རྣམ་གླིང་རིན་ཆེན་གྱི་བརྩམས་སྒྲུང་ཁག་གསུམ་འོས་སྦྱོར།
རྩོམ་པ་པོ།:རྣམ་གླིང་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-12
ཀློག་གྲངས།:
སེམས་ཀྱི་རྡོག་ཁྲེས།
རྣམ་གླིང་རིན་ཆེན།
ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག རྣ་ལ་གཟན་པའི་གྲང་རླུང་གི་འཁུན་སྒྲ་དེས་ཁོའི་སེམས་ཀྱི་ལྷིང་འཇགས་དཀྲུགས་སོང་། གྲང་ཅང་ཅང་གི་འཁྱག་རླུང་དེས་ཁོའི་རྐང་མཐིལ་ནས་མགོ་བརྩམས་ཏེ་དལ་གྱིས་ཁོའི་ལུས་ཕུང་ཧྲིལ་པོར་གྲང་འདར་ཅིག་རྒྱག་ཏུ་བཅུག
ད་ནི་དགུན་ཟླ་གསུམ་པར་ཐོན་པས། ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག གྲང་རླུང་ངར་མོས་ཁོའི་རྣ་ཅོག་ཟུང་གྲང་ཞིང་མཁྲེགས་པ་གོར་མ་རྡོ་ལྟར་བཏང་ཡང་། ཁོའི་འགྲམ་པའི་གཡས་གཡོན་གྱི་མཁུར་ཚོས་ཟུང་བྱུ་རུ་བཞིན་དམར་པོར་བཏང་ཡང་། ཁོས་སྔར་རྒྱུན་བཞིན་ནུས་ཤུགས་ཡོད་རྒུས་གོམ་པ་མདུན་དུ་སྤོས་ཏེ་གཏན་ནས་མཚམས་འཇོག་བྱས་མ་མྱོང་ཨང་།
ལམ་བར་དུ་ཁོས་གཡག་རྒན་རོག་པོའི་སྣ་ཐིག་ནས་བཟུང་སྟེ་མདུན་དུ་སྐྱོད་བཞིན་དོན་དག་མང་དག་ཅིག་ལ་འདང་རྒྱག་བྱས། ཡངས་ཤིང་མུ་མཐའ་བྲལ་བའི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་རྩྭ་ཐང་དེའི་ཐོག་ཁོ་ལ་མཚོན་ན་གཡག་རྒན་རོག་པོ་ནི་ཁོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་འདྲ་བར། ཆུང་དུས་ནས་ཁོ་རང་གཡག་རྒན་རོག་པོའི་མིག་འོག་ཏུ་དལ་གྱིས་འཚར་ལོངས་བྱུང་བ་ཞིག་རེད་ཨང་། དུས་རྒྱུན་གཡག་རྒན་རོག་པོས་ཁོ་མཐོང་མ་ཐག་བདག་པོ་ངོས་འཛིན་བྱུང་སྟེ་མགོ་བོ་ལན་འགའ་གཡུག་བཞིན་ཁོ་ལ་སྙིང་ཉེ་བའི་རྣམ་འགྱུར་ཅིག་བསྟན་ངེས་ཤིང་། ཁོས་ཀྱང་དུས་རྒྱུན་ས་ཐག་རིང་མོ་ནས་གཡག་རྒན་རོག་པོ་མཐོང་མ་ཐག་ཁྱིམ་དུ་སླེབས་པའི་ཚོར་བ་སྐྱིད་སྣང་ཅན་ཅིག་ངམ་ཤུགས་ངང་སྐྱེ་བཞིན་ཡོད་པས། ཁོ་གཉིས