logo

རྣམ་གླིང་རིན་ཆེན་གྱི་བརྩམས་སྒྲུང་ཁག་གསུམ་འོས་སྦྱོར།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-12 ཀློག་གྲངས།:
                                                     གུ་ཡངས།

རྣམ་གླིང་རིན་ཆེན།


              ཕ་རོལ་དགྲ་ནི་བཏུལ་གྱུར་ཀྱང་།།
              དགྲ་ནི་དབྱར་གྱི་ཆུ་ལྟར་རྒྱས།།
              རང་སེམས་ཞི་བར་འདུལ་གྱུར་ན།།
              དགྲ་རྣམས་ཐམས་ཅད་གཞོམ་དང་མཚུངས།།   
                                  སྔོན་འགྲོའི་ཚུལ་དུ།
གཅིག
     ཨ་ཇོ་རྣམ་རྒྱལ་ནམ་རྒྱུན་ལྟར་ཞོགས་སྔ་པོ་ནས་མལ་ལས་ལངས་ཏེ་ལག་ཀྱི་ཕྲེང་བ་བར་མེད་བསྐོར་ཞོར། ཁ་ནས་མ་ཎི་ཡིག་དྲུག་བར་མཚམས་མེད་པར་འདོན་བཞིན་ལྷ་སའི་གཙུག་ལག་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་། སྤྱིར་ཨ་ཇོ་རྣམ་རྒྱལ་མཐོང་མ་ཉིད་ནས་དགུང་ལོ་དྲུག་ཅུ་ལྷག་བུད་ཟིན་པའི་ལྷ་སའི་ཉེ་འཁོར་དུ་འཚོ་བའི་རྒན་པོ་གཞན་དང་འདྲ་འདྲར་རིག་ཀྱང་། དོན་དངོས་སུ་ཨ་ཇོ་རྣམ་རྒྱལ་ནི་མི་ཚེ་འདིར་གཉེན་ཐེངས་གསུམ་ཙམ་བསྒྲིགས་མྱོང་བའི་མི་རྒན་ཞིག་ཡིན་ཡང་ཁོ་ལ་ད་བར་དུ་རང་ཉིད་ཀྱི་ཤ་ཁྲག་ལས་མཆེད་པའི་བྱིས་པ་གཅིག་ཀྱང་བྱུང་མ་མྱོང་། དེ་ནི་ཁོ་ལ་མཚོན་ན། མི་ཚེ་འདིའི་ཆེས་སེམས་ཁུར་བྱེད་ཡུལ་ཅིག་དང་། ཆེས་བློ་ཡིད་ཕམ་པའི་གནས་ཚུལ་ཅིག་ཀྱང་ཅི་ལ་མིན།
     ལོ་ངོ་མང་པོ་ཞིག་དེ་ལྟར་བྲེལ་འཚུབ་དང་སེམས་ངལ་ཁྲོད་འདས་སོང་། ལས་ཁུངས་ནས་རྒན་ཡོལ་ངལ་གསོ་ཞུས་རྗེས། ཨ་ཇོ་རྣམ་རྒྱལ་གྱི་ཉིན་གང་གི་ལས་ཀ་གཙོ་བོ་ནི་ཞོགས་པ་སྔ་པོ་ནས་ལངས་ཏེ་ལྷ་སའི་ཉེ་འགྲམ་གྱི་དགོན་སྡེ་ཁག་ཏུ་སོང་ནས་མཆོད་མཇལ་ལ་འགྲོ་རྒྱུ་དང་། དེ་རྗེས་རང་དང་འདྲ་བའི་ལས་བྱེད་པ་རྒན་གྲས་དེ་དག་དང་ལྷན་དུ་ཇ་ཁང་དུ་ཞུགས་ནས་གསོལ་ཇ་མངར་མོ་འཐུང་ཞོར་ཁ་བརྡ་བྱ་རྒྱུ་དེ་ཡིན། ངོ་མ་རེད། མི་རྐྱང་ཞིག་རྒྱུན་པར་གཏམ་འཆད་ཡུལ་གྱི་རོགས་པ་ཞིག་ཀྱང་མེད་པར་དེ་ལྟར་ཁ་ཁུ་སིམ་མེར་བསྡད་དགོས་དུས། སེམས་དབུས་སུ་ཁེར་རྐྱང་གི་སྣང་བ་ཞིག་དབང་མེད་དུ་སྐྱེས་འོང་། འོན་ཀྱང་སྐབས་སྐབས་སུ་རང་དང་འདྲ་བའི་ལས་བྱེད་པ་རྒན་གྲས་དག་དང་ལྷན་དུ་འདུས་ནས་ཁ་བརྡ་བྱ་རྒྱུ་དེ་ནི་ཁོར་མཚོན་ན་བདེ་སྐྱིད་ཅིག་ཅི་ལ་མིན།
     དེ་ཡང་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་གོང་རོལ་དུ། ཨ་ཇོ་རྣམ་རྒྱལ་ལས་ཁུངས་ནས་ཕྱིར་རང་ཁྱིམ་དུ་སླེབས་རྗེས། ཆུང་མས་རྒྱུན་གཏན་དང་མི་འདྲ་བར་ཚལ་སྣ་ཁ་ལྔ་དྲུག་ཙམ་ཞིག་བཟོས་ཏེ་ཁོ་རང་སྒུག་ནས་བསྡད་ཡོད་པ་མཐོང་། ཁོའི་ཆུང་མའི་མིང་ལ་འཛོམས་པ་སྐྱིད་ཟེར་ཞིང་། མོ་ནི་ཨ་ཇོ་རྣམ་རྒྱལ་གྱིས་མི་ཚེ་འདིར་ཁྱིམ་དུ་བསུས་མྱོང་བའི་ཆུང་མ་གསུམ་པ་དེ་ཡིན། འཛོམ་པ་སྐྱིད་ནི་ཁོའི་སྔོན་ཆད་ཀྱི་ཆུང་མ་གཞན་པ་གཉིས་དང་མི་འདྲ་བར་ཁོའི་སློབ་ཆེན་གྱི་སློབ་གྲོགས་ཡིན། ཁོ་གཉིས་སློབ་ཆེན་ཐོན་ཏེ་སླར་ཡང་ངོ་འཕྲད་འབྱུང་བའི་དུས་ཚོད་ནི་ཨ་ཇོ་རྣམ་རྒྱལ་ཆུང་མ་གཉིས་པ་དང་གཉེན་ཐོར་ཏེ་ཆེས་སྣང་བ་མི་སྐྱིད་པའི་དུས་དང་། ཨ་ཇོ་རྣམ་རྒྱལ་ཆེས་དབུལ་བའི་དུས་སྐབས་ཡིན། ངོ་མ་རེད།  བུད་མེད་ཅིག་གིས་རང་ཉིད་ལ་ཅི་ཡང་མེད་པའི་དུས་སྐབས་དེར་ཁ་ཞེ་གཉིས་མེད་ཀྱིས་བློ་སེམས་གཏད་དེ་དགའ་བོ་བྱས་པ་ནི་ངོ་མ་ཡི་རངས་དང་སེམས་འགུལ་བྱ་དགོས་པ་ཞིག་མ་ཡིན་ནམ། ད་ལྟ་དེ་དག་ལ་བསམ་བློ་རེ་གཏོང་དུས། ཨ་ཇོ་རྣམ་རྒྱལ་གྱིས་འཛོམས་པ་སྐྱིད་ཤུལ་དུ་བསྐྱུར་ནས་གནས་མཆོག་ལྷ་སར་ཡོང་བར་སེམས་ལ་འགྱོད་གདུང་གི་མཆི་མ་རབ་ཏུ་འཁྱིལ་འོང་།
     “ངས་ཨ་ཇོ་ཁྱེད་ལ་གཏམ་བཟང་ཞིག་བཤད”
     “གཏམ་བཟང་ཅི་ཞིག་བཤད་རྒྱུ་ཡོད”
     “ང་ལ་འཁོར་འདུག”
     “ག་རེ། ཅི་ཞིག་འཁོར་འདུག”
     “ལྐུགས་པ་རང་རེད། ཁྱེད་ཀྱིས་བཏབ་པའི་ས་བོན་ལ་འབྲས་བུ་སྨིན་འདུག”
     འཛོམས་པ་སྐྱིད་ཀྱིས་བཤད་པའི་སྐད་ཆའི་ནང་དོན་ཁོས་གཏན་ནས་ཧ་གོ་མ་སོང་། འཛོམས་པ་སྐྱིད་ཀྱིས་ཁྱོ་གའི་ལག་ནས་དམ་པོར་འཇུ་ཞོར།“ང་ལ་ཕྲུ་གུ་འཁོར་འདུག”ཟེར། འཛོམས་པ་སྐྱིད་ཀྱི་སྐད་ཆ་དེ་ཐོས་པས་ཨ་ཇོ་རྣམ་རྒྱལ་ཡུད་ཙམ་ཞིག་རིང་བླ་བོར་བ་ཇི་བཞིན་སྐད་ཆ་ཚིག་གཅིག་ཀྱང་ངག་ནས་མ་ཐོན། ཁོས་རང་གི་ཉན་བྱེད་ཀྱི་རྣ་ཅོག་ཟུང་ལའང་ཡིད་ཆེས་མ་བྱུང་། ཆུང་མའི་སྐད་ཆ་དེ་ཐོས་པས། ཨ་ཇོ་རྣམ་རྒྱལ་དགའ་ངུ་ཤོར་སོང་། རེད་ཨང་། ལོ་ཟླ་དུ་མ་ཞིག་གི་རིང་། ཁོས་རེ་སྒུག་དང་འབད་བརྩོན་བྱས་པ་མཐའ་དག་ད་ལྟ་མངོན་དུ་འགྱུར་དུས། ཁོའི་སེམས་ལ་དགའ་ཚོར་གྱི་སྣང་བ་མི་འབྱུང་བ་ག་ལ་སྲིད།
     ཆུང་མ་འཛོམས་པ་སྐྱིད་ལ་མངལ་འཁོར་རྗེས། ཨ་ཇོ་རྣམ་རྒྱལ་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། ཁོས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་འོ་མ་བསྐོལ་བ་དང་། ཞོགས་ཟས་གྲ་སྒྲིག་བྱེད་པ། ཁྱིམ་གྱི་ཕྱི་ནང་དུ་གཙང་སྦྲ་བྱེད་པ།  རྒྱུན་པར་འཛུམ་དམུལ་དམུལ་གྱིས་འཛོམས་པ་སྐྱིད་ལ་ཞབས་ཕྱི་རྣམ་དག་སྒྲུབ་བཞིན་ཡོད། ལྷག་པར་དུ། ཁོས་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་དཀོན་མཆོག་གིས་རང་ཉིད་ལ་བྱིས་པ་བདེ་ཐང་ཞིག་བསྩལ་བར་བཀའ་དྲིན་ཞུ་ཞིང་། ཆང་རག་དང་དུ་བ། རྒྱན་འཛུགས་ཀྱི་བྱ་བ་མཐའ་དག་རྒྱབ་བསྐྱུར་བྱ་རྒྱུའི་དམ་བཅའ་བཞག
