logo

གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ཞིབ་འཇུག

རྩོམ་པ་པོ།:རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-16 ཀློག་གྲངས།:
གསུམ་པ།   གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་དེའི་དགེ་སྐྱོན་ཕྲན་བུ།
         སྤྱིར་གཉེན་སྲོལ་ནས་གཙོས་པའི་རིག་གནས་ཀྱི་རྣམ་པ་གང་འདྲ་ཞིག་ཡིན་རུང་། དེར་དགེ་མཚན་གྱི་ཆ་ལྡན་ཡོད་ལ། མི་དགེ་བའི་གནད་དོན་ཡང་ངེས་ཅན་ལྡན་ཡོད་པ་ཡིན་པས། རིག་གནས་གང་དེའི་དགེ་སྐྱོན་གཉིས་ཀའི་ཆ་ལ་དབྱེ་ཞིབ་དང་དཔྱད་པ་གཏང་ན། ད་གཟོད་བྱ་དངོས་དེའི་མཐར་ཐུག་གི་གནས་ལུགས་དམ་པ་མཐིལ་ཕྱིན་པ་ཞིག་ཤེས་ནུས་པ་ཡིན། གཤམ་ ལ་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་དེའི་དགེ་སྐྱོན་མདོར་ཙམ་གླེང་བར་བྱ་བ་ལ།
དང་པོ། གཉེན་སྲོལ་དེའི་དགེ་མཚན་ཕྲན་བུ་གླེང་ན།
(༡)དཔལ་འབྱོར་འཕེལ་རྒྱས་ཐད་ཐོན་པའི་དགེ་མཚན།
          དེ་ཡང་། ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེའི་དགེ་མཚན་ཆེ་ཤོས་ཅི་ཡིན་ཞེས་དྲིས་ཚེ། དེ་ནི་གཉེན་སྲོལ་དེས་དཔལ་འབྱོར་འཕེལ་རྒྱས་ཐད་ཐོན་པའི་དགེ་མཚན་རེད། རྒྱུ་མཚན་ཅི་ཡིན་ཟེར་ན། ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་ལག་བསྟར་བྱེད་བཞིན་པའི་ཁྱིམ་ཚང་དེར་ངལ་རྩོལ་གྱི་ནུས་ཤུགས་དུ་མ་མངའ་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་ཡོངས་ཁུངས་མང་པོ་ཡོད་པས་རེད། ཁོ་བོས༢༠༡༢ལོའི་ཟླ་བརྒྱད་པའི་ནང་བོད་ལྗོངས་རྣམ་གླིང་རྫོང་ནུབ་མ་ཤང་གི་གྲོང་ཚོ་དང་པོའི་དབུལ་ཕྱུག་དུད་ཚང་བཅུ་དྲུག་ལ་གཤིབ་བསྡུར་གྱི་སྒོ་ནས་བརྟག་དཔྱད་བྱས་པ་གཤམ་གསལ་ལྟར།

ཀ     ཕྱུག་པོའི་དུད་ཚང་བརྒྱད་ཀྱི་ཁྱིམ་ཚང་སྒྲིག་གཞི།

ཁ      དབུལ་པོའི་དུད་ཚང་བརྒྱད་ཀྱི་ཁྱིམ་ཚང་སྒྲིག་གཞི། 

         དབུལ་ཕྱུག་དུད་ཚང་ལ་གཤིབ་བསྡུར་བྱས་པའི་རེའུ་མིག་དེ་ལས་ང་ཚོས་ཤེས་རྟོགས་ཐུབ་པ་ནི། ཕྱུག་པོའི་དུད་ཚང་དག་ལ་བུ་སྤུན་མང་ཞིང་། དེ་དག་གི་གཉེན་སྒྲིག་རྣམ་པ་གཙོ་བོ་ནི་ཁྱོ་མང་ཤུག་གཅིག་ཡིན་པ་རེད།  འོན་ཀྱང་།  དབུལ་པོའི་དུད་ཚང་དག་གི་ཁྱིམ་ཚང་གི་གྲུབ་ཚུལ་གཙོ་བོ་ནི་བུ་སྤུན་ནས་གཙོས་པའི་ཁྱིམ་གྱི་མི་གྲངས་ཉུང་བ་དང་། གཉེན་སྒྲིག་གི་རྣམ་པ་གཙོ་བོ་ནི་ཁྱོ་གཅིག་ཤུག་གཅིག་ཡིན་པ་རེད། དེ་ལས། ཁྱོ་མང་ཤུག་གཅིག་གི་ཁྱིམ་ཚང་གི་དཔལ་འབྱོར་ཆུ་ཚད་སྤྱིའི་ཆ་ནས་བཤད་ན་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་རྣམ་པའི་ཁྱིམ་ཚང་ལས་ཅུང་མཐོ་བ་ཡོད་པ་གསལ་བཤད་བྱེད་ནུས་པ་ཡིན་ལ། རོང་འབྲོག་ཁུལ་ལ་ཆ་མཚོན་ནས་བཤད་ན། ངལ་རྩོལ་གྱི་ནུས་ཤུགས་ཕུན་སུམ་ཅི་ཙམ་ཚོགས་ན་ཁྱིམ་ཚང་གི་དཔལ་འབྱོར་སྒྲིག་གཞི་དེ་ཙམ་གྱིས་སྲ་ཞིང་བརྟན་པ་ཡོད་པ་ཤེས་ཐུབ་པས། ཁྱོ་མང་ཤུག་གཅིག་གིས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་བར་འབྲེལ་ཟམ་གྱི་ནུས་པ་ཐོན་གྱི་ཡོད།
(༢)འཆར་ལྡན་བུ་བཙའི་དགོས་པ་དང་མཐུན་པ།  འཆར་ལྡན་བུ་བཙའ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཤེས་དཔལ་ལྡན་པའི་སྤྱི་ཚོགས་སུ་འཕོ་འགྱུར་བྱུང་རྗེས། རང་བྱུང་ཁོར་ཡུག་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོི་དང་བསྟུན་ ནས་གཏན་འབེབས་ལག་བསྟར་བྱེད་པའི་སྲིད་ཇུས་ཤིག་ཡིན་ཞིང་། དེས་མི་འབོར་ལ་ཚད་བཀག་དང་མིའི་སྤུས་ཚད་གོང་ མཐོར་གཏོང་བར་ཕན་ནུས་ངེས་ཅན་ལྡན་ཡོད་པ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་རྩ་ཁྲིམས》ནང་འདི་ལྟར་འཁོད་ཡོད་དེ། “རྒྱལ་ཁབ་ཀྱིས་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་རྒྱ་ཁྱབ་དུ་བཏང་ནས། མི་འབོར་གྱི་འཕར་སྣོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་དོ་མཉམ་པའི་ངང་འཕེལ་བའི་སླད་དུ་ཡིན”ཅེས་དང་། “ཁྱོ་ཤུག་གཉིས་པོར་འཆར་ལྡན་བུ་བཙའ་ལག་བསྟར་བྱེད་པའི་འོས་འགན་ཡོད”○13ཅེས་འཁོད་ཡོད་ལ། 《གཉེན་སྒྲིག་ བཅའ་ཁྲིམས》ནང་དུའང་འཆར་ལྡན་བུ་བཙའ་དེ་རྩ་བའི་རྨང་གཞི་ལྟ་བུར་བཟུང་ནས་བཀོད་ཡོད་པའོ། གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེས་མ་གཞི་འཆར་ལྡན་བུ་བཙའི་སྲིད་ཇུས་བཞིན་བྱིས་པ་གཅིག་གཉིས་ཙམ་བཙའ་བ་ཞིག་མ་ཡིན་ཀྱང་། དེས་འཆར་ལྡན་བུ་བཙའི་དགོས་མཁོ་དང་མཐུན་ཡོད་ཅེས་བརྗོད་ཆོག་སྟེ། བུ་སྤུན་ཆུང་མ་མཉམ་ལེན་ བྱས་ནས་བཙས་པའི་བྱིས་པའི་གྲངས་འབོར་དེ་ཁྱོ་གཅིག་ཤུག་གཅིག་གི་བཟའ་ཚོ་གཉིས་ནས་བཙས་པའི་བྱིས་པའི་ཁ་གྲངས་ལས་ཉུང་བ་ཡོད་པ་ཡིན་པས། དེས་མི་འབོར་འཕར་སྣོན་འགྲོ་བར་ཚད་བཀག་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད་པ་རེད།
(༣)ཁྱིམ་ཚང་གོང་བུ་གཅིག་སྒྲིལ་གྱི་དགེ་མཚན། 
         བོད་ཀྱི་གཏམ་དཔེར། “མཛུབ་མོ་ལྔ་བཅིངས་ཁུ་ཚུར། མདུང་ངེ་གཅིག་ལ་མཆི་མ”ཞེས་པ་ལྟར། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས། ཁྱིམ་ཚང་གཅིག་དང་མི་རིགས་ཤིག  རྒྱལ་ཁབ་གང་འདྲ་ཞིག་ལ་ཆ་མཚོན་ནས་བཤད་ཀྱང་། མཐུན་སྒྲིལ་ནི་ མེད་དུ་མི་རུང་བ་རེད། ཁྱིམ་ཚང་ག་གེ་མོར་ཆ་མཚོན་ནས་བཤད་ཀྱང་། ཁྱིམ་ཚང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངལ་རྩོལ་གྱི་ནུས་ཤུགས་ཕུན་སུམ་ཚོགས་པོ་དགོས་པ་ཡིན་ལ། ངལ་རྩོལ་ནུས་ཤུགས་དུ་མ་ཡོད་ཀྱང་གལ་ཏེ་དེ་དག་གོང་བུ་ གཅིག་ཏུ་བསྒྲིལ་མི་ཐུབ་ཚེ་དེ་ཡང་སྟོབས་ཤུགས་སུ་འགྱུར་དཀའ་བ་ཡིན། གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་ རྣམ་པ་དེས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཁ་འཐོར་དུ་འགྲོ་བར་བཀག་འགོག་གི་ནུས་པ་ཐོན་ཅིང་། ཁྱིམ་ཚང་གི་བུ་སྤུན་རྣམས་ལྷན་དུ་འདུག་ནས་ཁྱིམ་ཚང་གོང་བུ་གཅིག་ཏུ་བསྒྲིལ་ཐུབ་རྒྱུར་མེད་ན་མི་ཆོག་པའི་ནུས་པ་ཐོན་གྱིན་ཡོད། གལ་ཏེ་ གཉེན་སྒྲིག་གི་རྣམ་པ་དེ་བཀོལ་སྤྱོད་མི་བྱས་ཚེ། བུ་སྤུན་རེ་རེས་ཆུང་མ་རེ་རེ་དང་ལྷན་དུ་ཁྱིམ་ཚང་གསར་བ་ཞིག་བཙུགས་ ནས་མི་ཚེ་དོན་གཉེར་བྱེད་ཀྱི་ཡོད་རྐྱེན། ཁྱིམ་ཚང་གོང་བུ་གཅིག་སྒྲིལ་མི་ཡོང་ལ། ཁྱིམ་ཚང་གཉིས་པོའི་འབྲེལ་འདྲིས་ཀྱང་ དུས་རྒྱུན་བཞིན་མིན་པར་ཉུང་དུ་འགྲོ་གི་ཡོད།