་བར་བརྩེ་འདང་ཧ་ཅང་ཆེ། འོན་ཀྱང་། ཉིན་འགའི་གོང་དུ་ཁོའི་ཆུང་མ་ནད་ཀྱིས་མནར་ཏེ་སྨན་ཁང་དུ་ལུས་པས། ཁོས་སྒོར་མོ་འཚོལ་བའི་སླད་དུ་གྲོང་པ་ཁྱིམ་མཚེས་ཚོའི་གམ་དུ་སོང་སྟེ་སྒོར་མོ་བསྐྱི་བར་སོང་ཡང་། ཁོ་ལ་སྒོར་མོ་སྐར་གང་ཡང་མ་རྙེད། མཐའ་མ་མཐའ་མ་ཁོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས། ད་གཟོད་སེམས་ཀྱིས་མ་བཟོད་ཀྱང་གཡག་རོག་པོ་དེ་མ་འཚོང་ཐབས་མེད་དུ་གྱུར།
ངོ་མ་བཤད་ན། ཁོ་དང་གཡག་རྒན་རོག་པོ་དེའི་བར་ལ་སྤྱིར་བཏང་མིན་པའི་བརྩེ་དུང་ཞིག་ཆགས་འདུག འདས་སོང་གི་ལོ་ཟླ་དུ་མའི་ནང་ཁོས་གཡག་རྒན་རོག་པོར་ཁལ་བཀལ་ཏེ་ཤར་ནས་ནུབ་དང་། ལྷོ་ནས་བྱང་གི་ས་ཆ་དུ་མ་འགྲིམས་ཏེ་ཁོ་ལ་རྔོ་ཆེན་པོ་ཐོགས་ཡོད་པ་རེད་ཨང་། གནད་དོན་དེ་དག་ལ་བསམ་བློ་འཁོར་དུས། ཁོས་གཡག་རྒན་རོག་པོར་སྙིང་རྗེ་དང་གདུང་སེམས་ཀྱི་བསམ་པ་དྲག་པོ་སྐྱེས་ཏེ། མིག་ཟུང་ལ་མཆི་མ་ཡང་བར་མེད་འཁོར།
འོན་ཀྱང་། གཡང་སྐྱབས་ལ་ཆ་མཚོན་ན། ཁོ་ལ་དེ་ལས་གཞན་པའི་སྒོར་མོ་འཚོལ་ཐབས་གཞན་ཡོད་དམ། ཁོའི་ཕ་མེས་ཡང་མེས་ཀྱི་དུས་ནས་ནོར་གནག་ཁོ་ནར་བརྟེན་ཏེ་འཚོ་གནས་བྱེད་ཀྱིན་ཡོད་པས། ཡང་གཅིག་བཤད་ན། ས་ཞིང་མེད་ལ། དཔལ་འབྱོར་གྱི་ཡོང་ཁུངས་གཏན་ནས་མེད་པའི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་འབྲོག་ཁུལ་དེར་མཚོན་ན། ཁོ་ཚོའི་མི་རབས་དུ་མའི་རིང་ནོར་གནག་ཁོ་ན་འཚོ་རྟེན་གཅིག་པུར་གྱུར་བས། ཁོ་ལ་ཐབས་བཀོད་གཞན་ཅི་ཡང་མེད།
དོ་ནུབ་ནམ་མཁའ་ན་སྐར་ཚོགས་མིན་འདུག ཁོས་མིག་མདུན་གྱི་ཡོད་ཚད་ནག་ཆིལ་ཆིལ་དུ་མཐོང་། ཁོ་ལ་གློ་བུར་དུ་འཇིགས་སྣང་ཞིག་སྐྱེས་བྱུང་། “འགྲོ་བ་མི་ཞེས་པ་ངོ་མ་ཅི་འདྲའི་གདུག་རྩུབ་ཅིག་དང་། དུད་འགྲོ་སེམས་ཅན་ཅེས་པ་ངོ་མ་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་། ན་སོ་གཞོན་དུས་འགྲོ་བ་མིས་མ་འདོད་བཞིན་དུ་གང་འདོད་དུ་བཀོལ་ཅིང་། ན་སོ་རྒས་དུས་མྱུར་དུ་བཤས་རར་སྐྱེལ་བཞིན་ཡོད་པ་རེད་ཨང”ཁོས་དེ་ལྟར་ཆིག་ལབ་རྒྱག་ཞོར། རང་ཉིད་ཀྱི་བྱེད་ལུགས་ལ་ཁོང་ཁྲོའི་བསམ་པ་ཞིག་ཀྱང་ངམ་ཤུགས་ངང་སྐྱེས། ལྷག་པར་དུ་ཆོས་ལ་དད་ཅིང་། བྱམས་དང་སྙིང་རྗེ་གཙུག་ཏུ་བཀུར་བའི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་འབྲོག་ཁུལ་དེར་མཚོན་ན། དཀར་ཕྱོགས་དགེ་བའི་ལས་ལ་འབད་མཁན་ཧ་ཅང་མང་སྟེ། གནས་དེའི་འབྲོག་པ་མང་པོ་ཞིག་གིས་དུས་རྒྱུན་ནོར་ལུག་བཤས་རར་བསྐྱལ་རྒྱུ་ལྟ་ཅི། ཐ་ན་བེའུ་དང་ལུ་གུ་སོགས་ཀྱི་གྲོད་པ་ལྟོགས་པར་བསམ་སྟེ་དུས་རྒྱུན་ནོར་ལུག་གི་འོ་མ་འཇོ་བར་ཡང་འཛེམས་ཀྱིན་ཡོད་ལ། འབྲོག་པ་མང་པོ་ཞིག་གིས་ནོར་གནག་མང་དག་ཅིག་རི་མགོར་དེད་དེ་ཚེ་ཐར་དུ་གཏོང་བཞིན་ཡོད་པས། གནད་དོན་དེ་དག་ལ་བསམ་གཞིག་བྱ་དུས། གཡང་སྐྱབས་ཀྱིས་རང་ཉིད་ཀྱི་སྦྱོར་བ་དེ་འདྲ་བརྩམས་པར་སེམས་དབུས་སུ་གནོང་འགྱོད་ཀྱི་བསམ་པས་ཡོངས་སུ་ཕྱུག
བཤས་ཁང་གི་སྒོ་འགྲམ་དུ་མི་ཚོགས་ཧ་ཅང་སྟུག ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེའི་ཚོང་པ་རྒན་གྲས་དེས་གཡང་སྐྱབས་ཀྱིས་ཁྲིད་འོང་བའི་གཡག་རྒན་དེ་མཐོང་བས་ཁོའི་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཤིག་ངང་གིས་ཕྱིར་ཕྱུངས་འོང་། ཁ་ཆེའི་ཚོང་པ་གཞན་ཞིག་གིས་གཡང་སྐྱབས་ཀྱི་མིག་ཟུང་གི་མཐོང་ཡུལ་དུ་གཡག་འབྲོང་འདྲ་བ་ཞིག་གི་སྐེ་ལ་གྲི་བཙུགས་ཏེ་སེ་གོལ་ཏོག་ཅིག་གི་ཡུན་ལ་ད་སོ་མ་ཚེ་སྲོག་གི་གསོན་ཤུགས་ཀྱིས་ཕྱུག་པའི་སེམས་ཅན་གསོན་པོ་དེ་དེ་ལྟར་དབུགས་ཀྱི་རྒྱུ་བ་ཆད་སོང་། གཡང་སྐྱབས་ཀྱིས་མིག་མདུན་གྱི་གདུག་རྩུབ་ཀྱི་གནས་ཚུལ་དེ་མཐོང་བས། ཁོའི་ལུས་ཡོངས་རློན་ཤུར་ཤུར་དང་། འདར་སུག་སུག་བྱེད། དམར་ཆེམ་ཆེམ་དུ་བཞུར་བའི་ཁྲག་དམར་དང་། སྨྲེ་སྔགས་ཀྱི་འཁུན་སྒྲ། མཆི་མ་ཁྲུམ་ཁྲུམ་དུ་བཞུར་འོང་བའི་གཡག་རྒན་དེའི་མིག་ཟུང་སོགས་ཁོའི་ཡིད་ངོར་དྲན་ཐེངས་རེར། ཁོའི་ལུས་ཕུང་ལྕུག་ལྕུག་ཏུ་འདར་བྱུང་།
