logo

སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《མིའེ་ལིའང་ཕ་བུ》།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-11 ཀློག་གྲངས།:

མིའེ་ལིའང་ཕ་བུ།
ཀྲོའུ་ཅན་ཞིན(མན་ཇུ་རིགས)གྱིས་བརྩམས།
སྙིང་མོ་སྐྱིད(བོད་ལྗོངས་ལྷ་ས།)ཀྱིས་བསྒྱུར།
1

     བུའི་མགོ་བོ་མར་མནན་ནས་ཕྱག་གསུམ་འཚལ་དུ་བཅུག་རྗེས།ལིའང་ཀུའུ་ཚང་གི་ལག་པ་གློ་བུར་དུ་འགུལ་མཚམས་བཞག་སོང་།
     མགོ་བོ་ཡར་བཀྱགས་ནས་དུར་འབུར་གྱི་རྩེ་མོར་ལྟ་དུས་བློ་ཡུལ་དུ་འཆར་དཀའ་བའི་སྣང་བརྙན་ཞིག་ཁོའི་མིག་ལམ་དུ་མངོན་བྱུང་། རྩྭ་ལྡུམ་གྱིས་ཁེངས་བའི་དུར་ས་ལས་ཁ་བ་ལྟར་དཀར་བའི་མགོ་བོ་ཞིག་གློ་བུར་དུ་འབུར་བྱུང་ལ། ནག་ཀྲིག་ཀྲིག་གི་མིག་རིལ་གཉིས་ཀྱིས་རྫི་གསང་དོད་པོས་སྐོར་ལྟ་བྱེད་པ་དང་། ནག་སྣུམ་གྱི་ཁ་དེས་དམིགས་མེད་དུ་གང་སར་སྣོམ་པར་བྱེད། ལིའང་ཀུའུ་ཚང་གིས་རང་ཉིད་ལྟ་བ་ཚོར་རྗེས་འགུལ་མཚམས་བཞག་ནས་རྣ་ཅོག་གཉིས་ཀ་དྲང་མོར་བསླངས་བ་དང་ཉམས་འགྱུར་ཀྱང་གཟབ་ནན་དུ་གྱུར་སོང་། ཁོས་སེམས་ཆུང་ངམ་བརྟན་བརླིང་གིས་ཨེན་ཙམ་ལ་ལྟ་ཞིབ་བྱས་རྗེས་མདུན་དུ་ནུར་འགོ་བརྩམས་བྱུང་། ཁོའི་ལུས་ཧྲིལ་བོ་དུར་སའི་རྩེ་ནས་དལ་བ་དལ་བུར་ཡར་འབུར་བ་དང་། དེར་མཐུད་ནས་ང་རྒྱལ་གྱིས་སར་བསྡད་རྗེས་དང་མགོ་བོ་ཡར་བཀྱགས་ནས་གོང་མས་གནམ་འོག་ལ་གཟིགས་པ་བཞིན་ཕྱོགས་བཞིར་ལྟ་བར་བྱེད།
     དེ་ནི་ནག་ནོག་གི་དྲི་མས་མ་གོས་པའི་དཀར་གཙང་གི་ཁྱི་ཞིག་རེད།
     ལིའང་ཀུའུ་ཚང་ཧ་ལས་ཏེ་ཁ་ཆེར་གདངས་འདུག འདི་ནས་སྤྱི་ལེ་བཅུ་གྲངས་གི་སར་དུད་ཚང་གཅིག་ཀྱང་མེད་པས་ཁྱི་ཞིག་གང་ནས་འོངས་བ་ཁོས་ངོ་མ་ཧ་གོ་མ་སོང་།
     བུ་ལིའང་ཁྲོན་པའོ་ནི་ཕ་རྒན་གྱིས་མགོ་མར་མནན་པས་ན་ཟུག་བཏང་བྱུང་། ཕྱག་བཙལ་ཚར་སོང་བས་ད་དུང་ཅིའི་ཕྱིར་སར་མནན་དགོས་སམ། ཁོས་རང་གཤིས་གྱོང་བོས་སྐེ་གཅུས་ནས་ཕ་རྒན་གྱི་ཆེ་ཞིང་རྩུབ་པོའི་ལག་པ་དེ་ཕར་གཡུགས། མ་གཞིར་འཁང་ར་ཚིག་འགའ་བཤད་འདོད་མོད། དཀར་བོང་བོང་གི་རྡོག་རྡོག་དེ་གློག་དམར་འཁྱུག་པ་བཞིན་ཁོའི་མིག་ལམ་དུ་འཛུལ་བྱུང་བས་མིག་ཟུང་འགུལ་མེད་དུ་ལུས་ལ། ཕ་རྒན་དང་འདྲ་བར་ཧད་དེ་བསྡད།
     དུར་མཆོད་ཀྱི་དུས་འདིར་དཔྱིད་རླུང་གིས་དྲོད་འཇམ་བསྐྱལ་ཅིང་ས་གཞི་དྲོས་མགོ་ཚུགས་ཀྱང་མིག་མདུན་ནི་སྔར་བཞིན་སྐྱ་ཐིང་ཐིང་དུ་འདུག་ལ། དུར་སའི་སྟེང་གི་མྱུ་གུ་འབུས་མེད་པར་རྩྭ་སྐམ་གྱིས་ཁེངས་བས་ད་དུང་ཡང་སྐྱོ་ཤུར་ཤུར་གྱི་རྣམ་པ་རང་རེད། དཀར་བོང་བོང་གི་རྡོག་རྡོག་དེ་གློ་བུར་དུ་འཇུར་བ་མངོན་གསལ་དོད་དྲགས་པས་མིག་ལ་གཟེར་བྱུང་། ལིའང་ཁྲོན་པའོ་ལ་གོ་ནོར་ཐེབས་ནས་དེ་ནི་ཝ་མོ་དཀར་པོ་ཞིག་རེད་སྙམ་པ་མ་ཟད། སྤུ་ཁ་ཧ་ཅང་ཡག་པའི་ཝ་མོ་ཞིག་ཡིན་པར་རློམ།  མཐར་དེས་གཤིས་འཇམ་པའི་ངང"ཝང"ཞེས་སྐད་བརྒྱབ་པ་ན། བརྡར་ཤ་བཅད་པ་ཕ་རྒན་དང་གཅིག་པ་སྟེ། བཟོ་ལྟ་ཝ་མོ་དང་འདྲ་བའི་ཁྱི་ཞིག་རེད།
     ལིའང་ཁྲོན་པའོ་ཡི་ཁ་ནས་ཝ་དཀར་ཞེས་སྐད་ཅིག་ཤོར་སོང་།
     ཝ་དཀར་གྱིས་ཕལ་ཆེར་ཧ་གོ་བ་འདྲ་སྟེ། སྒྲོབ་ཉམས་དང་བཅས་ག་ལེར་རྔ་མ་ལན་འགར་གཡུག་པ་དང་། འཇིགས་སྐྲག་དང་ཐེ་ཚོམ་ཅི་ཡང་མེད་པར་སྐད་དེར་གཟས་ནས་མར་བབས་བྱུང་།
     ལིའང་ཀུའུ་ཚང་དུར་མདུན་དུ་ཙོག་ནས་དུ་བ་རྐང་གཅིག་སྒྲིལ་ཏེ་མེ་སྒྲོན་བསམ་དུས་མེ་ཆས་མ་རྙེད་ལ། སྐབས་འདིར་རི་ལུང་རྒྱ་སྡོམ་གྱི་དུས་ཡིན་པས་མེ་ཆས་ཁྱིམ་ནས་བཞག་པ་དྲན་བྱུང་བས། དུ་བ་ཁུག་མའི་ནང་བཅུག་རྗེས་ཡར་ལངས་ཏེ་བུ་ལ་ཁྱི་དང་ཞི་མིར་ཁ་མ་རྩེ་བར་ཁྱིམ་དུ་ལོག་འགྲོ་ཟེར།
     ཝ་དཀར་གྱིས་ཧ་ལམ་མི་ཞིག་གིས་ཁོར་དགའ་བསུ་བྱེད་ཀྱིན་མེད་པ་ཚོར་བ་འདྲ་སྟེ། གོམ་པ་སྤོ་མཚམས་བཞག་པ་དང་། ཐེ་ཚོམ་ཅུང་ཙམ་བྱས་རྗེས་ཁ་རོག་གེར་མར་བསྡད་དེ་ལིའང་ཀུའུ་ཚང་གི་ཁ་སྤྲོད་ནས་ཁོར་བལྟས་ཏེ་བསྡད། བུས་སྣ་ནང་ནས་ཧིན་ཞེས་སྐད་བརྒྱབ་སྟེ་མི་འཐད་པའི་བརྡ་བསྟན། ཁོས་ཝ་དཀར་དེ་ཚུར་བོས་ཀྱང་རང་འགུལ་གྱིས་ཚུར་འོངས་ཤིང་། གལ་ཏེ་ཁྱི་ལ་བརྟེན་ནས་ཕ་རྒན་ལ་ངོ་ཡ་བྱས་ན་གུས་མེད་རེད་བསམ་ནས་འཁོན་ལན་གྱི་མདུང་རྩེ་ཕ་རྒན་གྱི་དུ་བར་སྐོར་ཏེ་ཚོང་ཁང་ནང་དུ་དུ་བ་བརྒྱ་སྟོང་ཡོད་བཞིན་དུ། ཉོ་སྤྱད་མེད་པ་ནི་མ་རེད།
     ད་དུང་དུ་བ་རང་གིས་སྒྲིལ་ནས་ལན་ཚེགས་མ་རེད་དམ་ཟེར།
     ལིའང་ཀུའུ་ཚང་གིས་བུའི་མགོར་ལན་འགར་རྡེག་རྗེས་ཐད་ཀར་གླེང་གཞིར་འཇུས་ནས། ངས་ཁྱོད་ཁྲིད་འོངས་བ་ནི་མེས་པོར་དུར་མཆོད་བྱེད་ཆེད་དུ་ཡིན། ད་བཤད་རྒྱུ་མ་མང་ཞེས་སྡིགས་བྱུང་།
     མེས་པོ་ནི་ག་འདྲ་ཞིག་ཡིན་མིན་ལིའང་ཁྲོན་པའོ་ལ་བག་ཆགས་ཅུང་ཙམ་ཡང་མི་འདུག ཡང་གཅིག་བཤད་ན་བང་སོ་ཆེན་པོ་འདིར་མི་ཉིས་བརྒྱ་ལྷག་དུར་སྦས་བྱས་ཡོད་པས། ཚང་མ་ནི་མེས་པོ་ཡིན་ག་ལ་སྲིད། ཡིན་ནའང་ཕ་རྒན་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཚང་མ་ལིའང་ཚང་གི་མེས་པོ་ཡིན་ཟེར། ཁོ་རང་ཕྲུ་གུ་བསམ་མེད་དུས་ནས་བཟུང་ལོ་རེའི་དུར་མཆོད་དུས་ཆེན་དང་འདས་སྐར་ཉིན་མོར་ངེས་པར་དུ་མཆོད་རྫས་གྱ་ནོམ་པ་བཤམས་དང་པུས་མོ་ས་ལ་བཙུགས་ནས་གཟབ་རྒྱས་ངང་མཆོད་འབུལ་བྱེད་དགོས། སྐབས་འདིར་ཕ་རྒན་གྱི་ཁ་ནས་མ་ཎི་འདྲེན་འདྲེན་ངང་རྫོགས་རྒྱུ་མེད་པ་ཞིག་བཤད་འགོ་ཚུགས་ངེས། སྤྱིར་བཤད་ན་དེ་ནི་མེས་པོའི་མཛད་རྗེས་ཡིན་མོད། ཡིན་ནའང་དེ་དག་ཚང་མ་ནི་ཁོས་ཕྱོགས་ཙམ་ལས་མི་ཤེས་པའི་ཡིག་སྐད་འབའ་ཞིག་ལས་མ་མཆིས།
     ཕ་རྒན་གྱིས་ལོ་ངོ་བརྒྱ་དང་ཉི་ཤུ་སྟེ་སྐྱེ་བ་གཉིས་རེད། ཐམས་ཅད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོའི་ཆེད་དུ་ཡིན་ཟེར།
     བུས་ད་ཆོག་གི སྐབས་དེ་དུས་ཆིན་རྒྱལ་རབས་ཡིན་པས་དཔའ་བོ་ཞིག་གང་ན་ཡོད། ཚང་མ་རྒྱལ་འཚོང་རྐུན་མ་ཏག་ཏག་རེད་ཟེར། 
     ཕ་རྒན་གྱིས་སྲོལ་རྒྱུན་དང་མེས་པོ་གཏིང་ནས་བརྗེད་པའི་ལྟས་ངན་ཁྱོད། དཔའ་བོ་ཡིན་ན་རྒྱལ་རབས་དང་རྒྱལ་ཁབ་དགར་སྲོལ་ཞིག་གང་ན་ཡོད། ལྷག་ཏུ་རྒྱལ་རབས་མཐའ་མར་བསླེབས་དུས་དཔའ་བོ་གྲངས་མེད་ཐོན་ངེས། དཔེར་ན་བིན་ཐེན་ཞང་ལྟ་བུ་རེད་ཟེར།
     བུས་འུ་ཚང་གི་མེས་པོ་དཔའ་བོ་ཡིན་པའི་དབང་དུ་བཏང་རུང་མེས་པོ་ཡིན་ན་གཅིག་མ་གཏོགས་མེད་པས་ཉིས་བརྒྱ་ཡོད་པ་ཞིག་གང་ན་ཡོད། ཉིན་ཞིག་འུ་ཚང་གི་མེས་པོ་ས་འོག་ནས་བླངས་ཏེ་གཅིག་པུར་མཆོད་འབུལ་བྱེད། ཚང་མ་མཉམ་དུ་མི་བསྲེས་པར་བྱ་ཟེར།
     ཕ་རྒན་གྱིས་ཡང་བསྐྱར་བུའི་མགོར་ལན་འགའ་རྡེག་བྱུང་། སྲོལ་རྒྱུན་དང་མེས་པོ་བརྗེད་མཁན་ཟེར་བ་ངོ་མ་ཁྱོད་རེད། ཁོ་ཚོ་ཚང་མ་རུས་ལིའང་ཡིན་ལ་ཐམས་ཅད་ཤ་རུས་གདུང་རྒྱུད་གཅིག་པ་ཡིན། ཁྱོད་ངོ་མ་ལྟས་ངན་ཞིག་རེད་ཅེས་སྡིགས།
     བུས་མགོ་བོ་གཡུག་ཙམ་བྱེད་ཞོར་མི་འཐད་པའི་ངང་ཆོག་གི་ཆོག་གི ང་ལྟས་ངན་ཡིན་ན་དེ་ནི་ལྟས་ངན་རྒན་པས་བཙས་པའི་ལྟས་ངན་ཆུང་བ་རེད་ཟེར།