     ཁོ་རང་ཕྱིར་ཁྱིམ་དུ་ལྡོག་དུས། ཕྱི་རོལ་དུ་ཁ་བ་ལྷབ་ལྷབ་ཏུ་བབས་བཞིན་འདུག ཁ་བའི་དཀར་ཆིལ་ཆིལ་གྱི་འོད་མདངས་ཀྱིས་ཁོའི་མདུན་སྐྱོད་ཀྱི་ལམ་བུ་གསལ་ལྷང་ངེར་བཏང་། དེ་ནི་དཀོན་མཆོག་གིས་ཁོའི་མི་ཚེའི་བཤུལ་ལམ་ལ་ལམ་སྟོན་གནངས་བ་དང་འདྲ་བར། ཁོ་ལ་གྲང་ཅང་ཅང་ཚོར་བ་གཏན་ནས་མིན་འདུག
     ལྷ་སའི་མཚན་མོའི་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་པ་ཞིག་རེད། ཡིད་དབང་འཕྲོག་པའི་ལྷ་སའི་མཚན་མོའི་ཡུལ་ལྗོངས་མཛེས་པོ་དེ་དག་མིག་ལམ་དུ་མཐོང་ཐེངས་རེར་ཁོའི་སེམས་པ་ལྷོད་དུ་འབབ་ངེས། ཁོ་རང་ལྷ་སའི་མཚན་མོའི་ཡུལ་ལྗོངས་ཀྱི་འོག་ཏུ་འཆམ་འཆམ་ལ་འགྲོ་བར་ཧ་ཅང་དད། ལྷ་སའི་མཚན་མོའི་ཡུལ་ལྗོངས་དག་མིག་ལམ་དུ་འཆར་ཐེངས་རེར། ཁོས་བོད་ཀྱི་གཞས་མ་འཕྱོངས་གཞོལ་སྒྲོལ་མས་བཏང་བའི《ལྷ་སའི་མཚན་མོའི་ཡུལ་ལྗོངས》ཞེས་པའི་གླུ་གཞས་དེ་ཡིད་ལ་དྲན་ངེས་ཡིན། “དཀར་གསལ་ཟླ་བའི་འོག་ཏུ། གློག་གཞུ་ཁྲ་ཆིལ་དགུ་ཆིལ། ལྷ་སའི་མཚན་མོའི་ཡུལ་ལྗོངས། ལྷ་ཡུལ་ལས་ཀྱང་མཛེས་པ། ཆར་བ་སིམ་སིམ་བབས་གིས། རླུང་བུ་སིལ་སིལ་ལྡང་གིས། ང་དང་ཆུང་འདྲིས་བྱམས་པ། ལས་འཕྲོའི་མདུད་པ་ཐེབས་སོང་”ཁོ་རང་གླུ་གཞས་དེ་ལེན་རྒྱུར་ཧ་ཅང་དགའ། ངོ་མ་རེད། མཚན་མོ་དེར། གྲོང་ཁྱེར་འདིའི་གློག་འོད་ཁྲ་ཆེམ་ཆེམ། མར་མེས་ཡོངས་སུ་བཀང་བའི་མཆོད་མེ་ཇི་བཞིན། འོད་མདངས་ཀྱིས་ཕྱུག་པའི་སྙིང་སྡུག་མའི་ཁྲ་ཆུང་གི་མིག་ཟུང་ལྟར། ང་ཁོ་ནའི་ཆེད་དུ་རང་ཤུགས་ཀྱིས་འབར་བཞིན་འདུག་ཨང་། མཚན་མོའི་ལྷ་སའི་ཡུལ་ལྗོངས་དག་མཐོང་བས། ཁོས་ཀྱང་དེ་འདྲའི་སྙན་ཚིག་རེ་ངག་ནས་འདོན་པར་བྱེད། དྲོ་སོབ་སོབ་ཀྱིས་ཕྱུག་པའི་ཁྱིམ་ཚང་དང་། ཚ་སོབ་སོབ་ཀྱི་ཟ་མ་གཡོས་ཏེ་རང་ཉིད་ལ་རེ་སྒུག་བྱེད་པའི་ཆུང་མའི་ལྷད་མེད་ཀྱི་བརྩེ་འདང་དེ་དྲན་ན། ཁོའི་ནང་སེམས་སུ་རང་ཤུགས་ཀྱིས་དྲོད་ཁོལ་ཞིག་སྐྱེས་འོང་། མ་མཐར་ཡང་། སྐབས་དེ་དུས་ཁོའི་ནང་སེམས་ཀྱི་འཇིག་རྟེན་དགའ་བདེས་ཡོངས་སུ་ཕྱུག་པ་སྨྲ་མི་དགོས། ཁོས་རང་ཉིད་ཀྱི་སྨ་ར་དཀར་པོ་དེར་བྱིལ་བྱིལ་གཏོང་བཞིན་གྲུང་ཤ་དོད་པོའི་ངང་རང་ཁྱིམ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་།
     ཁྱིམ་གྱི་སྒོ་འཛུལ་རྗེས། ཁྱི་ཕྲུག་ཁམ་པ་དེས་མཇུག་མ་ཀེར་ཀེར་བྱེད་བཞིན་ཁོ་རང་གི་རྗེས་དེད་ནས་ཡོང་། ཁྱིམ་ཚང་ནང་སྔར་བཞིན་རྒྱུན་གཏན་རེད། ཆུང་མས་ཚ་སོབ་སོབ་ཀྱི་མེ་དྲོན་མོ་ཞིག་བཏང་ནས་ཁོ་རང་སྒུག་ནས་འདུག  ད་ཆ་ཁོ་མོའི་ངོ་གདོང་གི་ཁྱོན་ལ་ཤ་ཁས་ཡོངས་སུ་ཁེབས་ཤིང་། ལྟོ་བའང་འབུར་དུ་ཐོན་འདུག ཁོ་མོས་ཁྱར་ཁྱོར་ངང་ཐབ་ཀའི་མདུན་དུ་སོང་ནས་ཚ་དེམ་བླངས་ཤིང་བང་ཁྲིའི་ཐོག་ནས་དཀར་ཡོལ་སྔོ་ཁྲ་ཞིག་ཕྱིར་བཏོན་ཏེ་ཁོ་རང་ལ་ཇ་ཚ་བོ་ཕོར་བ་གང་བླུགས་བྱུང་།

གཉིས།

