logo

གཅིག་དང་བཞི།

རྩོམ་པ་པོ།:སྙིང་མོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-11-20 ཀློག་གྲངས།:

     ངེད་གཉིས་ཀྱིས་མེ་མདའ་བཟུང་ནས་རླངས་འཁོར་བཀག 

     ངས་“ཁ་བཀག ཉེན་རྟོག་པའི་ཞིབ་བཤེར་བྱེད་དགོས”ཞེས་བཤད།

     མཱ་ཁྲིན་ཡས་“ཉེན་རྟོག་པའི་ཞིབ་བཤེར་བྱེད་དགོས། ཁ་ཁོགས་ཤིག”ཟེར།

     ཡིན་ཡང་རླངས་འཁོར་དེ་ནི་མཁྲེགས་འགོག་འཁོར་ལོ་བཞིན་ང་ཚོ་གཟས་ནས་བསླེབས་བྱུང་། མཱ་ཁྲིན་ཡས་བཤད་ན་ཁོས་རླངས་འཁོར་བསྐོར་མཁན་ནི་རྔོན་རྐུན་རྒྱ་རྡོ་ཡིན་པ་མཐོང་བྱུང་། དེའི་གདོང་ནི་འཛིན་བཟུང་བཀའ་རྒྱ་ལྟར་མདུན་གྱི་ཤེལ་སྒོའི་སྟེང་ཤར་འདུག་ཟེར། ད་དུང་ངེད་གཉིས་ཁ་བའི་སྟེང་འགྱེལ་བའི་ཚུགས་ཀ་དེས། རླངས་འཁོར་ངེད་གཉིས་གཟས་ནས་བསྐོར་ཡོང་བའི་སྐད་ཅིག་མ་དེར། ངེད་གཉིས་ཀྱི་མཆོང་ལྡིང་གི་ནུས་པ་ནི་ཧ་ལས་པ་ཞིག་སྟེ། ཡར་ལྡིང་སྟེ་སྨི་གཉིས་ཀྱི་མཚམས་ནས་ལྟིག་སེར་ཁངས་ཤུལ་དུ་ལྷུང་འདུག “ཁྱོད་ཀྱིས་རླངས་འཁོར་གཏོང་མཁན་ནི་རྒྱ་རྡོ་ཡིན་པ་གཏན་ཁེལ་བྱེད་ཐུབ་བམ།”“ བྱེད་ཐུབ།”“ཧད་བསྡད་ནས་ཅི་བྱེད། ཡར་ལོངས། མྱུར་མོར་རླངས་འཁོར་དུ་བུད། ”ངེད་གཉིས་ཀྱིས་བྱེས་བགྲོད་རླངས་འཁོར་ལའེ་པོ་བཏང་ནས་ལམ་གང་བོར་བདའ་འདེད་བྱས། ཁ་བ་ནི་མཚམས་འཇོག་རྩིས་ཉག་ཙམ་ཡང་མི་འདུག རླངས་འཁོར་གྱི་ཆར་པ་འབྲད་ཆས་ནི་སྨྱོས་པ་དང་མཚུངས། ངེད་གཉིས་ཀྱིས་ཡུན་རིང་ཞིག་ལ་བདའ་འདེད་བྱས་རྗེས། གློ་བུར་དུ་ཉེས་ཅན་གྱི་རླངས་འཁོར་སུག་བཞི་གནམ་ལ་འཁོར་ནས་མགོ་རྟིང་སློག་འདུག་པ་མཐོང་། སྒོ་ཕྱེ་འདུག་ཅིང་། ཉེས་ཅན་རླངས་འཁོར་ལས་ཐོན་རྗེས་ནགས་ཁུལ་དུ་བྲོས་ཟིན་པ་མངོན་གསལ་རེད། ངེད་གཉིས་ཀྱིས་ཁོའི་རྐང་རྗེས་བསྙེགས་ནས་དེད། རྐང་རྗེས་དེ་ཁངས་ཆེན་གྱིས་ལམ་སེང་བཀབ་འགྲོ། ཁོ་ནི་ཁ་བའི་ཁྲོད་ནག་ཐིག་ཅིག་དང་འདྲ་བར་མདུན་དུ་འགུལ་བཞིན་འདུག འགུལ་བཞིན་འདུག མཐར་ང་ཚོའི་མིག་ལམ་ནས་ཡལ་སོང་། དཀར་ཐིང་ཐིང་་་་་་་་་་་སྟོབས་ཆེན་དེས་ཀོ་ལྭའི་མེ་མདའི་འོག་ནས་རང་གི་བཤད་འདོད་པ་ཞིབ་ཏུ་བཤད་སོང་། ཀོ་ལྭས་ཀྱང་སྟོབས་ཆེན་དང་གཟུགས་ཐུང་གཉིས་ཀྱི་མེ་མདའི་འོག་ནས་ཉན་ཚར་སོང་། དེ་ལས་ཀྱང་བསམ་ཡས་ལས་འདས་པ་ཞིག་སྟེ། ང་ནི་འབྲེལ་བ་མེད་པའི་མི་ཞིག་དང་འདྲ་བར་སྒྲོག་ཙེའི་མདུན་དུ་ཙོག་ནས་སྟོབས་ཆེན་གྱི་བཤད་པ་ཚང་མར་ཉན་ཟིན།