(༤)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཐོན་པའི་དགེ་མཚན།   མིའི་རིགས་ཀྱི་བཟའ་བཏུང་གྱོན་པ་ཡོད་དོ་ཅོག་རང་བྱུང་ ཁམས་ལས་འབྱུང་གི་ཡོད་རྐྱེན། མི་བུ་སོ་སོས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་རྒྱུ་ནི་ཚང་མའི་དོར་ཐབས་མེད་པའི་འགན་ཁྲི་ ཉག་གཅིག་ཡིན། གཙང་ཁུལ་མི་རྣམས་ཀྱིས་ཀྱང་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེ་འདྲ་ཞིག་ལག་བསྟར་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པའི་རྩ་དོན་དང་མཐུན་པར་བྱེད་ཀྱི་ཡོད་དེ། བུ་སྤུན་ཆུང་མ་མཉམ་ལེན་བྱས་ན། ཚང་མ་ཐུན་མོང་ཐོག་ཁྱིམ་ཚང་གཅིག་གི་ནང་དུ་འཚོ་བར་རོལ་ཆོག་པས། ཁྱོ་གཅིག་ཤུག་གཅིག་བཞིན་སྐྱེས་པ་རེ་རེས་ཁྱིམ་ཚང་རེ་རེ་བཙུགས་ནས་མི་ཚེ་གཏོང་ཐབས་མིན་པས། དེས་གནས་དེའི་ས་རྡོའི་ཐོན་ཁུངས་དང་། ཤིང་ཆ་ནས་གཙོས་པའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་པ་སྨྲ་ཅི་དགོས། དེ་མིན། ཁྱོ་མང་ཤུག་གཅིག་དེས་མི་འབོར་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྦྱིན་པའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བར་ཕན་པ་ཡོད་ལ། གནས་དེའི་མཁའ་རླུང་ནས་གཙོས་པའི་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་པའི་ཐད་ཕན་པ་མི་དམན་པ་ཞིག་ཡོད་དོ།།
གཉིས་པ།  མི་དགེ་བའི་གནད་འགའ། 
(༡)ཕོ་མོའི་བར་གྱི་གཉེན་སྒྲིག་རང་དབང་ལ་བཀག་རྒྱ་བཟོ་བ།
          ཕ་མས་བུ་ཕྲུག་གི་གཉེན་དོན་ལ་ཐེ་གཏོགས་བྱེད་པ་དང་། བུ་ཕྲུག་གི་གཉེན་སྒྲིག་ཕ་མས་གཏན་འཁེལ་བྱེད་པའི་བཀས་བཀོད་རྒྱུད་འཛིན་གྱི་སྲོལ་རྒྱུན་ངན་པ་དེ་རིགས་དུས་དེང་སང་ཡང་གཙང་ཁུལ་གྱི་ས་ཆ་ཕལ་ཆེ་བར་གོམས་གཤིས་དང་ལུགས་སྲོལ་ལྟ་བུར་གྱུར་འདུག་ཅིང་།  ཕ་མས་བུ་ཕྲུག་གི་འདོད་བློ་དང་རང་དབང་ལ་བརྩི་བཀུར་མི་བྱེད་པར། བུ་ལ་མནའ་མ་ལེན་རྒྱུ་དེ་རང་གི་ལས་འགན་དུ་བརྩིས་ཏེ། ཕ་མའི་མོས་འདོད་ལྟར་ཕྱོགས་གཉིས་པོའི་ཁྱིམ་ཚང་གི་འབྲེལ་བ་དང་། རིགས་རུས་ གཙང་བཙོག དབུལ་ཕྱུག་གི་ཁྱད་པར། བུ་མོའི་ལས་ཀའི་འཇོན་ནུས་སོགས་རྒྱུ་ཚོགས་དུ་མ་ལ་བརྟེན་ཅིང་བརྟག་ནས་བུ་ཕྲུག་གི་མི་ཚེའི་དོན་ཆེན་ཐག་གཅོད་བྱེད་ཀྱིན་ཡོད། དེ་ལས་ཀྱང་དགོད་བྲོ་བ་ཞིག་ལ། ཁྱིམ་ཚང་མི་ཉུང་བ་ཞིག་གི་བུ་ཕྲུག་ལ་ཆུང་མ་ལེན་པའི་སྐབས། གཉེན་སྟོན་གྱི་ཉིན་དང་པོའི་ཉིན་མོར་སྐྱེས་པ་དེས་རང་གི་ཆུང་མ་མཐོང་བ་ཐེངས་དང་པོར་གྱུར་ཡོད་ པས། ཕན་ཚུན་འབྲེལ་འདྲིས་དང་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པའི་ཕོ་མོ་གཉིས་པོ་དེ་ལྟར་ཕ་མའི་བཀའ་བཞིན་གཉེན་སྒྲིག་བྱེད་ཀྱི་ཡོད་པ་དེ་རེད། དཔེར་ན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཚན་པའི་ཞིབ་ འཇུག་ཆེན་མོ་བ་རྒྱང་འཁོར་ཚེ་ཕུན་ལགས་ཀྱིས་སྤྱི་ལོ༢༠༠༦ལོར་གཞིས་རྩེ་པ་སྣམ་རྫོང་བཀྲ་ཤར་ཤང་ཁུལ་གྱི་དགེ་འཁོར་ རྫོང་གྲོང་ཚོར་བརྟག་ཞིབ་བྱས་པ་ལྟར་ན། “གྲོང་ཚོ་ཡོངས་ལ་དུད་ཚང༤༢ཡོད་པའི་ནང་བསྡོམས་བཟའ་ཚོ༥༦ཡོད་པ་དང་། དེའི་ཁྲོད་རང་མོས་དགའ་འདུ་བྱས་པ་ཁྱོ་ཤུག༡༣ཡོད་པས་གྲོང་ཚོ་དེའི་བཟའ་ཚོ་སྤྱིའི་བརྒྱ་ཆ༢༣.༢༡ཟིན་པ་དང་། ཕ་མས་འགྲོ་སྟངས་ཐག་གཅོད་བྱས་པ་ཁྱོ་ཤུག༤༣ཡོད་པས་བཟའ་ཚོ་སྤྱིའི་བརྒྱ་ཆ༧༦.༧༩ཟིན་གྱི་ཡོད”○14ཅེས་འཁོད་འདུག དེ་ལྟ་བུའི་དཔེ་གཞི་ལས། གཙང་ཁུལ་དུ་ཕ་མས་བུ་ཕྲུག་གི་གཉེན་དོན་གཏན་འཁེལ་བྱེད་བཞིན་པའི་སྣང་ཚུལ་ཅུང་རྒྱུན་གཏན་ཡིན་པ་ཤེས་ནུས་པ་ཡིན།