     སླར་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་ཅི་ཡང་མེད་པའི་ནམ་ཟླ་ཞིག་རེད།    
     ཁ་བ་ཤིན་ཏུ་དཀོན་པའི་དགུན་ཁའི་དུས་ཚིགས་ཤིག་རེད།
     ཨ་ཅག་འཛོམས་པ་སྐྱིད་རྒྱུན་གཏན་ཇི་བཞིན་གྲུང་ཤ་ཅི་ཡང་མེད་པར་རྒྱང་རིང་གི་གནམ་སའི་མཚམས་སུ་མིག་ཟུང་ཅེར་བཞིན་དེར་དཀྲོང་ངེར་འགྲེངས་འདུག
     མཁའ་མཐའི་ངོས་སུ་མེ་རི་བཞིན་འཕྱུར་བའི་མཚམས་སྤྲིན་ཅིག་དམར་གྱིལ་ལེར་འདུག  དེ་ནི་སྐབས་རེ་བྱ་རྒོད་ཀྱི་གཤོག་ཟུང་བརྐྱངས་པ་དང་འདྲ་ལ། ལྷ་ཡི་སྲས་མོ་ཞིག་སྒེག་ཉམས་ལྡན་པའི་ངང་གར་ལ་རོལ་བཞིན་པ་དང་ཡང་འདྲ། སྐབས་རེ་ནེམ་ཤ་ལྡན་པའི་རྒྱ་ལྕང་གི་འདབ་མ་རླུང་གི་གཡོ་ཕྱོགས་དང་བསྟུན་ནས་དལ་གྱིས་འགུལ་བ་དང་འདྲ་ལ། སྟག་རྒོད་ངར་མ་ཞིག་ཟིལ་ཤུགས་ལྡན་པའི་ངང་ཙོག་པུར་འགྲེངས་པ་དང་ཡང་མཚུངས། ཨ་ཅག་འཛོམས་པ་སྐྱིད་ཀྱིས་མཁའ་མཐའི་དམར་མདངས་བཀྲ་བའི་མཚམས་སྤྲིན་གྱི་ཕུང་བོ་དེ་མིག་ལམ་དུ་མཐོང་ཐེངས་རེར། དེ་མ་ཉིད་དུ་འདས་སོང་གི་དྲོད་ཁོལ་ལྡན་པའི་མཛེས་སྡུག་གི་འཚོ་བ་དག་ཝ་ལེར་དྲན་བྱུང་། 
     སློབ་ཆེན་གྱི་སྐབས་སུ་འཛོམས་པ་སྐྱིད་དང་ཨ་ཇོ་རྣམ་རྒྱལ་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཡིན། ད་དུང་ངོས་སྙོམས་པའི་སྒྲོག་རྩེ་གཅིག་གི་ཐོག་གི་འདུག་རོགས་ཀྱང་ཡིན། མ་གཞི་བྱས་ན་ཁོ་གཉིས་ཕན་ཚུན་བར་བརྩེ་དུང་གི་རྨང་གཞི་ལེགས་པོ་ཞིག་ཆགས་ཡོད་ཀྱང་། སློབ་ཆེན་ཐོན་རྗེས། འཛོམས་པ་སྐྱིད་ཁམས་ཆབ་མདོ་ཁུལ་དུ་ལས་བགོ་བྱས་ཤིང་། ཨ་ཇོ་རྣམ་རྒྱལ་ནི་གཙང་གཞིས་ཀ་རྩེར་ལས་བགོ་བྱས་པས། ཁོ་གཉིས་ཀྱི་བརྩེ་དུང་དེ་ཡང་དེ་ལྟར་མཇུག་རྫོགས་སོང་། འོན་ཀྱང་། འཛོམས་པ་སྐྱིད་ཀྱིས་དུས་ད་ལྟའི་བར་དུའང་ཨ་ཇོ་རྣམ་རྒྱལ་སེམས་ཀྱི་གཏིང་དུ་ཉར་ཏེ་གཏན་ནས་བརྗེད་མ་མྱོང་། ཁོ་གཉིས་ལྷན་འདུག་ལྷན་གཤིབ་ངང་དཔེ་ཀློག་ལ་རོལ་བ་དང་། མཉམ་དུ་ཁྲོམ་ལ་འགྲོ་བ། མཉམ་དུ་ཟ་མ་ཟ་བ་སོགས་འདས་སོང་གི་མཛེས་སྡུག་ལྡན་པའི་འཚོ་བ་དག་དྲན་ན། མོའི་མིག་མཐར་མཆི་མ་འཁྱིལ་འོང་། ངོ་མ་རེད།   སློབ་ཆེན་གྱི་སྐབས་སུ། ཁོ་གཉིས་ཀྱི་བརྩེ་དུང་ལ་རྒྱུ་ནོར་དང་། དབང་ཆ། མིང་གྲགས་སོགས་ཀྱི་བསླུ་བྲིད་མེད་པས། དེ་འདྲའི་བརྩེ་དུང་ནི་གཡོ་ཟོལ་དང་ནག་ནོག་གི་བསླད་པ་མེད་པར་ཅི་འདྲའི་དྭངས་ཤིང་གཙང་ཨང་།
     འཚོ་བ་ཞེས་པའི་ཐ་སྙད་དེ་ཅི་འདྲའི་གསང་བ་ལྐོག་འགྱུར་ཅན་ཅིག་རེད་ཨང་། མིག་ཡུད་ཙམ་ཞིག་ལ། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དྲོན་མོ་དེ་མིག་ཟུང་གི་མཐོང་ཡུལ་དུ་བརླག་སོང་། ཁ་སང་གི་དགོད་སྒྲས་ཕྱུག་པའི་ཁྱིམ་གཞིས་དྲོན་མོ་དེ་སེ་གོལ་ཏོག་ཅིག་གི་ཡུན་ལ་སྐྱོ་ཉམས་ཀྱི་རྣམ་པས་ཁེངས་སོང་། དེ་ལྟ་བུའི་སྐྱོ་གར་དེ་སྐྱེ་བོ་སུ་འདྲ་ཞིག་ལ་ཆ་མཚོན་ཡང་ངོ་མ་དང་ལེན་བྱ་དཀའ།  
     “མོ་ལ་རྣམ་སྨིན་འཁོར་བ་རེད། རང་སྡུག་རང་གིས་ཉོས་པ་རེད།”
     “མོ་དངོས་གནས་སྨྱོས་འདུག  ཉིན་ལྟར་གཙང་ངོགས་སུ་འགྲེངས་ནས་རང་ཤི་རྒྱག་འདོད་པ་མ་རེད་པཱ།”
     ཡུལ་མི་ཚོས་ཨ་ཅག་འཛོམས་པ་སྐྱིད་དང་འཛོམས་པ་སྐྱིད་ཀྱི་ལུས་ཐོག་ཏུ་ལྷག་པའི་ཆག་སྒོ་ངན་པ་དེ་ལ་ལབ་ལྒིང་སྣ་ཚོགས་བྱེད་བཞིན་འདུག 
     དེ་ནི་སྤྱི་ལོ༡༩༩༠ལོའི་དགུན་ཁའི་མཚན་མོ་ཞིག་རེད། ཨ་ཅག་འཛོམས་པ་སྐྱིད་ཀྱིས་སྐྱེས་ནས་ཟླ་བ་གཅིག་ལྷག་ཙམ་ལས་སོན་མེད་པའི་རང་ཉིད་ཀྱི་བུ་མོ་ཆུང་ཆུང་དེ་པང་དུ་གཉོར་བཞིན་ལོ་མང་འཚོ་བ་བསྐྱལ་མྱོང་བའི་ཡར་ལུང་གྲོང་ཚོ་དང་གྱེས་ནས་གནས་མཆོག་ལྷ་སར་ལམ་ལ་ཆས། དྲང་མོར་བརྗོད་ན། ཡར་ལུང་གྲོང་ཚོ་ནི་ཁོ་མོའི་སྐྱེ་སའི་སྐྱེ་ཡུལ་མིན་ཡང་བསྐོས་པའི་ཕ་ཡུལ་ཡིན་པས། ཁོ་མོས་ཡུལ་གྲུ་དེར་བརྩེ་འདང་དང་ཞེན་ཆགས་མེད་པ་ག་ལ་ཡིན། ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་ཁོ་མོ་ཨ་ཇོ་རྣམ་རྒྱལ་དང་གཉེན་བསྒྲིགས་ཏེ་གནས་འདིར་གཞིས་ཆགས། མ་གཞི་ཨ་ཇོ་རྣམ་རྒྱལ་གྱི་མགོ་ཡི་སྐྲ་ལོ་དཀར་ལ་མ་ལེ་དང་འགྲམ་པའི་མཁུར་མཚོས་གཡས་གཡོན་གཉིས་ཀྱི་ངོས་སུ་ཨོག་ཚོམ་གྱིས་གང་ཡོད་པས། ཕར་བལྟས་ཚོད་ཀྱིས་ཁོ་གཉིས་བར་ལ་ལོ་ཁྱད་ཅུང་ཡོད་པར་སྣང་ཡང་། ཨ་ཇོ་རྣམ་རྒྱལ་གྱིས་ཁོ་མོར་ཁ་ཞེ་གཉིས་མེད་ཀྱིས་བརྩེ་བ་འཆང་འོང་བས། ཁོ་མོའང་དལ་གྱིས་ཡུལ་གྲུ་དེ་ལ་དགའ་ཞིང་སྙིང་ཉེ་བར་གྱུར། རེད་ཨང་། རང་ཉིད་ལ་བརྩེ་བ་ཟབ་པའི་ཁྱོ་གའི་འཛུམ་ཞལ་གྱིས་ཕྱུག་པའི་རྣམ་འགྱུར་རེ་རེ་དང་། ཡུལ་མི་ཚོའི་སེམས་རྩ་འཁོལ་ལ་གཞུང་དྲང་བའི་རང་གཤིས་དེ་དག་ལ་བསམས་ན། ཁོ་མོ་ཡུལ་དེར་ཞེན་ཆགས་མེད་པ་ག་ལ་སྲིད། འོན་ཀྱང་། དུས་ཀྱི་གོམ་བགྲོད་དང་བསྟུན་ནས། ཁྱོ་གས་ཁོ་མོར་བཅངས་པའི་རྣམ་འགྱུར་ཉིན་རེ་ལས་མ་འདས་པར་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་།
     དེ་ཡང་ཁོ་གཉིས་གཉེན་བསྒྲིགས་ནས་ལོ་ངོ་གཉིས་ཙམ་འདས་རྗེས་། ཁོ་མོ་ལ་མངལ་འཁོར་བྱུང་བས། ཁོ་གཉིས་པོའི་འཚོ་བ་ལ་སྔར་ན་མེད་པའི་དྲོད་ཁོལ་ཅིག་བསྩལ་བྱུང་། ལྷག་པར་དུ་ཨ་ཇོ་རྣམ་རྒྱལ་ལ་ཆ་མཚོན་ན། ད་བར་དུ་གཉེན་འགའ་བསྒྲིགས་ཟིན་ཡང་རང་ཉིད་ལ་འབྱུང་འགྱུར་གྱི་རེ་བལྟོས་བཅོལ་ཡུལ་གྱི་བྱིས་པ་གཏན་ནས་མེད་པས། ད་ལྟ་འཛོམས་པ་སྐྱིད་ལ་མངལ་འཁོར་དུས་ཁོའི་སེམས་པ་བླ་ལྷག་ཏུ་མི་འགུལ་པ་ག་ལ་སྲིད། རང་ཉིད་ལ་མངལ་འཁོར་རྗེས། ཁྱོ་གའི་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཀྱིས་ཁེངས་ཤིང་། གཤིས་ཀ་ཡང་སྔར་ལས་ཇེ་འཇམ་དུ་གྱུར་འདུག  