     ཕ་རྒན་གྱིས་མུ་མཐུད་དུ་ལྟས་ངན་ཅེས་སྡིགས།
     ལྟས་ངན་ཡིན་ན་ལྟས་ངན་ཡིན་ཏུ་ཆུགས། བུས་སྐད་ཆའི་སྣེར་མ་མཐུད་པར་ཕ་རྒན་དང་མཉམ་དུ་ལུག་གི་རྒྱུ་མ་ལྟ་བུའི་ལམ་ཕྲན་དེད་ནས་རི་འདབས་སུ་ཕྱིན།
     རི་འདབས་སུ་ཁོ་ཚང་གཅིག་པུ་ལས་མེད་པས་སྡེ་གཞུང་དུ་ལེ་དབར་བཅུ་ཙམ་འགྲོ་དགོས། སྟབས་ལེགས་པ་ཞིག་ལ་ཁྱིམ་དུ་སྦག་སྦག་ཆེ་ཆུང་འགའ་ཤས་ཡོད་པས་སྣུམ་སྒོ་གཅུས་ཙ་ན་སྐར་མ་འགས་བསླེབས་ངེས།
     དུར་མཆོད་དུས་ཆེན་དང་འདས་སྐར་ཉིན་མོར་མེས་པོར་དུར་མཆོད་བྱེད་སྐབས་ལིའང་ཀུའུ་ཚང་ནམ་རྒྱུན་འདི་ལྟར་ཡིན་ཏེ། དུར་ས་ནས་རྣམ་ཤེས་ཀྱིས་ཁོ་ལ་ལག་གཡུག་བྱེད་པ་བཞིན་ཐག་རིང་ག་འདྲར་བསླེབས་ཀྱང་ཁ་ཕྱིར་འཁོར་ནས་ལན་འགར་ལྟ་སྲིད་ལ། དུར་ས་མིག་ལམ་ནས་མ་ཡལ་བར་དུ་ཡང་ཡང་ལྟ་ངེས། ཡིན་ནའང་ཁོའི་བུ་ནི་དེ་འདྲ་མ་ཡིན་ཏེ། དུར་ས་དང་ཁ་བྲལ་རྗེས་ཁོ་ནི་བཙོན་གྲོལ་བཏང་བ་ནང་བཞིན་ཁ་ཕྱིར་འཁོར་མེད་པར་རི་འདབས་སུ་བརྒྱུགས་ངེས།
     ཐེངས་འདིར་ལིའང་ཀུའུ་ཚང་ཁ་ཕྱིར་འཁོར་ཏེ་ཕྱིར་ལྟ་བྱེད་པ་ནི་བང་སོ་ཆེན་པོ་གཅིག་པུ་མ་ཡིན་པར་ད་དུང་ཝ་དཀར་ཟེར་བའི་ཁྱི་དེར་ཡང་ལྟ་བ་ཡིན། བུ་ཡང་མགྱོགས་མྱུར་གྱིས་ཁ་བྲལ་རྒྱུར་མི་རྔམ་པར་ལམ་ཧྲིལ་བོར་བློས་མི་ཐོངས་བའི་ངང་ཁྱི་དེར་ལྟ་བཞིན་འདུག
     ཁྱིས་དལ་བྲེལ་མེད་ལ་བར་ཐག་ཉེ་རིང་མེད་པའི་ངང་རྗེས་དེད་ནས་ཡོང་ཞིང་། སྐབས་རེར་དོགས་ཟོན་བྱེད་ཅིང་སྐབས་རེར་ལྷོད་ལྷོད་བྱས་ཏེ་ཁོ་ཚོ་དང་མཉམ་དུ་ཁྱིམ་དུ་ལོག་རྩིས་ཡོད་པ་འདྲ་ལ། སྒོའི་ཕྱི་རོལ་ཏུ་བསྐྲད་པར་སྐྲག་པ་ཡང་འདྲ།
     ངོ་མ་ཁྱི་ཡག་པོ་ཞིག་རེད། ལིའང་ཀུའུ་ཚང་ཧ་ལས་པའི་ངང་བཤད་རྒྱུར། དུར་བྱང་མདུན་གྱི་མཆོད་སྒྲོམ་དུ་མཆོད་རྫས་སུ་བཤམས་པའི་འབྲས་ཚལ་དང་ཤ་བཙོས་མ་དག་མི་མེད་དུས་གཙང་མར་བཟས་ནས་ལིའང་ཚང་གི་མེས་པོ་ཐེངས་གཅིག་བྱས་ཆོག་མོད། ཁོས་དེ་དག་ལ་སྣོམ་ཙམ་ཡང་མི་བྱེད་ཟེར། ཁྱི་དེ་ལིའང་ཚང་གི་ཕ་བུ་གཉིས་ཀྱི་རྗེས་སུ་མཐའ་གཅིག་ཏུ་སྙེག་ནས་བསླེབས་བྱུང་།
     བསོད་ནམས་ཆེ་བའི་ཁྱིམ་ཚང་སུ་ཞིག་ལ་འདི་འདྲའི་ཁྱི་བསམ་ཤེས་ཤིག་འདི་འདྲ་རེག་པ་རེད་དམ། ལིའང་ཀུའུ་ཚང་གིས་ཁྱིའི་བདག་པོས་བྲེལ་འཚུབ་ངང་འཚོལ་བཞིན་པར་སྐྲག་ནས་ཐེངས་འགར་འཇིགས་སྐུལ་ཏེ་ཕྱིར་བསྐྲོད་དགོས་བསམ་ཀྱང་། ཁྱི་དེ་གོམ་འགར་ཕྱི་ནུར་བྱས་ནས་གཡོལ་ཙམ་བྱས་པ་མ་གཏོགས་སྔར་བཞིན་རྗེས་དེད་ནས་ཡོང་།
     བུས་མཛུབ་མོ་ཁ་ནང་དུ་བཙུགས་ནས་སྐད་གསེང་མཐོན་པོས་ཤུ་ཞིག་བརྒྱབ་རྗེས་ཝ་དཀར་ཞེས་བོས།
     ལིའང་ཁྲོན་པའོ་ཡི་འབོད་སྐད་དང་བསྟུན་ནས་ཝ་དཀར་གྱིས་རྔ་མ་ཡར་བརྩེངས་ཏེ་ཡང་ཡང་གཡུག་ཅིང་། དེ་ནི་ལྷབ་ལྷུབ་དུ་བསྐྱོད་པའི་དར་ཆ་ཞིག་དང་ཀུན་ནས་མཚུངས།
     བུ་སེམས་འགུལ་ཐེབས་དྲག་པས་ཕ་རྒན་གྱིས་ཁྱི་དང་ཞི་མིའི་རྩེད་མོར་གཡེང་མི་རུང་བའི་ཁ་ཏ་རྣ་རྒྱབ་ཏུ་བསྐྱུར་ནས་ཁ་ཕྱིར་འཁོར་ཏེ་ཁྱི་དེའི་ཕྱོགས་སུ་བརྒྱུགས། ཝ་དཀར་གྱིས་རྔ་མ་གཡུག་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་སྦྲགས་ཨ་མ་རྙེད་པའི་བྱིས་པ་ཞིག་དང་འདྲ་བར་དེ་མ་ཐག་ཏུ་ལིའང་ཁྲོན་པའོ་ཡི་པང་དུ་ལྡིང་།
