སང་ཉིན།
སང་ཉིན།
ཀླུ་ཚང་བྱམས་པ་ཚེ་རིང་།
གཅིག
ཁོ་བོས་རང་ཉིད་ཀྱི་ཟུངས་ཁྲག་དྲོན་མོའི་འཁོར་རྒྱུག་དང་འགྲོགས་པའི་ཡིག་འབྲུ་རེ་རེ་གློག་ཀླད་ཀྱི་འཆར་ཤེལ་ངོས་སུ་ཤར་མར་གཏག་གིན་ཁོའི‘་ཀྱག་ཀྱོག་གི་བགྲོད་ལམ་’དང་‘དཔེ་མཚོན་གྱི་ལས་དབང་’ཞིག་མགོ་རྐང་བསྒྲིགས་ཏེ་རྒྱ་ཆེའི་ཀློག་པ་པོ་ཚོའི་སྤྱན་ལམ་དུ་བསྟར་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ཡིན་ན་ཡང་ད་ལྟའི་སྤྱི་ཚོགས་སྟེང་དུ་འདི་དང་འདི་ལྟ་བུའི་སྣང་ཚུལ་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་གཞིར་བཅས་ཏེ། ཉི་འོད་མ་བཟོད་པའི་མིག་ལ་རང་གི་ལག་མཐིལ་འགེབ་པའི་དཔེ་བཞིན། བདག་གིས་ཁོའི་‘ལས་དབང’་ནས་འདི་ལྟར་གླེང་འགོ་རྩོམ་དགོས་བྱུང་།
བསོད་བྷེ་ཞེས་པ་ནི་ཁོའི་གཅེས་མིང་རེད་ལ། དངོས་མིང་ལ་བསོད་ནམས་བསམ་འགྲུབ་ཟེར། ཁོས་ཟ་འགྲམ་གཉིས་ཀྱི་སྐྲ་བཞར་ནས་ལུག་གི་གྲོད་པ་ལྟར་བཏང་འདུག་ཅིང་། ཀླད་པའི་སྟེང་ན་རིང་རྒྱུ་མེད་པའི་སྐྲ་དེ་དག་སོ་མང་གིས་ཡར་ཤད་དེ་ཕག་རྒོད་ཀྱི་ཟེ་བ་ལྟ་བུ་ཞིག་ཏུ་མངོན། ཅུང་ཆེ་བའི་རྣ་ཅོག་གཉིས་ནི་སྒྲ་དུང་ཆུང་ཆུང་གཉིས་དང་འདྲ་པོ་འདུག་པས། འདས་པའི་ལོ་འདི་དག་གི་རིང་ལ་ཁོ་རང་ངོ་ཤེས་མཁན་ཚོས་རྟག་ཏུ་ཁོའི་མིང་ལ་‘ཉན་པ་རྣ་རིང’་ཞེས་འབོད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཨེ་ཡོད་དམ་སྙམ། ཁོའི་སྨིན་མ་གཉིས་གནག་ཅིང་སྟུག་ལ་ཅུང་ཟད་རིང་བའི་གཟི་མའི་འབྱེད་འཛུམ་བར་ནས་དཀར་ནག་གི་དབྱེ་མཚམས་གསལ་བའི་མིག་ཟུང་ལ་གྲུང་ཤ་དོད་པོ་ཞིག་འདུག