ལྷག་པར་དུ་ཁོས་རང་འགུལ་ངང་ཁྱིམ་ཚང་ནང་གཙང་སྦྲ་བྱེད་པ་དང་། ཁྲོམ་ལ་སོང་ནས་འཚོ་བཅུད་ཅན་གྱི་ཚལ་རིགས་འདྲ་མིན་སྣ་ཚོགས་ཉོས་ཏེ་ཟ་མ་བཟོ་བ། གོན་པ་འཁྲུ་བ་སོགས་ཕོ་མོའི་ལས་ལ་དབྱེ་བ་མེད་པར་འབད་འབུངས་ཀྱིས་གཞོལ་བཞིན་ཡོད་པས། སྐབས་དེ་དུས། མོའི་སེམས་དབུས་སུ་རང་ཉིད་ནི་འཇིག་རྟེན་འདིའི་ཐོག་ཆེས་བསོད་ནམས་ཆེ་བའི་བུད་མེད་ཅིག་དང་། ཆེས་བདེ་སྐྱིད་ལྡན་པའི་བུད་མེད་ཅིག་རེད་སྙམ་བཞིན་སེམས་དབུས་སུ་བདེ་སྐྱིད་ཀྱི་མེ་ཏོག་རབ་ཏུ་བཞད། དེ་འདྲའི་ཚོར་སྣང་སྐྱིད་པོ་དེ་མོས་མི་ཚེ་གཅིག་བརྗེད་དཀའ། འོན་ཀྱང་། ཟླ་གཉིས་ཙམ་འདས་རྗེས། མོའི་བརླ་ཤའི་བར་ནས་ཁྲག་དམར་གང་སར་བཞུར་འོང་སྟེ་སྐད་ཅིག་ཉིད་དུ་མོ་རང་དྲན་པ་འཐོར་སོང་། མོ་རང་ལ་དྲན་པ་རབ་རིབ་ཅིག་ཡོད་དུས། ཁྱོ་གས་མོ་རང་པང་དུ་བཟུང་ནས་སྨན་ཁང་གི་མལ་ཁྲིའི་ཐོག་བཞག་ཅིང་། ཡི་གར་འོང་བའི་བྱིས་པ་ཆུང་ངུ་ཞིག་གི་ངུ་སྐད་ལྷང་ལྷང་དུ་མོའི་རྣ་བར་ཐོས་བྱུང་། བྱིས་པའི་ངུ་སྐད་དེ་ཐོས་པས་མོའི་ན་ཟུག་ཡོད་དོ་ཅོག་ལེ་དབར་སྟོང་ཕྲག་གི་ཕ་མཐར་རྒྱང་དུ་གྱེས་པ་དང་འདྲ་བར་མོ་ལ་མི་བདེ་བའི་ཚོར་སྣང་ཅི་ཡང་མེད་པར། ལུས་སེམས་ཧྲིལ་བོ་ལྷོད་ལ་བབས་བྱུང་། དུས་ཡུན་ཅུང་ཟད་འདས་རྗེས་སྨན་པས་མོ་རང་གི་མངལ་ལས་སྐྱེས་པའི་བྱིས་པ་དེའི་གཟུགས་པོ་ཧ་ཅང་སྐྱོ་ལ་ཁྲག་བཞུར་ཚད་མང་བས། མྱུར་དུ་ཁྲག་ཁ་སྣོན་བླུག་དགོས་པའི་རེ་བ་བཏོན་པས། ཁོས་ཐེ་ཚོམ་ཅི་ཡང་མེད་པར་རང་གི་ཁྲག་བཙགས་ཏེ་སྙིང་རྗེ་བའི་བྱིས་པ་ལ་བླུག་འགོ་བརྩམས། བསམ་ཡུལ་ལས་འདས་པ་ཞིག་ལ། ཁྲག་ལ་བརྟག་ཞིབ་བྱས་པས། ད་གཟོད་བྱིས་པ་དེ་ཁོ་རང་ཉིད་ཀྱི་མིན་པ་གསལ་བོར་རྟོགས། ཁོའི་མིག་མདུན་གྱི་ཡོད་ཚད་གློ་བུར་དུ་མག་མོག་ཏུ་གྱུར་སོང་། སྨན་པའི་སྐད་ཆ་དེ་ཐོས་པས། ཁོས་རང་ཉིད་ཀྱི་ཉན་བྱེད་ཟུང་ལའང་ཡིད་ཆེས་བྱ་ཐབས་བྲལ། མོ་རང་གི་ལུས་ཡོངས་རྫོགས་ཀྱང་རྔུལ་ཆུས་ཁེངས་པ་དང་། གདོང་ཡོངས་མཆི་མས་བརླན་པར་བྱས། ལུས་པོ་ཡོངས་ལ་ཚ་བ་ཇེ་ཆེར་འཕེལ་ནས་ཡར་ལངས་པའི་ནུས་པ་ནི་བྲལ། སྨན་པའི་སྐད་ཆར་མོ་རང་ཉིད་ཀྱང་ཡིད་ཆེས་མ་བྱུང་། མོས་མིག་ཟུང་ལས་མཆི་མ་ཁྲུམ་ཁྲུམ་དུ་བཞུར་བཞིན། “ཡིན་མི་སྲིད། ཡིན་མི་སྲིད། ཁྱེད་ཚོས་བརྟག་དཔྱད་བྱས་པ་ངོ་མ་ནོར་བ་རེད”ཟེར་བཞིན་ནུས་ཤུགས་གང་ཡོད་ཀྱིས་མལ་ལས་ལངས་གྲབས་བྱས་ཀྱང་ཡར་ཙོག་པོར་གཏན་ནས་ལངས་མ་ཐུབ། སྐབས་དེ་དུས། ཨ་ཇོ་རྣམ་རྒྱལ་ལ་སྨྲ་བ་མིན་འདུག