     ལིའང་ཀུའུ་ཚང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཁྱི་དེར་ལྟ་བཞིན་སླར་ཡང་ཐག་རིང་གི་ཇེ་ཆུང་དུ་འགྱུར་བཞིན་པའི་དུར་ས་ལ་ལན་ཅིག་བལྟས་བ་དང་། གློ་བུར་དུ་སེམས་ལ་ཁྱི་འདིར་འཕྲད་པ་ངོ་མ་ཡ་མཚན་ཆེ་ལ། ཁོ་རང་དོན་མེད་དུ་ཡོང་བ་ཞིག་གཏན་ནས་མ་རེད། མེས་པོ་རྣམས་ཀྱི་རྣམ་ཤེས་ཐམས་ཅད་གཞི་གཅིག་ཏུ་བསྡུས་པའི་ཕུང་བོའི་དྭངས་མ་དེ་འཁོར་བའི་ལམ་ནས་སྐྱེ་བ་འཕོས་ཏེ་ལིའང་ཚང་ལ་སྐྱེལ་བ་རེད་བསམ་བྱུང་། མེས་པོ་རྣམས་ཀྱིས་བླ་འོད་ཡོད་ཚད་ཝ་དཀར་ཟེར་བའི་ཁྱི་འདིར་གནང་ནས་ཁོ་རང་ལིའང་ཚང་གི་བཟའ་མི་ཞིག་ཏུ་གྱུར་བཅུག་ནས་ལིའང་ཚང་གི་བུ་རབས་ཚ་རྒྱུད་དང་ལྷན་དུ་འཚོ་བ་རོལ་ཏུ་བཅུག་པ་རེད།
     འདི་ལྟར་བསམ་པ་ན་ལིའང་ཀུའུ་ཚང་དེ་མ་ཐག་བློ་བག་ཡངས་པོར་གྱུར་ཏེ། མི་གཞན་གྱི་གཅེས་ནོར་འཕྲོག་པའི་སེམས་ཁུར་དེ་མེད་པར་གྱུར་བ་མ་ཟད། ཝ་དཀར་དང་བར་ཐག་མི་འཛིན་པར་རང་གི་བུར་ཝ་དཀར་ཁྲིད་བཅུག་ནས་ཁྱིམ་དུ་ལོག
     ཝ་དཀར་གྱིས་ཕལ་ཆེར་ཧ་གོ་བ་འདྲ་སྟེ། ལིའང་ཀུའུ་ཚང་གི་པང་དུ་ལྡིང་སྟེ་དགའ་མགུའི་རྣམ་འགྱུར་བསྟན་རྗེས་ཕྱིར་བུའི་པང་དུ་ལོག་སོང་།
     ལིའང་ཀུའུ་ཚང་གིས་ཕྱག་ཅིག་འཚལ་ཏེ་མེས་པོ་རྣམས་ཀྱིས་ཁོ་ཚོར་ལེགས་སྐྱེས་གནང་བར་བཀའ་དྲིན་ཞུ་དགོས་སྙམ་པ་དང་། ཁ་ཕྱིར་འཁོར་ནས་དུར་སའི་ཕྱོགས་སུ་སོང་།
     ལིའང་ཚང་གི་བང་སོ་ཆེན་པོ་ནི་སྤྱིར་བཏང་གི་དུར་ས་ཞིག་མ་ཡིན་ཏེ། དེ་ནི་གོང་མས་བསྩལ་བ་ཞིག་ཡིན། ལོ་དེར་ལིའང་ཚང་གི་མེས་པོ་རྣམས་མཛེས་ལྗོངས་རི་མོ་བཀོད་པ་ལྟ་བུའི་གཤོངས་ས་སི་ཁྲོན་ན་འཚོ་སྡོད་བྱས་ཡོད་ལ། སྡེ་བའི་དུད་ཚང་ཡོངས་རྫོགས་ཀྱི་རུས་ལིའང་ཡིན། སྲིད་གཞུང་གིས་དམག་བསྡུ་སྐབས་སྡེ་བའི་སྟག་ཤར་གཞོན་ནུ་ཆད་ལུས་མེད་པར་བསྡུས་ཏེ་ལེ་དབར་སྟོང་ཕྲག་བརྒལ་ནས་ལིའོ་ཏུང་ཧྥེང་ཁྲེང་ལ་བསླེབས།
     ལོ་དེའི་སྟོན་མཇུག་ལ། འཇར་པན་མཚོ་དམག་གིས་ཁྲའོ་ཞན་དུ་འབངས་གྱེན་ལོག་བྱེད་དུ་བཅུག་ནས་ཤིང་རྟ་ལོའི་དམག་འཁྲུག་གློ་བུར་དུ་ལངས་ཏེ་འཇར་དམག་ཡ་ལུའི་གཙང་བོ་བརྒལ་བས། ལིའང་ཚང་གི་བུ་སྤུན་དམག་གིས་མོ་ཐན་རི་རྒྱུད་དུ་འཇར་དམག་དང་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱས་སྟེ་མི་རོ་རི་ལྟར་སྤུངས་ཀྱང་ས་ཚུན་གང་ཡང་མ་ཤོར་བས་ཤིང་རྟ་ལོའི་ཕམ་ཁའི་ཁྲོད་ཀྱི་མཐོང་དཀོན་པའི་གཟི་བརྗིད་དུ་གྱུར། འཐབ་འཁྲུག་གི་རྗེས་སུ་མི་རྩིས་ལེན་དུས་ལིའང་ཚང་གི་བུ་སྤུན་དམག་ཉིས་བརྒྱ་ལྷག་ཡོད་པ་གཅིག་ཀྱང་གསོན་མེད་པས། སྲིད་གཞུང་གིས་ཉ་གྲུ་གཞུང་བསྡུས་བརྒྱབ་ནས་ལིའང་ཚང་གི་བེམ་པོ་རྣམས་དྲུད་ནས་ལམ་ཧྲིལ་བོར་སྐྱོ་གླུ་ལེན་བཞིན་ལུའོ་ཏུང་ཆུ་ཁུག་ནུབ་མཚོ་འགྲམ་དུ་བསྐྱལ་བ་དང་། ལུའོ་ནུབ་མཐུད་འབྲེལ་གྱི་ས་རྒྱུད་ནར་རིང་དུ་ལྷིང་འཇགས་ཀྱི་གནས་ཤིག་བཙལ་ནས་བང་སོ་བརྩིགས་ཏེ་ན་གཞོན་རྣམས་ཀྱི་རྣམ་ཤེས་བདེ་རུ་བཀོད། རྗེས་སུ་གོང་མ་ཀོང་ཞུས་ཀྱིས་སྐུ་དངོས་སུ་མྱ་ངན་ཞུ་ཚིག་བྲིས་བ་མ་ཟད། འགྲོ་དངུལ་བཏང་ནས་རྡོ་རིང་བཙུགས་ཤིང་བློ་དཀར་མཚུན་ཁང་བཞེངས།
     ལོ་བརྒྱ་དང་ཉི་ཤུའི་ཡར་སྔོན་དུ་ལིའང་ཀུའུ་ཚང་གི་ཡང་མེས་ལིའང་ཀྲུང་ཆིན་ནི་ད་དུང་ན་གཞོན་ཞིག་ཡིན་ཡང་། ཁོ་གཅིག་པུས་སྡེ་བ་ཧྲིལ་བོའི་འདུན་ཁུར་ཏེ་ཕ་ཡུལ་ནས་ལེ་དབར་སྟོང་ཕྲག་བརྒྱུད་དེ་གནས་འདིར་མྱ་ངན་ཞུ་རུ་འོངས། བེམ་པོ་ནི་གཅིག་ཐོག་གཅིག་བརྩེགས་ཀྱིས་རི་ལྟར་སྤུངས་ཡོད། ཤ་ཁྲག་གིས་བརྫིས་ཏེ་མི་ངོ་ཡང་ཟིན་དཀའ།ཉིན་དེ་དག་ལ་གནམ་ས་གཉིས་ཀ་ངུས་ནས་ལུའོ་ནུབ་མཐུད་རྒྱུད་ཀྱི་རི་ཐམས་ཅད་དམར་པོར་བཏང་།