         གནས་ཚུལ་དེའི་དབང་གིས་ཁྱོ་ཤུག་བཟའ་ཚོ་ཁ་ཐོར་དུ་འགྲོ་བའི་སྣང་ཚུལ་དུ་མ་ཐོན་གྱིན་ཡོད་ཅིང་། བུ་ཕྲུག་དང་ཕ་ མའི་བར་ལའང་འགལ་བ་མི་ཉུང་བ་ཞིག་ཐོན་གྱིན་ཡོད། དེ་ལས་ཕ་མས་བུ་ཕྲུག་གི་གཉེན་སྒྲིག་རང་དབང་ལ་བཀག་རྒྱ་བཟོ་ བཞིན་ཡོད་པ་ཤེས་ནུས་པ་ཡིན་ལ། བུ་ཕྲུག་ཚོས་རང་དབང་གི་གཉེན་སྒྲིག་ལ་བརྩོན་ལེན་དང་། རེ་འདུན་ཟབ་མོ་བཅངས་ བཞིན་ཡོད་པ་ཤེས་ནུས། གཙང་ཁུལ་གྱི་དམངས་གཞས་ནང་དུའང་།  “ཆུང་འདྲིས་བྱམས་པ་ལྷ་རེད། །  བྱམས་པའི་ཡབ་ཡུམ་བདུད་རེད། ། ང་ལ་བདུད་ཀྱི་བར་ཆད། ། གཏོང་བ་གནང་ནས་གང་ཡོང་། ། ”ཞེས་དང་། ཡང་དཔེར་ན། “ང་རང་བྱམས་པ་འཚོལ་བར། ། ཕ་མས་བཀག་འགོག་མ་གནང་། ། ཡབ་ཡུམ་དགུང་ལོ་ཆུང་དུས། ། ཐུགས་ལ་དྲན་པ་གནང་དང་། །”ཞེས་པའི་དམངས་གཞས་ནང་དུའང་བུ་ཕྲུག་གི་གཉེན་དོན་ཕ་མས་གཏན་འཁེལ་བྱེད་པ་དང་། བུ་ཕྲུག་གི་གཉེན་སྒྲིག་རང་དབང་ལ་ཕ་མས་བཀག་འགོག་བྱེད་པའི་སྣང་ཚུལ་ལ་ཟུར་ཟ་སུན་འབྱིན་བྱས་ཡོད་ལ། བུ་ཕྲུག་ཚོས་རང་དབང་གི་གཉེན་སྒྲིག་ལ་རེ་སྙེགས་བྱེད་བཞིན་ཡོད་པའང་མཚོན་ནུས།  དེ་བཞིན་རིགས་རུས་མཐོ་དམན་གྱི་བར་དབྱེ་བ་ཐ་དད་དུ་ཕྱེས་ནས། ནམ་རྒྱུན་ཕོ་མོ་ གཉེན་སྒྲིག་མ་བྱས་གོང་ཕྱོགས་གཉིས་ཀའི་ཁྱིམ་ཚང་གི་རིགས་རུས་གཙང་བཙོག་གང་ཡིན་མིན་ལ་ནན་གྱིས་བརྟག་གིན་ཡོད་དེ། སྔགས་པའི་རིགས་སོགས་རིགས་རུས་མཐོ་བར་བརྩི་བ་དང་། མགར་བ་དང་།  བཤན་པའི་རྒྱུད་ལས་མཆེད་པའི་མི་བུ་དག་རིགས་རུས་དམན་པར་བརྩིས་ནས་དུས་རྒྱུན་ཁོ་ཚང་གི་བཟའ་བཏུང་སོགས་ལ་འཛེམས་པ་དང་། དེ་ཚང་གི་བུ་མོ་མནའ་མར་ མི་ལེན་པ་སོགས་བཀས་བཀོད་རྒྱུད་འཛིན་གྱི་རིགས་རུས་ཐ་དད་དུ་ཕྱེ་བའི་སྲོལ་རྒྱུན་ངན་པ་སྔར་བཞིན་གནས་བཞིན་འདུག དེས་གཞན་གྱིས་མི་རྒྱུད་ལ་བརྩི་མཐོང་མི་བྱེད་པ་དང་། གཞན་གྱི་མི་གཤིས་ལ་བརྩི་འཇོག་མི་བྱེད་པའི་རིག་གནས་ཀྱི་མཁའ་ དབུགས་སྟུག་པོ་ཞིག་གཙང་ཁུལ་དུ་གནས་ཡོད་པ་ཤེས་ངེས།
(༢)ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་དང་རྒྱང་དུ་གྱེས་པ།  དེ་ཡང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ནང་། སྐྱེས་པ་གཅིག་ལ་ཆུང་མ་གཅིག་ཅན་གྱི་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་ལག་བསྟར་བྱེད་དགོས་པའི་དོན་ཚན་གཏན་འབེབས་བྱས་ཡོད་ཀྱང་། གཙང་ཁུལ་གྱི་རོང་འབྲོག་ཁུལ་ཕལ་ཆེ་བར་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། དེས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་དང་ཅུང་ཟད་རྒྱང་དུ་གྱེས་ཡོད་པ་ཤེས་ནུས། རྒྱུ་མཚན་ནི། ཁྱོ་མང་ཤུག་གཅིག་དང་ཁྱོ་གཅིག་ཤུག་གཅིག་ནི་ངོ་བོ་དང་རྣམ་པ་མི་འདྲ་བའི་གཉེན་སྒྲིག་བྱེད་སྲོལ་ཁག་གཉིས་ཡིན་ལ། བཟའ་ཚོ་གཉིས་པོའི་གཉེན་སྒྲིག་གི་ལོ་ཚད་ཀྱི་ཐད་ནས་བཤད་ཀྱང་འགལ་བ་ཅུང་ཟད་ཡོད་དེ།  《གཉེན་སྒྲིག་བཅའ་ཁྲིམས》ནང་དུ། བཟའ་ཚོ་གཉིས་གཉེན་སྒྲིག་བྱ་དགོས་ཚེ། སྐྱེས་པའི་ལོ་ཚད་ཉི་ཤུ་རྩ་གཉིས་སམ་ཉི་ཤུ་རྩ་གཉིས་ཡན་ཡིན་དགོས་པ་དང་། བུ་མོའི་ལོ་ཚད་དེ་ཉི་ཤུའམ་ཉི་ཤུ་ཡན་དགོས་ཞེས་ཁ་གསལ་གཏན་འབེབས་བྱས་ཡོད་ཀྱང་། གཙང་ཁུལ་གྱི་ཡུལ་གྲུ་ལ་ལར་སྐྱེས་པའི་ལོ་ཚད་བཅུ་བཞི་དང་། བཅོ་ལྔ། བཅུ་དྲུག་ཙམ་ལས་སོན་མེད་ཀྱང་གཉེན་སྒྲིག་བྱེད་ཀྱིན་ཡོད་ལ། བུ་མོའི་ལོ་ཚད་བཅོ་ལྔ་དང་། བཅུ་དྲུག བཅུ་བདུན་ཙམ་ལས་སོན་མེད་ཀྱང་མནའ་མར་འགྲོ་གིན་ཡོད་པས་རེད། གཞན་ད་དུང་གཉེན་སྒྲིག་དཔང་ཡིག་གི་ངོས་ནས་བཤད་ཀྱང་། ཁྱོ་གཅིག་ཤུག་གཅིག་གི་བཟའ་ཚོ་གཉིས་ལ་གཉེན་སྒྲིག་དཔང་ཡིག་ཡོད་ཀྱང་། ཁྱོ་མང་ཤུག་གཅིག་གི་བཟའ་ཚོའི་བར་ལ་ཆ་མཚོན་ན། བུ་སྤུན་འགའ་ ལ་གཉེན་སྒྲིག་དཔང་ཡིག་གཅིག་ལས་མེད་པས། ཁྲིམས་ལུགས་ཐོག་ནས་གཏན་འབེབས་བྱས་པའི་ཕྲུ་གུའི་ཕ་སུ་ཡིན་མིན་ བཤད་དཀའ་བའི་གནས་སུ་གྱུར་བ་རེད། དེས་ན། གཙང་ཁུལ་གྱི་རོང་འབྲོག་ཁུལ་དུ་དར་ཁྱབ་ཆེ་བའི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེ་མ་གཞི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་བཅའ་ཁྲིམས་དང་ཅུང་ཟད་རྒྱང་དུ་གྱེས་ཡོད་ཀྱང་། ས་ཆ་དེ་གར་ཆ་མཚོན་ནས་བཤད་ན་ཡུལ་ཁྲིམས(习惯法)ལྟ་བུའི་རྣམ་པའི་སྒོ་ནས་གནས་ཡོད་པའོ།།
(༣) གཙང་ཁུལ་གྱི་མི་འབོར་འཕེལ་རྒྱས་ཡོང་བར་ཤུགས་རྐྱེན་ཐེབས་པ།
ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེས་ཚད་གཞི་ངེས་ཅན་གྱི་ཐོག་ནས་མི་འབོར་འཕེལ་རྒྱས་ཡོང་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། གཙང་ཁུལ་གྱི་མི་འབོར་དེ་དབུས་གཙང་ཁུལ་གྱི་ཡུལ་གྲུ་གཞན་པ་དང་བསྡུར་ན་མི་གྲངས་ཅུང་མང་བའི་གྲས་སུ་སླེབས་ཀྱི་ཡོད་ཀྱང་། དེས་སྔར་རྒྱུན་བཞིན་གཙང་ཁུལ་ཁུལ་གྱི་མི་གྲངས་ཇེ་མང་དུ་འགྲོ་བར་འགོག་རྐྱེན་བཟོ་གི་ཡོད་དེ། གལ་ཏེ་ཁྱིམ་ཚང་གང་དེའི་སྐྱེས་པ་རེ་རེས་བུད་མེད་རེ་རེ་ཆུང་མར་བསུས་ནས་ཁྱིམ་ཚང་གི་འཚོ་བ་ལ་རོལ་ན། ཆུང་མ་སོ་ སོར་བྱིས་པ་གཉིས་གསུམ་བཙས་ཆོག་ཀྱང་། ཁྱོ་མང་ཤུག་གཅིག་དེས་སྐྱེས་པ་དུ་མས་བུད་མེད་གཅིག་ལྷན་དུ་ཆུང་མར་བསུས་ ནས་མི་ཚེ་ཕུད་ཐབས་བྱེད་ཀྱི་ཡོད་པས། བྱིས་པ་བཙའ་བའི་ཐོན་ཁུངས་ཉུང་དུ་ཕྱིན་པའི་དབང་གིས་མི་གྲངས་ཉུང་དུ་འགྲོ་བ་ནི་གོར་མ་ཆག  མི་གྲངས་ཉུང་དུ་ཕྱིན་ན། ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཉུང་དུ་ཕྱིན་པས། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད། རྒྱུ་མཚན་ནི་རོང་འབྲོག་ཁུལ་དུ་ཕྱུག་རྫི་དང་ལུག་རྫི། ཞིང་ལས་གཉེར་མཁན་སོགས་ ལ་ངལ་རྩོལ་ནུས་ཤུགས་ཕུན་སུམ་ཚོགས་པོ་དགོས་ཀྱི་ཡོད་པས། མི་གྲངས་ཇི་ཙམ་ཉུང་ན་ངལ་རྩོལ་ནུས་ཤུགས་དེ་ཙམ་གྱིས་ཉུང་བ་ཡིན་ཞིང་། ངལ་རྩོལ་ནུས་ཤུགས་ཇི་ཙམ་གྱིས་ཞན་ན། དཔལ་འབྱོར་གྱི་ཆུ་ཚད་དེ་ཙམ་གྱིས་དམའ་བས་སོ།།
(༤)ཕོ་མོའི་བར་གྱི་བརྩེ་དུང་གི་འདོད་པ་ལོངས་སུ་སྤྱོད་པར་འགོག་རྐྱེན་བཟོ་བ། 
         གོང་དུ་བརྗོད་པ་བཞིན། ཁྱོ་མང་ཤུག་གཅིག་ནི་སྐྱེས་པ་གཉིས་སམ་གཉིས་ཡན་ཆད་ཀྱིས་བུད་མེད་གཅིག་ཆུང་མར་ བླངས་ནས་གཉེན་སྒྲིག་པའི་རྣམ་པ་ཞིག་ལ་བྱ་བས་ན། དེས་ཁྱོ་གཅིག་ཤུག་གཅིག་བཞིན་ཆུང་མ་གང་དེ་སྐྱེས་པ་ཁེར་བུས་ ལོངས་སུ་སྤྱོད་ནུས་པ་ཞིག་མ་ཡིན་པར། ཆུང་མ་གང་དེས་བུ་སྤུན་ཚང་མའི་འདོད་པ་སྐོང་དགོས་པས། བུ་སྤུན་ག་གེ་མོས་ཆུང་མ་དེ་རང་ཉིད་ཁེར་བུས་ལོངས་སུ་སྤྱོད་ཆོག་པ་ཞིག་མ་ཡིན་རྐྱེན། བུ་སྤུན་དག་གིས་ཕོ་མོའི་བར་གྱི་བརྩེ་དུང་གི་འདོད་པ་ཡིད་ཚིམས་པ་ཞིག་ལོངས་སུ་སྤྱོད་ཐུབ་རྒྱུར་འགོག་རྐྱེན་བཟོ་ཞིང་། སྐྱེས་པ་ག་གེ་མོའི་འདོད་པ་དུས་ཐོག་ཏུ་བསྐོང་བ་ལའང་ཚད་བཀག་རང་བཞིན་ཡོད་པ་གདོན་མི་ཟ།  རྐྱེན་དེའི་དབང་གིས། སྐྱེས་པ་ཚོས་གཉེན་སྒྲིག་ལས་འདས་པའི་ཚུལ་མིན་གྱི་འདོད་ པ་ལ་འཇུག་པའི(婚外情)སྣང་ཚུལ་ཐོན་གྱི་ཡོད་པས། དེས་བཟའ་ཚོ་འཆམ་མཐུན་དང་། ཁྱིམ་ཚང་བརྟན་བརླིང་ཅན་ཞིག་ཡོང་བར་བར་ཆད་བཟོ་བཞིན་ཡོད་པ་རེད།
བཞི་བ།  གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྲོལ་དེའི་ཁྱད་ཆོས། 
          གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་ལ་སྤྱིར་ན་ཡུལ་གྲུ་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་ངེས་ཀྱང་། འདིར་ གནད་གཙོ་བོ་འགའ་ཅུང་ཟད་བཤད་ན།  ཐོག་མར། མ་གཞི་ལོ་རྒྱུས་ཐོག་རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་དང་མི་རིགས་འགའ་ལའང་གཉེན་སྒྲིག་གི་རྣམ་པ་དེ་བཀོལ་སྤྱོད་བྱེད་ཀྱིན་ཡོད་ཀྱང་། ཁྱོ་མང་ཤུག་གཅིག་ནི་བོད་རང་གི་སྲོལ་རྒྱུན་གྱི་གཉེན་སྒྲིག་བྱེད་སྲོལ་ཅིག་ཡིན་ཅེས་བརྗོད་ཆོག  དཔེར་ན། གླིང་སྒྲུང་ནང་དུའང་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གི་ཤོད་སྲོལ་མཆིས་ཏེ། “གེ་སར་སྒྲུང་ནང་གླིང་གེ་སར་རྒྱལ་བོ་ནི་གཉན་ཆེན་གེར་ཚོ་དང་། འགོག་ཟ་ལྷ་མོ། སེང་བློན་གསུམ་འདུས་པ་ལས་སྐུ་འཁྲུངས་པར་བཤད་སྲོལ་ཡོད། དེ་ལས་གནའ་དུས་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་གོམས་སྲོལ་གནས་ཡོད་པ་གསལ་བར་མངོན”○15ཅེས་པ་ལས་རྟོགས་ནུས་པ་ཡིན། དེ་བཞིན་གཙང་ཁུལ་ནས་གཙོས་པའི་བོད་ཡུལ་གྱི་ས་ཆ་ཕལ་ཆེ་བར་ཉེ་དུ་ གཉེན་སྒྲིག་བྱེད་པ་འཛེམས་བྱར་བརྩི་བ་དང་། ཕ་ཚན་མི་རབས་བདུན་གྱི་བརྒྱུད་པ་དང་། མ་ཚན་མི་རབས་ལྔ་ཚུན་ཆད་དུ་གཉེན་སྒྲིག་བྱེད་སྲོལ་མེད། རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ནང་དུ་འདི་ལྟར་འཁོད་ཡོད་དེ། “གདུང་རྒྱུད་ཀྱི་ གཉེན་ཚན་དང་། མི་རབས་གསུམ་ཚུན་ཆད་ཀྱི་བརྒྱུད་པའི་གཉེན་ཚན་གཉེན་སྒྲིག་བྱེད་མི་ཆོག”○16ཅེས་ཤ་རུས་གདུང་རྒྱུད་ གཅིག་གི་ཕོ་མོའི་བར་ལ་གཉེན་སྒྲིག་བྱེད་མི་ཆོག་ཅེས་འཁོད་ཡོད། འོན་ཀྱང་། གཙང་ཁུལ་དུ་དེའི་མི་རབས་གདུང་རྒྱུད་ཀྱི་བརྩི་སྲོལ་ཅུང་མི་འདྲ་བ་ཡིན་པ་ཤེས་དགོས་སོ།།  གལ་ཏེ་མི་རབས་གདུང་རྒྱུད་གཅིག་ལས་མཆེད་པའི་བུ་ཕྲུག་གི་བར་གཉེན་སྒྲིག་བྱས་ཚེ། ཚང་མས་འཕྱ་སྨོད་དང་མཐོང་ཆུང་བྱེད་པ་མ་ཟད། ཀླ་ཀློ་ཞེས་ཀུན་གྱི་སྣང་ངོར་ངོ་ཚ་ཁྲེལ་མེད་ཀྱི་བྱ་བ་ཞིག་ཏུ་བརྩི་བཞིན་ཡོད་ལ། མི་རབས་རྗེས་མའི་བདེ་ཐང་གི་ངོས་ནས་བཤད་ནའང་། “གཉེན་ཚན་བར་གཉེན་སྒྲིག་བྱས་ནས་སྐྱེས་པའི་བུ་ཕྲུག་ལ་རྒྱུད་འདེད་ཀྱི་ནད་གཞི(遗传病)ཕོག་ཚད་ལྡབ་གསུམ་ཡན་གྱི་མཐོ་བ་དང་། གཉེན་ཚན་ཕན་ཚུན་བསྡེབས ་ནས་བཙས་པའི་བུ་ཕྲུག་གི་འཆི་ཚད་དང་ཡ་མ་གཟུགས་སུ་འགྱུར་ཚད་ནི་ཉེ་དུ་གཉེན་ཚན་མིན་པའི་ཕོ་མོ་བསྡེབས་ནས་སྐྱེས་པའི་ཕྲུ་གུ་ལས་ལྡབ༡༥༠ཀྱིས་མཐོ་བ་ཡོད”○17ཅེས་སྣང་ཚུལ་ངན་པ་མི་འབྱུང་བའི་སླད་དུ་ཉེ་དུ་གཉེན་སྒྲིག་བྱེད་པ་འཛེམས་བྱར་བརྩི་བ་ཡིན།
          དེ་མིན་བཟའ་ཚོ་གཉིས་པོའི་ཁམས་དང་ལོ་རྟགས་ལའང་འཛེམས་བྱ་འགའ་ཡོད་དེ། གལ་ཏེ་ཕོ་མོ་ཟུང་གི་ལོ་རྟགས་ལ་བདུན་ཟུར་ཡོད་ཚེ་འཛེམས་བྱར་འཛིན་པ་ཡིན། བདུན་ཟུར་ནི། ཁྱི་འབྲུག་སྐད་ཀྱི་བདུན་ཟུར་དང་། བྱི་རྟ་རྨིག་པའི་བདུན་ ཟུར། སྟག་སྤྲེལ་རྩལ་གྱི་བདུན་ཟུར། ཕག་སྦྲུག་ཚང་གི་བདུན་ཟུར། གླང་ལུག་རྡུང་བའི་བདུན་ཟུར། བྱ་ཡོས་ཟས་ཀྱི་བདུན་ ཟུར་རོ། གལ་ཏེ་བུ་དང་མནའ་མའི་བར་ལ་བདུན་ཟུར་ཡོད་ཚེ་མ་འོངས་པར་བཟའ་ཚོ་གཉིས་འཆམ་མཐུན་མི་ཡོང་བའི་རྟགས་སུ་བརྩི་བཞིན་ཡོད་པས་ཡིན།དེ་དང་ཆ་འདྲ་བར་ཁྱོ་ཤུག་གཉིས་པོའི་ཁམས་ས་དང་ཆུ་སོགས་ཡིན་ན་ལེགས་པར་བརྩི་གིན་ཡོད་ལ། མེ་དང་ལྕགས་སོགས་འཁེལ་ན་རྣམ་རྟོག་ངན་པའི་རྟགས་སུ་བརྩི་བཞིན་ཡོད། དེ་བཞིན། གཙང་ཁུལ་དུ། ཆུང་མ་ གཅིག་ལ་བུ་སྤུན་གཉིས་ཅན་དང་། ཆུང་མ་གཅིག་ལ་བུ་སྤུན་གསུམ་ཅན། ཆུང་མ་གཅིག་ལ་བུ་སྤུན་བཞི་ཅན། ཐ་ན། ཆུང་མ་གཅིག་བུ་སྤུན་ལྔ་དང་དྲུག  བདུན་ལྷག་ཙམ་དང་གཉེན་སྒྲིག་བྱེད་པ་མཐོང་རྒྱུ་ཡོད། འོན་ཀྱང་། སྤྱིར་བཏང་དུ་ཆུང་མ་གཅིག་ལ་བུ་སྤུན་གཉིས་ཅན་དང་བུ་སྤུན་གསུམ་ཅན་ལྷན་དུ་འདུག་ནས་འཚོ་བར་རོལ་བ་ཅུང་རྒྱུན་གཏན་ཡིན། གཞན། ལོ་ན་ཆེས་རྒན་པའི་བུ་ལ་ཕྲུ་གུས་པཱ་ཕར་འབོད་ཅིང་། བུ་སྤུན་གཞན་པར་འབོད་སྲོལ་མང་དུ་མཆིས་ཀྱང་། ཁོ་བོའི་ཕ་ཡུལ་དུ་ཨ་ཁུར་འབོད་ཀྱི་ཡོད། ཡིན་ནའང་། གཙང་ཁུལ་དུ་ཆུང་མ་གང་དེའི་སྐྱེས་པ་ཚོའི་དབང་ཆ་དང་ཐོབ་ཐང་འདྲ་མཉམ་ཡིན་པས་ན། བུ་ སྤུན་ཚང་མར་རང་གི་བུ་ཕྲུག་ལ་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འགན་ཁྲི་དང་དབང་ཆ་ཡོད་པ་ཡིན། གཞན་ཡང་ང་ཚོས་བརྟག་དཔྱད་དང་ཉམས་ཞིབ་བྱས་པ་ལྟར་ན། སྤྱིར་བཏང་དུ་ཁྱོ་མང་ཤུག་གཅིག་བཀོལ་བཞིན་པའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་གཉེན་སྒྲིག་གི་རྣམ་པ་གཞན་པ་བཀོལ་བཞིན་པའི་ཁྱིམ་ཚང་ལས་ཅུང་ལེགས་པ་འདུག་སྟེ། དེའི་རྒྱུ་མཚན་ནི་ཁྱོ་མང་ཤུག་གཅིག་བཀོལ་བཞིན་པའི་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཕུན་སུམ་ཚོགས་པོ་ཡོད་པས། ཁྱིམ་ཚང་གི་སྐྱེས་པ་ འགའ་རེས་ཁྱིམ་དུ་བསྡད་ནས་ཞིང་འབྲོག་ལས་ཀྱི་ལས་ཀ་དོན་དུ་གཉེར་བ་དང་། སྐྱེས་པ་ལ་ལས་ས་ཆ་གཞན་དུ་སོང་སྟེ་ ཡོང་འབབ་གསོག་གིན་ཡོད་པས། ཁྱིམ་ཚང་གང་དེར་དཔལ་འབྱོར་གྱི་ཡོངས་ཁུང་མང་བས་ཡིན། དེ་མིན། “གཉེན་སྲོལ་གྱི་རྣམ་པ་དེས་ཁྱིམ་ཚང་གང་དེའི་མི་རབས་དུ་མའི་ས་ཞིང་ཁ་ཐོར་དུ་འགྲོ་བར་བཀག་འདོམས་བྱེད་ཐུབ་ཀྱི་ཡོད་དེ། གལ་ཏེ་ཁྱིམ་ཚང་གང་དེའི་བུ་སྤུན་སོ་སོས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལག་བསྟར་བྱས་ཚེ་ཁྱིམ་ལ་བསུས་པའི་ཆུང་མ་སོ་སོའི་བར་ཤ་རུས་ཀྱི་འབྲེལ་བ་ཅི་ཡང་མེད་པས། ཁྱིམ་ཚང་བརྟན་བརླིང་ཅན་ཞིག་མི་ཡོང་བར་ཁ་ཐོར་དུ་འགྲོ་ཉེན་ཆེ། འོན་ཀྱང་། ཁྱོ་མང་ཤུག་གཅིག་ནི་ཆུང་མ་གཅིག་དང་ཕུ་ནུ་མིང་སྲིང་གིས་གྲུབ་པའི་ཚོགས་པ་ཞིག་ཡིན་རྐྱེན། ཁྱིམ་ཚང་ཁ་ཐོར་དུ་འགྲོ་བའི་ཉེན་ཁ་ཆུང་བ་རེད”○18ཅེས་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་བྱེད་སྲོལ་དེས་ཁྱིམ་ཚང་བརྟན་བརླིང་དང་འཆམ་མཐུན་ཅན་དུ་མངོན་འགྱུར་ཡོང་བར་ཕན་པ་ངེས་ཅན་ཡོད་པ་ཡིན་ལ། གཉེན་སྲོལ་གྱི་རྣམ་པ་དེས་ཡུལ་གྲུ་དེ་གའི་མི་རྣམས་ཀྱི་ཀུན་སྤྱོད་དང་། རིན་ཐང་གི་ལྟ་བ་སོགས་བསམ་བློ་གཅིག་སྡུད་ཡོང་བར་གལ་ཆེན་ནུས་པ་ལྡན་ཡོད་པ་ཡིན།
ལྔ་བ།     གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་མ་འོངས་འཕེལ་ཕྱོགས་དང་དེའི་འཕེལ་རྐྱེན།  