ངོ་མ་རེད། ཁོ་མོས་དུས་ནམ་ཡང་རང་ཉིད་ཀྱི་ཁྱོ་ག་ལ་རྒྱབ་འདོད་ཀྱི་བྱ་བ་ལས་འདོད་ཀྱི་བསམ་པ་གཏན་ནས་མེད། ཡང་གཅིག་བཤད་ན། ཁྱོ་གའི་བརྩེ་སེམས་ཀྱིས་ཕྱུག་པའི་འཛུམ་མདངས་རེ་རེ་དང་། མོ་རང་དང་ཁྱིམ་ཚང་དེའི་སླད་དུ་དཀའ་སྤྱད་འབད་འབུངས་བྱེད་པའི་ངང་ཚུལ། རང་ཉིད་ལ་བཅངས་པའི་ཁ་ཞེ་གཉིས་མེད་ཀྱི་བརྩེ་བ་དག་དྲན་ན། ཁོ་མོས་ཁྱོ་གའི་ལྐོག་ཏུ་ཚུལ་མིན་གྱི་བྱ་སྤྱོད་དེ་འདྲ་རྩོམ་པའི་དགོས་པ་ག་ལ་ཡོད། མོ་རང་ཉིད་ཀྱང་ཁྱོ་ག་ལ་བརྩེ་འདང་ཧ་ཅང་ཆེ་བས། མོས་ཉིན་མཚན་ཀུན་ཏུ་བསམ་རྒྱུ་དང་དྲན་རྒྱུ་གཅིག་རང་ཡོད་པ་ནི་ཁྱོ་ག་ལ་ཡིད་འོང་སྤྱང་གྲུང་འཛོམས་པའི་བྱིས་པ་ཞིག་བཙའ་རྒྱུ་དེ་ཡིན་པས། མོས་ཁྱོ་ག་ལ་རྒྱབ་འདོད་ག་ལ་བྱ་སྲིད། འོ་ན་ད་ལྟའི་མཇུག་འབྲས་ངན་པོ་དེ་འདྲ་འབྱུང་དོན་ཡང་སྙིང་ཅི་ཞིག་ཡིན། མོས་དེ་ལྟར་མནོ་བསམ་གཏོང་བཞིན་པའི་སྐབས། གློ་བུར་དུ་འཇིགས་སུ་རུང་བའི་མཚན་མོ་དེ་དྲན་བྱུང་།
     དེ་ཡང་ཟླ་བ་འགའ་ཤས་ཀྱི་གོང་རོལ་དུ། མོའི་ཁྱོ་ག་ལྷ་སར་ཕ་མ་གཉིས་ལ་ལྟ་བར་སོང་། ཉིན་དེའི་མཚན་མོར། མོ་རང་གི་གྲོགས་མོ་བསམ་སྐྱིད་ཀྱིས་མོ་རང་ལ་ཁ་པར་འབྱོར་ནས་གཞིས་ཀ་རྩེའི་གྲོང་དབུས་སུ་ཡོད་པའི་ལྷ་གཡག་མགྲོན་ཁང་དུ་མོ་ལ་ཐུག་འཕྲད་བྱེད་པར་ཡོང་དགོས་པའི་བརྡ་འབྱོར། མོ་རང་བསམ་སྐྱིད་དང་ངོ་འཕྲད་བྱུང་རྗེས། ཁོ་ཚོས་དེང་རབས་ཨར་ཁང་དུ་སོང་ནས་སྤྲོ་སྐྱིད་གཏོང་བར་ཕྱིན་པའི་གནས་ཚུལ་དེ་ཡིད་ལ་དྲན། ངོ་མ་རེད། མི་བྱེད་དགུ་བྱེད་བྱེད་མཁན་ཝུ་ཆང་ཟེར་བའི་འཐུང་ཆ་དེས་ལན་སོང་། མ་གཞི་མོ་རང་ཐོག་མར་ཆང་འཐུང་འདོད་ཀྱི་བློ་ཁ་གཏན་ནས་མེད་ཀྱང་། གྲོགས་མོ་བསམ་སྐྱིད་ཀྱིས་ཨུ་ཚུགས་མཐའ་སྐྱེལ་བྱས་མཐར་ད་གཟོད་མོའི་ངོ་བཟློག་མ་ནུས་པར་ཆང་དང་འབྲེལ་བ་མ་བྱེད་ཀ་མེད་དུ་གྱུར། འོན་ཀྱང་། ཆང་འཐུང་ཚད་མང་དྲགས་པའི་དབང་གིས། མོ་རང་ར་བཟི་སྟེ་ཤར་ལྷོ་ནུབ་བྱང་གི་ཁ་ཕྱོགས་ཀྱང་གསལ་བོར་འབྱེད་མི་ཤེས་པའི་གནས་སུ་གྱར་ལ། གོམ་པའང་སྤོ་དཀའ་བར་གྱུར་བས། བསམ་སྐྱིད་ཀྱི་ལྷན་དུ་ཡོང་བའི་སྐྱེས་པ་སྨ་ར་ཅན་དེས་མོ་རང་སྒལ་བར་འཁུར་ནས་མགྲོན་ཁང་ཞིག་ཏུ་བསྐྱལ་ཞིང་། དེའི་རྗེས་གནས་ཚུལ་ཅི་འབྱུང་མོའི་དྲན་པའི་ངོས་སུ་གཏན་ནས་མིན་འདུག  འོན་ཀྱང་། མོ་རང་བློ་མི་བདེ་བ་ཞིག་ལ། ནངས་ཁ་མོ་རང་གཉིད་ལས་སད་དུས། མོ་རང་གི་ལུས་ལ་སྟོད་གོས་དང་། ཚི་ལེན། རྐང་སྣམ་སོགས་གོན་པ་ཅི་ཡང་བཀོན་མེད་པར་དམར་ཧྲེང་ངེར་ལུས་ཡོད་པ་མཐོང་། མོས་ད་གཟོད་ཡོད་ཚད་རྟོགས་སོང་། མོའི་མཆི་མ་འགྲམ་པའི་གཡས་གཡོན་གྱི་མཁུར་ཚོས་བརྒྱུད་དལ་གྱིས་མལ་ཐུལ་གྱི་ཐོག་ཏུ་བབས་བྱུང་། ད་ལྟ་མོ་ལ་དབང་བ་ཁོང་ཁྲོ་དང་སྐྱོ་གདུང་འབའ་ཞིག་ལས་གཞན་ཅི། སྨན་ཁང་གི་ཁུགས་སོ་ཡོད་དོ་ཅོག་རེ་ཞིག་འཇམ་ཐིང་ངེར་གྱུར། འཇམ་ཐིང་ངེར་གྱུར། མོའི་རེ་བ་དང་འབྱུང་འགྱུར་ལ་བཅངས་པའི་མཚར་སྡུག་གི་རྨི་ལམ་དྲོན་མོ་དེ་ལྟར་སྟོང་ཟད་དུ་སོང་། ད་ཆ་ཁྱོ་གས་མོ་རང་ལ་སྡང་བ་ཇི་བཞིན་མོས་ཀྱང་རང་ཉིད་ལ་སྡང་སེམས་ཀྱི་བསམ་པ་དྲག་ཏུ་སྐྱེས་བྱུང་།