“ཨ་རོག གཡག་རྒན་དེ་འཚོང་རྒྱུ་ཡིན་ནམ”ཁ་ཆེའི་ཚོང་པ་རྒན་གྲས་དེས་གཡང་སྐྱབས་ལ་དེ་ལྟར་དྲིས།
“མིན། འཚོང་རྒྱུ་མིན”གཡང་སྐྱབས་ཀྱིས་དེ་ལྟར་བརྗོད་ཞོར་གཡག་རྒན་རོག་པོའི་སྣ་ཐིག་ནས་བཟུང་སྟེ་ཕྱིར་འགྲོ་རྩིས་བྱས། གཡང་སྐྱབས་ལ་ཐེ་ཚོམ་སྐྱེས་བྱུང་། གཡག་རྒན་རོག་པོ་དེ་ལྟར་བཙོངས་ན། ཁ་ཆེའི་ཚོང་པ་དེ་ཚོས་ཡ་ང་སྙིང་རྗེ་གཏན་ནས་མེད་པར་གཡག་རྒན་རོག་པོ་མིག་ཟུང་གི་མཐོང་ཡུལ་དུ་བཤའ་ངེས་པས། ངས་སྡིག་པ་གནམ་ལ་མི་ཤོང་བ་བསགས་ངེས་རེད། ཁོས་དེ་ལྟར་བསམ། འོན་ཀྱང་། སྨན་ཁང་གི་མལ་ཁྲིའི་ཐོག་ལུས་པའི་ཆུང་མའི་ངོ་མདོག་སྐྱ་བོ་དེ་དྲན་ན། ཁོས་གཡག་རྒན་རོག་པོ་ངེས་པར་དུ་འཚོང་དགོས་སྙམ། ཁོའི་སེམས་པ་རེ་ཞིག་རྡོ་ལེབ་ཚ་མོའི་ཐོག་གི་གྲོག་མ་ཇི་བཞིན་ཅི་བྱ་གཏོལ་བྲལ་དུ་གྱུར། ཁོས་ཁུག་མ་ནས་ཐ་མག་གི་སྒམ་ཆུང་ཞིག་བཏོན་ཏེ་དེ་ལ་མེ་བསྒྲོན་ནས་ཤེད་ཀྱིས་རྔུབ།
“ངའི་གཡག་རྒན་འབྲོང་འདྲ་བ་འདི་ལ་ཁྱོད་ཀྱིས་སྒོར་ག་ཚོད་སྟེར”
“སྒོར་སྟོང་གཅིག་དང་ལྔ་བརྒྱ་སྟེར། ཅི་འདྲ་རེད”ཁ་ཆེའི་ཚོང་པ་དེས་ཐ་མག་རྐང་ཞིག་ལ་མེ་སྒྲོན་ཞོར་དེ་ལྟར་བཤད། ཁ་ཆེའི་ཚོང་པ་དེས་གཡང་སྐྱབས་ཀྱི་གཡག་རྒན་རོག་པོར་གོང་ཚད་དམའ་བོ་དེ་འདྲ་འབོད་དོན་ནི་གཡག་རྒན་གྱི་ཤ་ཤེད་བཟང་རྒྱུ་མེད་པས་ག་ལ་ཡིན། དེ་ནི་ཁོ་ཚོས་གཡང་སྐྱབས་ཀྱིས་བྲེལ་འཚུབ་དང་འཚབ་སྣང་གི་རྣམ་པ་དེ་མཐོང་བས་ཡིན། གཡང་སྐྱབས་ཀྱིས་གོང་ཚད་ཇི་ལྟར་གཏམས་ཀྱང་ཞྭ་མོ་དཀར་བོ་གྱོན་པའི་ཁ་ཆེའི་ཚོང་པ་དེ་དག་གིས་གོང་ཚད་མཐོ་པོ་སྤྲད་ནས་གཡག་རྒན་རོག་པོ་དེ་ཉོ་རྩིས་མེད་པ་ཤེས་སྟབས། གཡང་སྐྱབས་ཀྱང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་མཐའ་མ་སྒོར་སྟོང་གཅིག་དང་ལྔ་བརྒྱ་བྱས་ཏེ་གཡག་རྒན་གྱི་སྣ་ཐིག་ཁ་ཆེའི་ཚོང་པ་རྒན་གྲས་དེའི་ལག་ཏུ་སྤྲད། གཡག་རྒན་རོག་པོའི་མིག་ཟུང་གཡང་སྐྱབས་ལ་ཅེ་རེར་ལྟ་བཞིན་འདུག