     བེམ་པོ་འདི་འདྲའི་མང་པོ་ཞིག་ལ་ཡང་སྙིང་བེམ་སྒམ་ག་ཚོད་དགོས་སམ། མ་ཟད་ལུའོ་ནུབ་མཐུད་རྒྱུད་ཀྱི་རི་རྣམས་རྡོ་མང་ཞིང་ས་ཉུང་ལ། ཕལ་ཆེ་བ་སྡོང་ཕྲན་ནགས་རྫོབ་ཡིན་ལ་རྒྱུ་ཆར་རུང་བའི་ཤིང་སྡོང་འགའ་ལས་མེད་པས་བེམ་སྒམ་ཚད་དང་ལྡན་པ་འགའ་ཡང་བཟོ་མི་ཐུབ། ལིའང་ཆིན་ཀྲུང་གིས་ཉེ་འགྲམ་གྱི་སྡེ་བའི་ཁྲེ་རྒོད་ཀྱི་སོག་མ་ཡོད་ཚད་ཉོས་རྗེས། གཞོག་གྲི་ཁྱེར་ནས་རི་ལྟར་སྤུངས་བའི་ཁྲེ་རྒོད་སོག་མ་གཞོག་འགོ་བརྩམས། ཁོས་ཉིན་མཚན་མེད་པར་ངལ་རྩོལ་བྱས་ཏེ་པུར་འཇུག་ལས་ཀའི་སྔོན་ལ་གང་ཐུབ་ཅི་ཐུབ་ཀྱིས་རྩྭ་གདན་ཉིས་བརྒྱ་ལྷག་བསླས། ཁོས་མིག་ཆུ་དང་ལག་ཟུང་གི་ཁྲག་དམར་མཉམ་དུ་སུན་མེད་ངང་རིང་གིས་གཉེན་ཉེ་རྣམས་ཀྱི་བེམ་པོ་ཚང་མ་བདག་པོ་བརྒྱབ་པ་དང་། གང་ནུས་ཅི་ནུས་ཀྱིས་བེམ་པོ་རེ་རེ་ཆ་ཚང་བར་བྱས་རྗེས་རྩྭ་གདན་དུ་ལེགས་པར་བཏུམ་ནས་གྲལ་འགྲིག་པོའི་ངང་བེམ་པོ་འཇོག་སའི་སྤྱི་ལ་བུར་བཞག་ནས་པུར་འཇུག་བྱ་རྒྱུར་སྒུག
     པུར་འཇུག་བྱེད་ཉིན་དེར་བྱང་རླུང་འུར་འུར་དུ་ལྡང་ཞིང་ཁ་བ་ལྷབ་ལྷུབ་དུ་བབས་བྱུང་།
     ལིའང་ཀྲུང་ཆིན་གྱིས་རྩྭ་གདན་གྱིས་རྨས་པའི་ཁྲག་དམར་འཛར་འཛར་གྱི་ལག་ཟུང་ཡར་བཀྱགས་ནས་གནམ་སྔོན་པོ་དཔང་དུ་བཙུགས་ནས་ལིའང་ཚང་གི་མི་རབས་ནས་མི་རབས་བར་བང་སོའི་གཤམ་ནས་འཚོ་སྡོད་བྱས་ཏེ། ཨ་ཕ་གཙོས་ཨ་ཕ་དང་མཉམ་དུ་རང་སྲོག་བློས་བཏང་བའི་ཚོ་བའི་མི་རྣམས་ཀྱི་སྐུ་པུར་བསྲུང་རྒྱུར་མནའ་སྐྱེལ། དུས་དེ་ནས་བཟུང་རི་སྟོང་ལ་རྒོད་དེར་དུད་ཚང་ཡོད་པར་གྱུར་ཅིང་། དུས་དེ་ནས་བཟུང་དུད་ཁྱིམ་གཅིག་ལས་མེད་པའི་ཚོ་བ་དེར་མིང་ཐོགས་པ་སྟེ། མིའེ་ལིའང་ཟེར།
     མིའེ་ལིའང་ས་ཆ་ནི་རི་བོ་སྔོ་ཞིང་ཆུ་མོ་དྭངས་ཤིང་། ས་ཞིང་དེ་འདྲ་གཤིན་པོ་མིན་རུང་ཧ་ཅང་ཁོད་ཡངས་ལ། རི་སྐྱེས་སྲོག་ཆགས་ཀྱང་ཡོད། སྤྱིར་འཚོ་བ་ཕུན་སུམ་ཚོགས་པ་ཞིག་མིན་ཡང་དགའ་དགའ་སྐྱིད་སྐྱིད་ཡིན་ཏེ་ལྟོ་རྒྱབ་ལ་འདང་རྒྱག་མེད། ཡིད་ཕངས་ས་གཅིག་ཡོད་པ་ནི་ལིའང་ཚང་ལ་ནམ་ཡང་མི་གྲངས་འཕར་བ་ཉུང་བ་སྟེ་མི་རབས་རེར་བུ་གཅིག་ལས་མེད། ལིའང་ཚང་དང་ཁྱིམ་མཚེས་བྱེད་འདོད་ཡོད་པའི་མི་ཚང་འགའ་ཡོད་མྱོང་མོད། གཞི་སྡོད་བྱས་པའི་མི་ཚང་སུ་ཡིན་ཡང་མཚན་མོ་བསླེབས་དུས་ཕྱོགས་བཞི་ནས་འདྲེ་རླུང་གཡུག་པ་དང་རྣ་ལམ་དུ་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་དང་སྐད་ངན་མཚམས་མི་ཆད་པར་གྲགས་པས། ཚང་མ་ཕྱོགས་མེད་ལུང་སྟོང་དུ་བྲོས། ཡིན་ནའང་ལིའང་ཚང་ནི་གེགས་མེད་བདེ་འཁོད་ཡིན་པ་མ་ཟད། ཚུལ་དེར་གོ་མེད་ཚོར་མེད་ཡིན།
     ལིའང་ཀུའུ་ཚང་གི་མི་རབས་འདི་ནི་ལིའང་ཚང་གི་བློ་དཀར་མཚུན་ཁང་ལྟ་སྲུང་མཁན་གྱི་མི་རབས་བཞི་བ་ཡིན་ལ། ལིའང་ཚང་གི་ཁྱིམ་རབས་དེབ་ཐེར་ནི"ཇི་སྲིད་བར་དུ་བློ་དཀར་རྒྱུད་འཛིན་ཞེས་པ"དེ་ཡིན། ཡང་མེས་ལིའང་ཀྲུང་ཆིན་དང་སྤོ་བོ་ལིའང་ཧོའུ་ཧྲི། ཨ་ཕ་ལིའང་བན་ཆོན་ཚང་མ་བང་སོ་ཆེན་པོ་དེའི་དུར་ས་ཆུང་ཆུང་དུ་གྱུར་སོང་། ལིའང་ཀུའུ་ཚང་གིས་ཨ་ཕ་ལིའང་བན་ཆོན་འདས་ཁར་བཤད་པའི་སྐད་ཆ་གསལ་བོར་དྲན་པ་སྟེ། ཚེ་གང་བོར་བློ་དཀར་མཚུན་ཁང་ལྟ་སྲུང་བྱེད་པ་དང་བུ་རབས་ཚ་རྒྱུད་ལ་རྒྱུད་འཛིན་བྱེད་དུ་འཇུག་དགོས་ཞེས་པ་དེ་རེད།
     ལིའང་ཀུའུ་ཚང་གིས་ཁས་བླངས་བ་མ་ཟད། ནམ་ཡང་འདི་ལྟར་བསྒྲུབ་པ་ལས་ཤི་རག་བར་དུ་ཁ་བྲལ་མི་སྲིད།