          གཉེན་སྲོལ་ནས་གཙོས་པོའི་རིག་གནས་སམ་གཟུགས་ལྡན་གཟུགས་མེད་ཀྱི་བྱ་དངོས་ཅི་ཞིག་ཡིན་རུང་ཐམས་ཅད་འགྱུར་བའི་ཁྲོད་གནས་ཡོད་ཅིང་། ཡང་གཅིག་བཤད་ན། འགྱུར་བའི་རང་བཞིན་མངའ་བ་ནི་དངོས་པོའི་ཆོས་ཉིད་ཅིག་ཏུ་ གྲུབ་ཡོད། གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་སྲོལ་རྒྱུན་གཉེན་སྒྲིག་རྣམ་པ་དེའང་སྤྱི་ཚོགས་འཕོ་འགྱུར་འགྲོ་བ་དང་བསྟུན་ནས་རིམ་གྱིས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་ལམ་ལུགས་ཕྱོགས་སུ་འཕེལ་བཞིན་འདུག་སྟེ། ཁོ་བོས་ཕྲན་གྱི་ཕ་ཡུལ་ གཞིས་རྩེ་རྣམ་གླིང་རྫོང་ནུབ་མ་ཤང་གི་གྲོང་ཚོ་འགའ་ཞིག་ལ་བརྟག་དཔྱད་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་བྱས་པ་ལྟར་ན། ཤང་དེ་གའི་གྲོང་ཚོ་དང་པོར་སྤྱི་ལོ་ཉིས་སྟོང་ལོ་ཕན་ཆད་དུ་ཁྱོ་གཅིག་ཤུག་གཅིག་གི་དུད་ཚང༨ལས་མེད་ཀྱང་། ཉིས་སྟོང་ལོ་ནས་ད་བར་དུ་ཁྱོ་གཅིག་ཤུག་གཅིག་གི་དུད་ཚང༢༣དུ་འཕོ་འགྱུར་བྱུང་ཡོད། ཤང་དེའི་གྲོང་ཚོ་གཉིས་པར་བརྟག་ཞིབ་བྱས་པ་བརྒྱུད། ཉིས་སྟོང་ལོ་ཕན་ཆད་དུ་གྲོང་ཚོ་དེར་ཁྱོ་གཅིག་ཤུག་གཅིག་གི་དུད་ཚང་བཅུ་གཉིས་ཙམ་ལས་མེད་ཀྱང་། ད་ལྟའི་བར་གྲོང་ཚོ་དེར་ཁྱོ་གཅིག་ཤུག་གཅིག་གི་དུད་ཚང༣༡ཙམ་དུ་འཕོ་འགྱུར་ བྱུང་ཡོད། དེ་འདྲའི་འཕོ་འགྱུར་ཡོང་དོན་ཡང་སྲོལ་རྒྱུན་གྱི་བུ་སྤུན་ཆུང་མ་མཉམ་ལེན་གྱི་དུད་ཚང་མི་ཉུང་བ་ཞིག་སྐྱེས་པ་རེ་ལ་ཆུང་མ་གཅིག་ཅན་གྱི་ཁྱོ་གཅིག་ཤུག་གཅིག་གི་དུད་ཚང་གཉིས་སམ་གསུམ་ཅན་དུ་ཁ་གྱེས་པས་རེད། དེ་ལས་གཙང་ཁུལ་ གྱི་ཡུལ་གྲུ་མང་པོའི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེ་ཁྱོ་གཅིག་ཤུག་གཅིག་གི་ཕྱོགས་སུ་འཕེལ་བཞིན་ཡོད་པ་ར་སྤྲོད་ནུས་སོ། རིག་གནས་མིའི་རིགས་རིག་པའི་ནང་། འགྱུར་བ་ལ་ཁག་གཉིས་སུ་ཕྱེས་ནས་བཤད་ཡོད་དེ། དེ་ནི་ཚོར་མེད་རང་འགུལ་གྱི་འགྱུར་བ(无意识变迁)དང་།  རང་བཞིན་མིན་པའི་འགྱུར་བ(意识变迁)གཉིས་ཡིན། འོན་ཀྱང་།  གཙང་ཁུལ་གྱི་གཉེན་གྱི་འགྱུར་བ་དེ་གཙོ་བོ་ཚོར་མེད་རང་འགུལ་གྱི་འགྱུར་བར་གཏོགས་པ་ཡིན་ཏེ། དེ་ནི་གཞན་གྱིས་བཙན་ཤེད་དང་མཛུབ་སྟོན་སོགས་ཕྱི་རྐྱེན་ལ་བརྟེན་ནས་འགྱུར་བ་ཞིག་མིན་པར། ཁྱིམ་ཚང་གི་བུ་སྤུན་མི་འཆམ་པའམ་བུ་དང་ཆུང་མ་མི་འཆམ་པ་སོགས་ནང་རྐྱེན་ཀྱི་འགལ་བ་ལ་བརྟེན་ནས་འཕེལ་བའི་རིམ་འགྱུར(进化)གྱི་བརྒྱུད་རིམ་རྣམ་པ་ཞིག་རེད།  གཤམ་ལ་ཁྱོ་མང་ཤུག་གཅིག་དེ་ཁྱོ་གཅིག་གི་ཕྱོགས་སུ་འཕེལ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཕྲན་བུ་བྱས་ན།
(༡)སློབ་གསོའི་རྒྱུ་རྐྱེན།  གཙང་ཁུལ་གྱི་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་རྣམ་པ་དེ་ཁྱོ་གཅིག་ཤུག་གཅིག་གི་ཕྱོགས་སུ་འཕེལ་བའི་རྐྱེན་གཙོ་བོ་ཞིག་ནི་སློབ་གསོར་རགས་ལས་ཡོད་དེ། རང་ལྗོངས་སུ་ལོ་འགུའི་འགན་བབ་སློབ་གསོ་ལག་བསྟར་ བྱས་པ་ནས་བཟུང་། ཁྱིམ་ཚང་གི་བུ་ཕྲུག་ཕལ་ཆེ་བ་སློབ་གྲྭར་སློབ་གསོ་མྱོང་བར་འགྲོ་དགོས་པས། ཁྱིམ་ཚང་དུ་ཞིང་འབྲོག་ ལས་གཉེར་མཁན་གྱི་མི་གྲངས་ཉུང་ཞིང་། བུ་ཕྲུག་རྣམས་སློབ་གྲྭའི་ནང་ཤེས་བྱ་རིག་གནས་ཁག་ལ་སྦྱངས་བརྩོན་བྱེད་བཞིན་ཡོད་རྐྱེན་མཐོང་རྒྱ་ཐོས་རྒྱ་ཆེ་རུ་སོང་ནས། སྤྱི་ཚོགས་ཀྱི་རིག་གནས་མང་པོ་ཞིག་ལ་རྒྱུས་ལོན་བྱུང་བ་དང་སྦྲགས། མི་རིགས་ གཞན་པ་དང་ཡུལ་གྲུ་གཞན་པའི་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་གི་ཤུགས་རྐྱེན་ཐེབས་ནས། སློབ་གྲྭ་འགྲིམས་བཞིན་པའམ་སློབ་གྲྭ་ནས་ཐོན་པའི་སློབ་མ། དེ་བཞིན་རིག་གནས་དང་ཤེས་བྱ་ཕུན་སུམ་ཚོགས་པའི་སྐྱེ་བོས་རོང་འབྲོག་ཁུལ་བཞིན་ཁྱོ་མང་ཤུག་གཅིག་གི་གཉེན་སྒྲིག་སྤྱོད་པ་ཧ་ཅང་ཉུང་ཉུང་ཅན་དུ་གྱུར་ནས། ཕལ་ཆེ་བས་ཁྱོ་གཅིག་ཤུག་གཅིག་གི་གཉེན་སྒྲིག་བཀོལ་བཞིན་ཡོད་པའོ།།

འབྲེལ་ཡོད་འོས་སྦྱོར།