གཡག་རྒན་རོག་པོས་གཡང་སྐྱབས་ལ་ཕམ་སེམས་སྐྱེས་པ་ཇི་བཞིན་གཡང་སྐྱབས་ཀྱིས་ཀྱང་རང་ཉིད་ཀྱི་སྦྱོར་ཚུལ་ལ་ཕམ་སེམས་སྐྱེས་བྱུང་།
མཚན་མོ་དེར་ཁ་བ་ཆེན་པོ་ཞིག་བབས། གཡང་སྐྱབས་ཀྱི་མིག་མདུན་གྱི་ཡོད་ཚད་སྐྱ་ཆིལ་ཆིལ་དུ་གྱུར། ཁོས་གློ་བུར་དུ་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་དག་དྲན་བྱུང་། འབུ་སྲིན་གྲོག་མ་ཙམ་ཞིག་གི་སྲོག་གཅོད་པར་ཡང་འཛེམ་པའི་ཆུང་དུས་ཀྱི་གཡའ་དག་དྭངས་གཙང་གི་འཚོ་བ་དག་དྲན་བྱུང་། ད་དུང་།“བྱམས་དང་སྙིང་རྗེ་ཅན་གྱི་བུ”དང་“བླ་མ་དང་སྐྱེས་བུ་དམ་པ་ཞིག་གི་སྤྲུལ་སྐུ་རེད”ཅེས་བསྟོད་ཚིག་གི་མེ་ཏོག་གཏོར་བའི་ཕ་མའི་གསུང་ངག་དག་དྲན་བྱུང་།
གཡག་རྒན་རོག་པོ་དང་ཁོའི་བར་གྱི་ལས་དབང་དེ་ལྟར་མཇུག་རྫོགས་སོང་། གཡག་རྒན་བཙོངས་ཟིན་པས་ཁོའི་སེམས་ཁ་མཚོ་ཐོག་གི་གྲུ་ཆུང་ཇི་བཞིན་ལྷོད་ལ་གཏན་ནས་འབབ་མ་ཐུབ། ཁོས་ད་ནི་རང་གི་འཚོ་བའི་སླད་དུ་སྡིག་པ་ཆེན་པོ་བསགས་སོང་སྙམ། ཁོའི་ཡིད་སེམས་ཕྲ་མོ་སེམས་ཁུར་ཅིག་དང་གནོང་འགྱོད་ཅིག རང་ཉིད་ལ་འཁང་རའི་བསམ་པ་ཞིག་གིས་ཡོངས་སུ་ནོན་འདུག
ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཁོས་མལ་ལས་ལངས་ཏེ་གཡག་རྒན་རོག་པོ་བཙོངས་པའི་སྒོར་མོ་ཆིག་སྟོང་ལྔ་བརྒྱ་དེ་འཁུར་ནས་སྨན་ཁང་དུ་ཆུང་མར་ལྟ་བར་སོང་། སྨན་ཁང་གི་སྨན་གཡོག་གིས་བཤད་ན། ཁྱོད་ཀྱི་ཆུང་མའི་གཟུགས་ཕུང་ཤིན་ཏུ་སྐྱོ་བས་འཚོ་བཅུད་ཅན་གྱི་ཤ་དང་ཤིང་ཏོག་འགའ་ཉོས་ཏེ་ཆུང་མའི་ལུང་ཕུང་གསོ་དགོས་ཟེར། ཁོས་མྱུར་དུ་ཤ་ཁྲོམ་ཁང་དུ་སོང་ནས་ཤ་ཉོ་བར་ཕྱིན། ཁྲོམ་རའི་ཐོག་གི་ཤ་ཡི་གོང་ཚད་ཧ་ཅང་མཐོ། འོན་ཀྱང་ད་ལྟ་ཆུང་མའི་ལུང་ཕུང་ཧ་ཅང་ཞན་པས་ཁོས་ངེས་པར་དུ་གཡག་ཤ་ཞི་ལིང་ཞིག་ཉོས་ཏེ་ཆུང་མའི་ལུས་ཕུང་གསོ་དགོས་པས། ཁོ་ལའང་ཐབས་ཅི་ཡང་མེད། ཁོས་དེ་འཕྲལ་ལག་ནང་གི་གཡག་རྒན་རོག་པོ་བཙོངས་པའི་སྒོར་མོ་ཆིག་སྟོང་ལྔ་བརྒྱ་དེ་བཀོལ་ནས་གཡག་ཤ་ཞི་ལིང་ཞིག་ཉོས། གློ་བུར་དུ་ཁོས་རང་གི་བསམ་སྦྱོར་ལ་དགོད་ཁ་ཞིག་འཆོར་འོང་། རང་ཉིད་ཀྱི་ལྒིན་རྟགས་ཅན་གྱི་ཉོ་ཚོང་དེ་ལ་དགོད་ཁ་རེ་འཆོར་འོང་། ཁོ་ཡིད་ཐང་ཆད་པའི་ངང་སྨན་ཁང་དུ་འབྱོར། བསམ་ཡུལ་ལས་འདས་པ་ཞིག་ལ། ཁོའི་ཆུང་མའི་དབུགས་ཀྱི་རྒྱུ་བ་སྔ་མོ་ནས་ཆད་ཟིན་འདུག ཁོའི་མིག་མདུན་གྱི་ཡོད་དོ་ཅོག་ནག་རོག་རོག་ཏུ་གྱུར། “ངོ་མ་རེད། དེ་ནི་རྣམ་སྨིན་རེད་ཡཱ”ཁོས་དེ་ལྟར་ཁ་ནས་གསལ་ལ་མི་གསལ་གྱི་མུར་མུར་གྱི་ཆིག་ལབ་འགའ་རྒྱག་ཞོར་སྨན་ཁང་ལས་བུད། ཁོའི་སེམས་པ་སྐད་ཅིག་ཉིད་དུ་སྐྱོ་གདུང་གི་ཀློང་དུ་ཚུད། ལམ་བར་དུ་ཁོ་ནི་བླ་བོར་བའི་བར་དོའི་སེམས་སྟོང་འགའ་ཞིག་དང་འདྲ་བར་ཚོར་བ་ཅི་ཡང་མིན་འདུག ཁོའི་མིག་མདུན་དུ་གཡག་རྒན་རོག་པོ་དང་ཆུང་མའི་ངོ་གདོང་རེས་མོས་ཀྱིས་འཆར་འོང་།
སྐབས་དེ་དུས། མཁའ་མཐའི་ཉིན་བྱེད་ཀྱི་གཞོན་ནུ་དེའང་ཆུ་ལྷའི་ལྷ་མོའི་བསླུ་བྲིད་དང་འགྲོགས་ནས་དལ་བ་དལ་བུར་རྒྱང་དུ་བཞུད་སོང་། ས་གཞི་ཧྲིལ་བོར་ཤུལ་དུ་ལུས་པ་ཉི་མའི་དྲོད་ཁོལ་གྱི་རྐང་རྗེས་ཙམ་དང་། ནག་ཅིང་སྟུག་པའི་སྨག་རུམ་གྱི་ལྭ་བ་ཙམ་ལས་གཞན་ཅི། མཚན་མོ་དེར། གཡང་སྐྱབས་གང་ལ་བུད་སོང་། དགེ་བ་དང་བྱམས་སེམས་ཀྱི་བསམ་པ་རུམ་གང་བཅངས་ནས་འཇིག་རྟེན་འདིར་སླེབས་ཤིང་། འགྱོད་གདུང་དང་གནོང་འགྱོད། ན་ཟུག་དང་སྡིག་པ་ཡི་བསམ་པ་རུམ་གང་འཁྱེར་ནས་འཇིག་རྟེན་དང་གྱེས་སོང་། ཉི་མ་ནུབ་ཟིན། འཇིག་རྟེན་ཧྲིལ་བོ་མག་མོག་ཏུ་གྱུར་སོང་། མག་མོག་ཏུ་གྱུར་སོང་།
འབྲེལ་ཡོད་འོས་སྦྱོར།