     ཡིན་ནའང་ད་ནི་ལིའང་ཚང་གི་ཉམས་ཉེན་བསླེབས་བྱུང་། ལིའང་ཀུའུ་ཚང་ལ་བུ་ཐ་ཤལ་ཅིག་སྐྱེས་སོང་། ཁོས་བུ་རང་ཉིད་དང་འདྲ་བའི་བང་སོ་སྲུང་མཁན་རྣལ་མ་ཞིག་བྱེད་པར་ཁག་ཐེག་བྱེད་མ་ཐུབ། གལ་ཏེ་ད་དུང་བུ་ཞིག་ཡོད་ན་ཅི་མ་རུང་། ཁོས་བུ་འདི་བློས་བཏང་ཆོག
     ཡིད་ཕང་བ་ཞིག་ལ་ཆུང་མར་ཟླ་མཚན་འབབ་མཚམས་སྔ་མོ་ནས་བཞག་ཚར་འདུག དེར་རེ་བ་མེད་པས་ད་དུང་ཚ་བོ་ཞིག་སྐྱེ་བར་རེ་སྒུག་བྱེད་རྒྱུ་ལས་ཐབས་མེད། བུ་ནི་མགོ་སྟོང་རྐྱལ་སྟོང་ཞིག་ཡིན་པས་ཅི་ལ་ཡང་ཁ་ཡ་མི་བྱེད། ལིའང་ཀུའུ་ཚང་གིས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པ་ནི། མི་རབས་དུ་མར་བརྒྱུད་ཡོང་བའི་བློ་དཀར་མཚུན་ཁང་སྲུང་བའི་གོམས་སྲོལ་དེ་བུ་ལིའང་ཁྲོན་པའོ་ཡི་ལག་ནས་ཆད་རྒྱུ་ཡིན་པ་དེ་རེད།
     བུས་མཚུན་ཁང་སྲུང་མི་འདོད་པ་མ་ཟད། ལིའང་ཚང་གི་མེས་པོས་མོ་ཐན་རི་རྒྱུད་ནས་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་གི་གཏམ་རྒྱུད་ཅིག་བསྐྲུན་པ་དེར་ཡང་སྤྲོ་སྣང་མེད་ལ། གོང་མས་ལག་བྲིས་ཡོད་པའི་རྡོ་རིང་ལ་དེ་བས་དོ་སྣང་མི་བྱེད། ཁོས་སྐྱོ་སྣང་ངང་སྔོན་དཔག་ཐུབ་པ་ནི་བློ་དཀར་ཇི་སྲིད་བར་དུ་རྒྱུད་འཛིན་བྱེད་མི་ཐུབ་པ་མ་ཟད། རྒྱུད་འཛིན་ཅེས་པའི་ཐ་སྙད་འདི་མི་རབས་འདིའི་སྟེང་ནས་མཇུག་འགྲིལ་ཡང་སྲིད་པ་དེ་རེད། དེའི་ཕྱིར་མེས་པོའི་འདས་མཆོད་ཀྱི་ཉིན་མོ་རེ་རེར་ཁོས་བུ་བཙན་ཁྲིད་བྱས་ནས་མེས་པོའི་བང་སོའི་མདུན་དུ་དུར་མཆོད་བྱེད་དུ་བཅུག་ནས་བུ་ལ་ནམ་ཡང་རྒྱལ་ཁབ་ཀྱི་ཞབས་འདྲེན་དང་ཁྱིམ་རྒྱུད་ཀྱི་ཤ་འཁོན་བརྗེད་མི་རུང་བ་གདམས་ཡོད།
     བུས་ངང་ཐུང་སྒོས་ཕ་རྒན་ལ་སྡིགས་བཞིན་ཏིལ་རྙིང་བ་དང་འབྲུ་རིགས་རུལ་བའི་དོན་དེ་དག་ཡང་དང་བསྐྱར་དུ་བཤད་ན་སྙིང་བོ་ག་རེ་ཡོད་དམ། སུའི་རྣར་འགྲོའམ། བློ་དཀར་མཚུན་ཁང་གང་ན་ཡོད། གོང་མའི་ལག་བྲིས་གང་ན་ཡོད། ད་དུང་དུར་བྱང་དེ་དག་གང་ན་ཡོད། དུར་སའི་ས་འབུར་དེ་ཁྱིམ་ཚང་གཞན་ལས་སྒོར་སྒོར་ཁ་ཤས་ཀྱིས་ཆེ་བ་ལས་ཅི་ཡང་མེད་ཟེར།
     དྲི་བས་ཕ་རྒན་ཧོན་ཐོར་ནས་སྡོད་དུ་བཅུག བློ་དཀར་མཚུན་ཁང་བཀས་བཀོད་རྒྱུད་འཛིན་གྱི་ལུགས་སྲུང་པར་བརྩིས་ཏེ་གཏོར་བརླག་བཏང་ནས་རྩིག་རུལ་གྱང་རུལ་ལས་ལྷག་མེད། གོང་མ་ཀོང་ཞིའི་ལག་བྲིས་བརྐོས་ཡོད་པའི་རྡོ་རིང་ཡང་ཧྲུག་ཆག་ཏུ་བཏང་སྟེ། ཁ་ཐོར་ཡ་བྲལ་གྱི་ཡིག་འབྲུ་ཁ་ཤས་ལས་ལྷག་མེད་པས་ཚིག་ཆ་ཚང་ཁ་ཤས་ཀྱང་བསྒྲིགས་མི་ཐུབ། དུར་བྱང་དེ་དག་ཀྱང་མི་གཞན་གྱིས་བཏུས་སོང་ནས་བུད་ཤིང་བྱས་ཏེ་མེར་བསྒོང་། ཡང་མེས་དང་ཕ་མེས་སྤུན་ཚོའི་དུར་བྱང་རང་ཁྱིམ་དུ་བཞག་ཡོད་ཕྱིར་སྟབས་ལེགས་ནས་ཆག་སྒོ་ལས་ཐར་སོང་། དོན་དག་འདི་དག་བྱུང་དུས་བུ་ལིའང་ཁྲོན་པའོ་ལྟ་ཞོག ཁོའི་གཅེན་མོ་ལིའང་ཡན་ཡང་སྐྱེས་མེད་པས་ཁོས་ཇི་ལྟར་ཁ་ལྕེ་སྐམ་རག་བར་དུ་བཤད་ཀྱང་བུ་ཡིད་མི་ཆེས་ལ། ཕ་རྒན་ལ་ལོ་ངོ་ཉིས་བརྒྱ་འགོར་ཡང་ད་དུང་སེམས་ལ་དམ་པོར་བཅངས་ནས་ཅི་བྱེད། མི་སྔ་རུང་འཕྱི་རུང་འཆི་དགོས། ཁོ་ཚོ་འཚེ་མེད་ངང་གསོན་ཡོད་པའི་དབང་དུ་བཏང་རུང་ད་བར་གསོན་ཐུབ་བམ་ཞེས་དགག་ལན་སློག
     ཕ་རྒན་སྙིང་རླུང་སྟོད་ལ་འཚང་ནས་ཁ་ཤ་འདར་བཞིན་ཁ་ནས་ཚིག་གཅིག་ཀྱང་ཐོན་མ་ཐུབ། མཇུག་མཐར་ཁ་ནས་ཡང་བསྐྱར་ལྟས་ངན་ཞེས་ཚིག་གཅིག་ཐོན།