     སྟོབས་ཆེན་གྱིས་“ནགས་སྲུང་པ། ཁོ་ནི་རྒྱ་རྡོ་རེད”ཟེར།

     ཀོ་ལྭ་སྐད་ཅོར་རྒྱག་བཞིན་“ང་མིན། ང་ནི་ཉེན་རྟོག་པ་ཡིན། ཚང་མ་ཉོག་གཏམ་རེད། ཁོ་གཉིས་ནི་རྔོན་རྐུན་རེད”ཟེར།

     སྟོབས་ཆེན་གྱིས་“ཁོའི་མེ་མདའ་བླངས་ཞོག ནགས་སྲུང་པ”ཟེར།

     ང་རང་རང་གནས་སུ་བསྡད་ནས་འགུལ་ཙམ་ཡང་མ་བྱས།

     ང་རང་མགོ་ཇེ་འཐོམས་ནས་ཇེ་འཐོམས་རེད།

     སྟོབས་ཆེན་གྱིས་གློ་བུར་སྐད་ཅོར་རྒྱག་བཞིན་“གང་ལྟར་ཡང་ངའི་ཆུང་མ་ནི་མི་གཞན་ལ་འགྲོགས་པས། ང་ནི་མི་རྐྱང་ཡིན། ཞེན་ཐོགས་ས་གཅིག་ཀྱང་མེད་པས་ཏག་ཏག་དཔའ་བོ་ཞིག་བྱས་ཆོག ཤོག་ཡ། ཁྱོད་ཀྱིས་མེ་མདའ་རྒྱོབ་ཡ། དུས་མཚུངས་སུ་ངས་ཀྱང་མེ་མདའི་སྐམ་པ་མནན་ནས་ཁྱོད་ཀྱི་མགོ་བོ་འབར་གས་བྱེད་དུ་བཅུག་ཆོག”ཟེར།

     ཀོ་ལྭས་“ངས་ཁྱོད་བསད་ཀྱང་དེ་ནི་ཉེས་ཅན་གསོད་པ་ཡིན། མི་རློམ་ན་ཚོད་ལྟ་བྱོས”ཟེར།

     ཁོ་གཉིས་ཀྱི་སྐད་ཅོར་དེས་ཚད་རིམ་མཐོན་པོས་སྒོ་ནས་ངའི་རྣ་ཅོག་ནང་གི་འདྲེད་ཤུད་ཐེངས་གཅིག་བསླངས་བས། ང་ལ་ཡང་བསྐྱར་ཤྭ་བ་སེར་ཆེན་གྱི་འབོད་སྐད་ཐོས་པའི་སྣང་བ་ཞིག་བྱུང་། རླུང་འུར་འུར་དུ་ལྡང་ནས་ཁང་པའི་ཕྱི་རོལ་གྱི་ཁ་བའི་འདབ་མ་སྤུར་བྱུང་། ཐ་ན་ངས་རང་གིས་བརྩེངས་བའི་བྱང་བུ་དེ་ཡང་དྲན་བྱུང་། “མིས་རྫུན་བཤད་ཀྱང་ཤྭ་བ་སེར་ཆེན་གྱིས་བཤད་མི་སྲིད།” ཁ་བའི་འདབ་མ་ངའི་བྱང་བུ་བསྐོར་ནས་འཕུར་ལྡིང་བྱེད་པ་ངའི་ཀླད་པ་ནང་ཇེ་གསལ་ནས་ཇེ་གསལ་རེད། གློ་བུར་དུ། ངས་གཟུགས་ཐུང་གིས་ངའི་ལུས་ཀྱི་ཆ་ཤས་ཅིག་ལ་ཅེར་འདུག་པ་མཐོང་བ་མ་ཟད། ད་དུང་མིག་བརྡ་ཞིག་ཀྱང་བཏང་བྱུང་། འོ་རེད། ངས་ཁོ་བརྗེད་འདུག ང་ཚོ་གྲོང་ཚོའི་མི་རྐྱང་རྒན་པ་ཀུན་པོ། ངས་ཁོ་རྩིག་འགྲམ་ནས་ཡར་ལངས་པ་མཐོང་བྱུང་ལ། དགུན་ཞྭའི་སྟེང་གི་སྣེ་མོ་གཅིག་སྔར་བཞིན་མར་དཔྱངས་འདུག་པ་ཡང་མཐོང་། ཁོས་ཐང་གི་སྟ་རེ་བླངས་ནས་ཀོ་ལྭའི་རྒྱབ་ཕྱོགས་ནས་ཁོའི་ཉེ་སར་བཏུད། གོམ་པ་ཡང་ཞིང་ཧ་ལམ་གྲགས་འགུལ་ཅི་ཡང་མེད། ལུས་རྒྱབ་ཏུ་སྦས་པའི་སྟ་རེའི་སྟ་སོའི་སྟེང་གི་གྲང་འོད་ནི་རྟོག་བཟོ་བྱས་པ་ཞིག་དང་གཉིས་སུ་མ་མཆིས།

 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།