གསུམ།

     ཉིན་གཉིས་ཙམ་འདས་རྗེས། ཁྱོ་གས་སྨྲ་བ་ཅི་ཡང་མེད་པར་ཁྱིམ་ནས་བུད་སོང་། མོས་ཉིན་ཞག་དུ་མའི་རིང་ཁ་ལག་ཚ་བོ་རེ་བཟོས་ཏེ་ཁྱོ་ག་ཕྱིར་ལོག་རྒྱུར་རེ་སྒུག་བྱས་ཀྱང་། ཁྱོ་གའི་གྲིབ་གཟུགས་ཙམ་ཡང་མིག་ལམ་དུ་མངོན་རྒྱུ་མ་བྱུང་། མོའི་སེམས་པ་དལ་གྱིས་འཁྱག་བྱུང་། འགྲོ་བསམ་ན་འགྲོ་སའི་ལམ་བུ་ཞིག་མེད་ཅིང་། འདུག་བསམ་ན་ཡུལ་མི་ཚོའི་མི་ཁ་དོག་པས། མོའི་སེམས་པ་ལྷིང་འཇགས་སུ་གཏན་ནས་གནས་ཐབས་མ་བྱུང་།
མཚན་མོ་དེར། ཁ་བ་ཆེན་པོ་ཞིག་བབས། ཉེ་འགྲམ་གྱི་ཁང་བ་དང་། ཁང་ཀླད། ལྗོན་ཤིང་། རི་མགོ་སོགས་ཁ་བའི་འོག་ཏུ་མནན་འདུག མོ་རང་ཁ་བར་ཤིན་ཏུ་ནས་དགའ། ནམ་ཞིག རང་ཉིད་ཀྱི་ཁྱོ་གའང་དོ་ནུབ་ཀྱི་ཁ་བ་དེ་དང་འདྲ་བར་རང་ཉིད་ཀྱི་མདུན་དུ་སླེབས་ན་ཅི་མ་རུང་མོས་དེ་ལྟར་བསམས།
     ཕྱི་རོལ་གྱི་ནམ་ཟླ་ཧ་ཅང་འཁྱག མོས་སླར་ཡང་ཁྱོ་ག་དང་ལྷན་འདུག་ལྷན་གཤིབ་ཀྱི་དྲོ་སོབ་སོབ་ཀྱི་འཚོ་བ་དག་དྲན་བྱུང་། འོན་ཀྱང་། ད་ཆ་ཁྱོ་གའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པས། ཁོ་མོ་གནས་དེར་མུ་མཐུད་འཚོ་བ་སྐྱེལ་བའི་སྒུལ་ཤུགས་ཤིག་གང་ན་ཡོད། ཐ་ན་ཁོ་གཉིས་བར་ད་དུང་བཟའ་ཚང་གི་འདུ་ཤེས་ཡོད་མེད་ལ་མོར་དོགས་པ་སྐྱེས་འོང་། གང་ལྟར་ཁྱོ་ག་དེ་ལྟར་བུད་སོང་། སྐྱོ་གདུང་དང་བློ་ཕམ་རེ་ཆད་ཀྱི་བསམ་པ་རུམ་གང་འཁྱེར་ནས་དེ་ལྟར་བུད་སོང་། ཁོ་རང་བུད་རྗེས། སྡེ་བའི་ཁྱོན་ལ་གསར་འགྱུར་མང་དག་ཅིག་གཅིག་རྗེས་གཉིས་མཐུད་ཀྱིས་རླུང་ལྟར་ལྡང་འོང་། “བུད་མེད་འཕྱོར་མོ་དེས་ཨ་ཇོ་རྣམ་རྒྱལ་སྡུག་ལ་གཏད་སོང་། ད་ནི་རང་གི་ཡུལ་ལའང་འདུག་ཐབས་མེད་པར་ཕྱི་ལ་བུད་ཐལ”
     “བུད་མེད་འཆལ་མོ་དེ་འདྲ་ལ་སྐྱེས་པ་སུ་ཞིག་ཡིན་ཡང་བཟོད་བསྲན་བྱ་དཀའ”
     སྡེ་བའི་ཡུལ་མི་དག་གི་ལབ་ལྒིང་ཁོ་མོའི་རྣ་བར་གོ་ཐེངས་རེར། ཁོ་མོའི་སྙིང་ལ་ན་ཟུག་ཅིག་དྲག་ཏུ་ལྡིང་བྱུང་ཡང་མོ་ལ་མི་ཁ་དེ་དག་ལྡོག་པའི་ནུས་པ་ཞིག་གང་ན་ཡོད། ཁོ་མོས་ཡུལ་མི་དེ་དག་ལ་ཕངས་སེམས་སྐྱེས་པ་ཇི་བཞིན་ཁྱོ་ག་ལའང་ཕངས་སེམས་སྐྱེས་བྱུང་། ཁོ་མོར་མཚོན་ན་ཉིན་འདི་དག་ནི་ཤིན་ཏུ་ལྷིང་འཇགས་ཡིན་ལ། ཤིན་ཏུ་སྟོང་འཇགས་ཤིག་ཀྱང་རེད།
     “གོ་ཐོས་སུ། རང་གི་ཁྱོ་ག་ལྷ་སར་སླེབས་འདུག་ཟེར”མོས་ཁྱོ་ག་ལྷ་སར་ཡོད་པའི་གནས་ཚུལ་ཤེས་མ་ཐག་མྱུར་དུ་སྨྱུ་གུ་ལག་ཏུ་ཐོགས་ནས་ཁྱོ་གར་འཕྲིན་ཡིག་ཞིག་འབྲི་འགོ་བརྩམས་པ་འདི་ལྟར།
     ཉིན་མཚན་རྟག་ཏུ་བརྗེད་དཀའ་ཞིང་དྲན་སྐྱེན་པའི་ངའི་སྙིང་གི་ཚེ་གྲོགས་ཨ་ཇོ་རྣམ་རྒྱལ་ལགས།
     ཁྱོད་རང་བདེ་བར་གནས་སམ།

འབྲེལ་ཡོད་འོས་སྦྱོར།