     ཝ་དཀར་བསླེབས་པས་ལིའང་ཚང་ལ་སྔར་མེད་ཀྱི་སྤྲོ་བ་ཞིག་བསྣན་སོང་། གཅེན་མོ་ལིའང་ཡན་གྱིས་ཁྱིམ་དུ་ནོར་བུ་ཞིག་བསླེབས་ཡོད་པ་ཐོས་འཕྲལ་གཅེན་ཟླ་དང་ཚ་བོ་ཁྲིད་དེ་རྫོང་མཁར་ནས་ཡུལ་ལ་ལོག་སྟེ་ཝ་དཀར་དང་རྩེད་མོ་རྩེ།
     ཝ་དཀར་ཁྱི་ཞིག་ཡིན་རུང་བུ་ཕྲུག་ལས་བསམ་ཤེས་རེད། ད་ལྟ་ལིའང་ཁྲོན་པའོ་ཡི་ལོ་གཅིག་ལོན་མེད་པའི་བུ་དེ་ཝ་དཀར་གྱི་དོ་ཡར་མི་ཡོང་སྟེ། ཚ་ཐབ་སྟེང་བཏང་བའི་སྐྱག་པ་ལག་པས་བཟུང་ནས་ཟ། ཝ་དཀར་བོས་ཏེ་ཚ་ཐབ་སྟེང་གི་སྐྱག་པ་ཟ་བར་སྐུལ་དུས་ཧ་ཅང་མི་དགའ་བའི་རྣམ་འགྱུར་བསྟན་ནས་སྐེ་གཅུས་ནས་བུད་འགྲོ། བཟའ་མི་གང་བོ་ཡ་མཚན་སྐྱེས་སུ་བཅུག ཁྱིས་སྐྱག་པ་ཟ་བ་བསྒྱུར་མི་ཐུབ་ཟེར་བ་ཡིན་མོད། ཝ་དཀར་གྱིས་བལྟས་བལྟས་རིག་རིག་ལ་བསྒྱུར་སོང་།
     ཁྱིས་སྐྱག་པ་དེ་མ་ཟོས་ན་ཆེས་མི་དགའ་བའི་མི་ནི་ལིའང་ཁྲོན་པའོ་ཡི་ཆུང་མ་པའེ་ལིན་ཡིན། རྒྱུ་མཚན་ནི་དེ་ཚང་མ་མོས་གཙང་མར་བཟོ་དགོས་པས་རེད། སུས་ཁོ་མོར་བྱིས་པ་གཉོར་སྐྱོང་ཡག་པོ་བྱེད་དུ་མ་བཅུག་པ་ཡིན། གཙང་སྦྲ་བྱེད་ཞོར་དུ་ཆུང་མའི་གདོང་ཧྲིལ་བོར་མ་འཐད་མ་དགའ་བའི་རྣམ་འགྱུར་བསྟན་འདུག
     ལིའང་ཁྲོ་པའོ་ཡིས་ཁྱིར་རྒྱུ་མཚན་གསེད་བཀྲོལ་བྱེད་རོགས་བྱས་ཏེ། སྐྱག་པ་ལྡག་ཚར་རྗེས་ཁྱོད་ཀྱི་གདོང་ལྡག་ན་ཁྱོད་འཐད་དམ་ཟེར།
     ཆུང་མས་ལྐུགས་པའི་བརྟུལ་ཞུགས་བཟུང་།
     ཝ་དཀར་ནི་ཁྱི་གཞན་དག་དང་མི་འདྲ་བར་ཁྱི་རྩ་ཆེན་ཞིག་ཡིན་ཏེ། ཟས་ལ་མི་རྔམ་ཞིང་ཟས་ཅོག་གམ་ནས་རྔ་མ་ཡང་མི་གཡུག ཁོར་བླུད་པའི་ཟས་མིན་ཚེ་ཁམ་གང་ཡང་མི་ཟ། ཟས་ཕོར་གྱི་ཕྱི་རུ་ལྷུང་བའི་ཟས་ཀྱང་ཁོས་མི་ཟ་ལ། རང་ཉིད་ལ་དབང་བའི་ཟས་ཕོར་ནང་གི་ཟས་དེ་ཟ་བ་ལས་སླ་ངའི་ནང་གི་ཟས་ལའང་ཧམ་སེམས་མི་སྐྱེས།
     ད་དུང་ཝ་དཀར་ནི་འགན་འཁྲི་ལྡན་པའི་ཁྱི་ཞིག་ཡིན།
     ཨ་མས་ཁྱིམ་བྱ་རྣམས་ཀྱིས་ར་སྐོར་ཕྱིའི་སྔོ་ཚལ་སྤྱིལ་བུ་གཏོར་བར་དོགས་ནས་སྐད་གཉིས་བརྒྱབ་ཚེ། ཝ་དཀར་ནི་གཞུ་ལས་ཤོར་བའི་མདའ་མོ་བཞིན་རྒྱུགས་འོངས་པ་དང་། ཞི་ལ་བཞིན་བདེ་ལྕུག་འཁྱུག་པོས་སྤྱིལ་བུའི་ཐོག་འགོས་ནས་ཁྱིམ་བྱར་གཏད་ནས་ཟུག་སྐད་རྒྱག་ལ། དེ་དག་སྐྲག་ནས་འབྲོ་རག་བར་དུ་མཚམས་མི་འཇོག དུས་དེ་ནས་བཟུང་ཁྱིམ་བྱས་སྡེར་མོས་འགྱིག་ཤོག་གཏན་ནས་རལ་མི་ཕོད།
     ཞོགས་པར་ལུག་རྣམས་ལུག་ར་ནས་ཕྱིར་འདེད་དཀའ། རྩྭ་ལྗང་མ་འབུས་པས་རི་ངོས་ཀྱི་དགུན་ཁའི་རྩྭ་སྐམ་དེ་ཁོ་ཚོས་ཟས་ནས་སུན་ཡོད་ལ། མ་རྨོས་ལོ་ཏོག་སྤུངས་བ་དེར་དམིགས་ནས་འབའ་སྒྲ་སྒྲོག་སྟེ། བདག་པོས་མ་རྨོས་ལོ་ཏོག་འགའ་གཡུགས་པར་རེ་སྒུག་བྱེད་པ་ལས་རང་ཉིད་རི་སྟོང་ལ་རྒོད་ལ་སོང་ནས་ཟས་འཚོལ་མི་འདོད། ཝ་དཀར་ལུག་རར་མཆོང་ནས་ལུག་འཕོངས་ལ་སོ་བརྒྱབ་པ་ན། ལུག་རྣམས་སྐྲག་ནས་ལུག་རར་འདུག་མི་ཕོད་པ་མ་ཟད། གཉོམ་ཆུང་ཚུལ་ལྡན་ངང་རི་འགོར་རྩྭ་ཟ་རུ་བུད་འགྲོ།
     ལིའང་ཚང་ལ་ནགས་དང་སིལ་ཏོག སྔོ་ཚལ་ཡོད་ལ། འབྲུ་རིགས་དེ་བས་ཀྱང་ཡོད། སྒོ་རའི་ནང་དུ་རི་ལྟར་སྤུངས་བའི་མ་རྨོས་ལོ་ཏོག་དག་མཚན་གང་ཙི་གུས་ཟ་ཏེ། ཁོ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལིའང་ཚང་གི་སྒོ་ཟོག་དང་ཁྱིམ་བྱའི་གཟན་ཆས་འཕྲོག་པར་བྱེད། ལིའང་ཚང་གི་ཞི་མི་ཟས་བཙོས་མ་ཟ་ལོབས་སུ་སོང་བས་ཙི་གུ་མཐོང་ཡང་ཁ་ཡ་མི་བྱེད་སྟེ་ཞི་མི་བྱང་ཆུབ་སེམས་དཔའ་ཞིག་གི་བརྟུལ་ཞུགས་འཛིན། ཡིན་ནའང་ཝ་དཀར་གྱིས་ཇུས་གཏོགས་ཚ་པོས་ཙི་གུ་བཟུང་ནས་"ཙི་"ཤི་ཁྱིམ་སྟོང་དང་ཁྱིམ་མི་ཁ་ཐོར་དུ་བཏང་།
