་ལྟ་བུར་གྱུར་ཡོད་པས་ཡིན་ལ། ཁོ་ཚོའི་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་གི་ཚད་གཞི་ངེས་ཅན་ཞིག་ཏུ་ གྱུར་ཡོད་པས་ཡིན། རྒྱུ་མཚན་ནི། གལ་ཏེ་ཁྱིམ་ཚང་ག་གེ་མོའི་ནང་གི་སྐྱེས་པ་ཞིག་གིས་ཁྱིམ་ཚང་དེ་ནས་བུད་དེ་རང་ཉིད་ཀྱིས་ཁྱིམ་ཚང་གསར་བ་ཞིག་བཙུགས་ན། ས་ཆ་དེ་གའི་མི་རྣམས་ཀྱི་སྣང་ངོར་ཁོ་ནི་ཕ་མ་ལ་བརྩི་བཀུར་མི་བྱ་མཁན་ཞིག་ཏུ་མཐོང་ཞིང་། ཁོའི་བྱེད་སྟངས་དེ་ལོག་སྤྱོད་ཀྱི་བྱ་བ་ཞིག(越轨行为)ཡིན་པར་རློམས་ནས། དེ་འདྲའི་སྐྱེ་བོར་མི་རྣམས་ཀྱི་བརྩི་བཀུར་དང་མཐོང་ཆེན་ཆེན་པོ་བྱེད་ཀྱི་མེད། འོན་ཀྱང་། བུ་སྤུན་ཆུང་མ་མཉམ་སྤྱོད་བྱེད་པའི་གཉེན་སྲོལ་སྤྱོད་མཁན་དེ་རིགས་ལ་ཚང་མས་ལུགས་དང་མཐུན་པ་དང་། མིའི་གཤིས་རྒྱུད་དང་ཡོངས་སུ་མཐུན་པའི་ཡ་རབས་སྤྱོད་བཟང་གི་བྱ་སྤྱོད་ཅིག་ཏུ་བརྩིས་ནས་ཁོ་ཚོའི་གུས་བཀུར་ཐོབ་ཀྱི་ཡོད།དེ་ནི་གེ་སར་སྒྲུང་གི་སྒྲུང་པ་གྲགས་ཅན་བསམ་གྲུབ་ལགས་ཀྱིས་གསུངས་པ་བཞིན།  “བུ་སྤུན་གཉིས་སྟག་མོ་ཁ་འཕྲོད་ཡིན། བུ་ཁ་ཐོར་ཁྱི་ཤིག་སྦར་གང་ཡིན”ཅེས་པ་སོགས་ལས་རྟོགས་ནུས་པ་ཡིན་པས། སྲོལ་རྒྱུན་གྱི་ཁྱིམ་རྒྱུད་འདུ་ཤེས་དྲག་པོ་དེས་གཉེན་སྲོལ་དེ་དར་གནས་ཐུབ་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་མིན་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་རྣམ་པ་དེ་རིག་གནས་དང་ཆ་འཕྲིན། དཔལ་འབྱོར་སོགས་དར་འཕེལ་ཆེ་བའི་གྲོང་ཁྱེར་དུ་བཀོལ་བ་ཆེས་ཉུང་ཉུང་ཡིན་ཞིང་། ཕལ་ཆེ་བ་རིག་གནས་དང་ཆ་འཕྲིན། དཔལ་འབྱོར་སོགས་དར་འཕེལ་ཆེས་དལ་བ་དང་།  འགྲིམ་འགྲུལ་སྟབས་བདེ་མིན་པའི་རོང་འབྲོག་ཁུལ་དུ་སྤྱོད་པ་ཆེས་མང་བ་ཡིན་པས། སྲོལ་རྒྱུན་གྱི་གཉེན་སྒྲིག་རྣམ་པ་དེ་ཁོ་ཚོ་འཚོ་སྡོད་བྱ་སའི་ཁོར་ཡུག་དུ་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་པ་ཞིག་ཡིན་རྐྱེན། ཁྱོ་གཅིག་ཤུག་གཅིག་ལྟ་བུའི་གཉེན་སྒྲིག་གི་རྣམ་པ་གཞན་པ་དང་ལེན་བྱ་དཀའ་བའི་གནས་སུ་གྱུར་ནས་སྔར་བཞིན་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་བཀོལ་བཞིན་ཡོད། དེས་ན། ཡུལ་གྲུ་སོ་སོའི་ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་རྣམ་པ་མི་འདྲ་བའི་དབང་གིས་ཁོ་ ཚོས་སྔར་བཞིན་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་བཀོལ་བཞིན་ཡོད་པའོ།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།