     ཁྱིམ་བྱར་ལོ་གསར་རྟེན་འབྲེལ་ཞུ་རྒྱུར་དགའ་བའི་སྲེ་མོང་ཡང་ཝ་དཀར་ལ་དགའ་པོ་མེད་དེ། ཁ་ཤས་ཤིག་ཝ་དཀར་གྱི་མཆེ་འོག་ནས་འཆི་ལམ་དུ་བསླེབས། སྲེ་མོང་གིས་འཇིགས་སྐྲག་ཐེབས་པའི་བྱ་དེ་རྣམས་གང་སར་འཕུར། ཝ་དཀར་ཁ་རོག་གེར་བྱ་ཚང་གི་སྒོ་ཁར་ཉལ་མ་ཐག  བྱ་དེ་རྣམས་འཚང་ཁ་ཤིག་ཤིག་གིས་ལོག་ཡོང་ནས་འདར་འདར་སིག་སིག་ངང་ཁོའི་རུམ་དུ་འཛུལ་ངེས། ཝ་དཀར་གྱིས་རྔ་མ་ག་ལེར་གཡུག་བཞིན་བྱ་དེ་རྣམས་ལ་སྐྲག་མི་དགོས་ཞེས་སེམས་གསོ་བྱེད།
     ཝ་དཀར་གྱི་སེམས་གསོ་འཐོབ་མཁན་ནི་བྱ་དེ་གཅིག་པུ་མ་ཡིན་པར་ད་དུང་ངང་བ་དང་གག་པ། ལུག་དང་བ་གླང་བཅས་ཡོད། ཁྱིམ་བྱ་དང་སྒོ་ཟོག་གང་གིས་སྐྲག་སྣང་གིས་སྐད་བརྒྱབ་མ་ཐག ཝ་དཀར་གྱིས་རྣ་ཅོག་ཀྲོང་ངེར་"སའོ"དང་བཅས་ཁང་བའི་ཕྱི་རུ་བརྒྱུགས་ནས་ཟོག་ར་དང་ལུག་རའི་མདུན་དུ་བསླེབས་ཚེ། སྒོ་ཕྱུགས་རྣམས་བག་ལྷོད་པོར་བཟོ་ལ། ངང་ཚང་དང་གག་ཚང་གི་མདུན་དུ་བསླེབས་ཚེ། ངང་བ་དང་གག་པ་སྐྲག་མི་སྲིད། ཝ་དཀར་གྱི་མཛེས་ཤིང་གྲུང་བའི་མིག་ཟུང་གིས་མིས་ཧ་མི་གོ་ཡང་སྒོ་ཟོག་དང་ཁྱིམ་བྱས་གོ་བའི་སྐད་ཆ་བཤད་ཤེས། ཝ་དཀར་ཡོད་དུས་ཁྱིམ་ན་མི་མེད་ཀྱང་ཆོག
     རེད་དེ། ཝ་དཀར་གྱིས་སྲོག་ཆགས་གཞན་ལ་འཆམ་པོ་བྱེད་པ་མ་ཟད། ཆེས་འཆམ་པོ་བྱེད་ས་ནི་མི་ཡིན།
     ལིའང་ཁྲོན་པའོ་ཝ་དཀར་ལ་དགའ་ཞིང་། དགའ་ཚད་རྩེར་སོན་པས་གོམ་གང་ཡང་ཁ་མི་འབྲལ་ཞིང་། རང་གི་བུ་ལས་ཀྱང་དགའ་ལ། ཆུང་མ་པའེ་ལིན་ལས་ཀྱང་དགའ་བ་ནི་སྨོས་མ་དགོས། ཁོས་ཆུང་མ་པའེ་ལིན་ལ་ཁྱོད་ཁྱོད་ཀྱི་གཅུང་མོར་ཡང་མི་དོ་ཟེར། གཅུང་མོ་ནི་ཝ་དཀར་ལ་ཟེར་བ་ཡིན།
     ཐེངས་འདིར་གཅེན་མོས་རྫོང་མཁར་ནས་ཁོས་ཆེད་དུ་མངགས་པ་ལྟར་གང་སར་ཁྱེར་ཆོག་པའི་སྒྲ་སྒམ་ཞིག་ཉོས་འདུག འདི་ནི་ཁོས་ཆེད་དུ་ཝ་དཀར་ལ་གྲ་སྒྲིག་བྱས་པ་ཡིན་ལ། དེ་ལས་གཞས་ཤིག་རེས་འཁོར་གྱིས་་གཏོང་ཅིང་དེ་ནི་མིང་དུ་གྲགས་པའི་གླུ་གཞས《ཝ་དཀར》ཞེས་པ་དེ་རེད། གཞས་གདངས་དང་འགྲོགས་ནས་ཁོས་ཡང་ནས་ཡང་དུ་ང་ནི་ལོ་ངོ་སྟོང་ལ་སྒྲུབ་པ་མཛད་པའི་ཝ་མོ་ཞིག་ཡིན། ལོ་ངོ་སྟོང་ལ་སྒྲུབ་པ་མཛད་ཅིང་ལོ་ངོ་སྟོང་ལ་ཁེར་རྐྱང་དུ་ལུས.......ཞེས་ལེན།
     ཕ་རྒན་སྙིང་ལངས་ནས་བུར་ཁོ་ནི་ཁྱི་ཞིག་རེད། ཁྱོད་ཀྱི་པང་དུ་གང་འདྲ་འཛུལ་ཀྱང་མཛེས་མར་གྱུར་མི་སྲིད། ཁྱོད་ཀྱིས་ཚུལ་ལྡན་གྱི་ལས་ཀ་ཞིག་ལས་ན་མི་འགྲིག་གམ་ཞེས་སྡིགས་མོ་བྱེད།
     ཚུལ་འདི་འདྲར་བསླེབས་ཐེངས་རེར་ཝ་དཀར་ཀྱིས་ལིའང་ཁྲོན་པའོ་བསྐྱུར་ནས་ལིའང་ཀུའུ་ཚང་གི་པང་དུ་འཛུལ་ཏེ། ལྕེ་ཚ་པོས་ཁོའི་གདོང་ལ་ལྕེ་ལྡག་གིས་ངོ་གཡོག་བྱས་ནས་ཕ་རྒན་ལ་སྡིགས་མཚམས་འཇོག་ཏུ་འཇུག་སྲིད་པས་ལིའང་ཀུའུ་ཚང་ངུ་མ་དགོད་དུ་གཏོང་ངེས།
     གཅེན་མོ་དང་ཝ་དཀར་ཉིན་འགར་རྩེས་ཀྱང་ད་དུང་ཡིད་མ་ཚིམ་པར་འགྲོ་དུས་ཀྱང་གཅུང་བོར་ཞུ་བ་འཐེན་ནས་ཁྱི་དེ་ཁོ་མོར་སྟེར་རོགས་ཟེར།
     ལིའང་ཁྲོན་པའོ་ཡིས་སྐད་ཆ་མ་བཤད་གོང་ཕ་རྒན་གྱིས་མི་ཆོག ལིའང་ཚང་གི་རྣམ་ཤེས་ཉིས་བརྒྱ་ལྷག ལོ་ངོ་བརྒྱ་དང་ཉི་ཤུ་འགོར་བའི་རྣམ་ཤེས་ཚང་མ་ཁྱིའི་ཁོག་ཏུ་ཞུགས་ཡོད་པས་ཝ་དཀར་ནི་ལིའང་ཚང་གི་རྩ་བ་ཡིན་ལ། ལིའང་ཚང་གི་སྐྱེས་པ་ནང་བཞིན་གལ་ཆེན་ཡིན་ཟེར།

 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།