ཞིབ་ཅིང་ཕྲ་བའི་སྣ་ཡང་དེ་འདྲ་གཟེངས་སུ་མཐོ་རྒྱུ་མེད་པས། བལྟས་ཚོད་ཀྱིས་སྲབ་མཐུག་ཅུང་ཟད་ཤོར་པའི་མཆུ་འདབ་དེ་དང་འོས་ཤིང་འཚམ་པ་ཞིག་ཏུ་རིགས། འཇོང་ཞིང་རིལ་བའི་མ་ནེའི་སྟེང་དུ་ར་མའི་མན་ཚར་ཞེས་ན་རིང་ཚད་དང་། ལུས་ཀྱི་བ་སྤུ་ཞེས་ན་ཐུང་ཚད་དུ་འདུག་པའི་མན་ཚར་དེ། རྒྱུན་པར་གཞན་ལ་ངོམ་སོ་བྱེད་པ་ཡིན་ནམ། ཡང་ན་ཁོའི་ལོབས་ཕྱོགས་ཤིག་ཡིན་པ་གང་ཡིན་ཁ་ཚོན་གཅོད་དཀའ་མོད། གང་ལྟར་ཁོ་རང་ཁོམ་ནས་རང་དགར་སྡོད་དུས་ལྟ་ཅི། ཐ་ན་དགེ་རྒན་གྱིས་ཁོ་ལ་སྐྱོན་བརྗོད་ནན་མོ་བྱེད་དུས་ཀྱང་། ཁོའི་ལག་པ་གཡས་པའི་སོར་མོ་ལྔ་བོར་གློག་བརྒྱུགས་པ་ཇི་བཞིན་སྐད་ཅིག་ཙམ་ལ་ཡང་མི་སྡོད་པར་མན་ཚར་ལ་ཡང་དང་ཡང་དུ་བྱིལ་ཙམ་བྱིལ་ཙམ་བྱེད། དེར་མ་ཟད་ཁོའི་གཟུགས་པོ་རིང་ཞིང་ལུས་སྟོབས་ཤིན་ཏུ་འཛོམས་པས་མི་རིགས་གཞན་པའི་སློབ་གྲོགས་རྣམས་ཀྱིས་ཁོ་ལ་‘ཁམས་པའི་ཕོ་རྒོད་’ཅེས་འབོད་མོད། དོན་གྱིས་ཁོའི་ཕ་ཡུལ་ནི་མཚོ་སྔོན་པོའི་ཉེ་འགྲམ་གྱི་ཨ་མདོའི་འབྲོག་སྡེ་ཞིག་ཏུ་ཡིན་ཞེས་ཁོའི་སྤྱི་དམངས་ཐོབ་ཐང་ལག་ཁྱེར་སྟེང་དུ་གསལ་བོར་བཀོད་འདུག
ཉི་འོད་ཀྱིས་སུ་ཞིག་ལ་ངང་སྒུག་བྱས་ཡོད་པ་ལྟར་མིག་གིས་མི་ཟིན་པའི་མཁའ་མཐའ་དེ་ནས་ཟེར་ལྷགས་ཀྱི་འཛུམ་མདངས་མངོན་བཞིན་གྲོང་ཁྱེར་འདིའི་ཐོག་ཁང་རེ་རེའི་སྟེང་དུ་གསེག་འཕྲོ་བྱས་ཏེ་མདངས་ཀྱིས་འཁྱུད་འདུག དེ་རིང་ནི་ཁོ་ལ་མཚོན་ན་སློབ་ཆེན་ཞེས་པའི་འཚོ་བ་འདི་དང་རྫོགས་ཤད་བྲི་དགོས་པའི་ཆེས་མཐའ་མཇུག་གི་ཉིན་མོ་དེ་རེད་ལ། བསམ་གཞིག་གི་ཁུར་བོ་ཡང་རྒྱ་ལྕང་གི་ཡལ་འདབ་ལྟར་དཔྱངས་བའི་དུས་མཚམས་ཤིག་ཀྱང་རེད།
ནམ་རྒྱུན་སྡོད་ཤག་ཐོག་ཁང་གི་ཉི་འཁྱམས་སུ་བུད་ནས་བལྟས་ན་དཔེ་རིས་མིག་མདུན་དུ་བཀྲམ་པ་ལྟར་གསལ་བོར་མཐོང་ཡོང་པ་ནི་མཐོ་རྒྱུ་མེད་ལ་དམའ་རྒྱུ་ཡང་མི་འདུག་པའི་ཐོག་ཁང་ལྔ་དྲུག་ལྷག་གིས་གྲུབ་པའི་གྲོང་རྡལ་ཆུང་ཆུང་དེ་ཡིན། དེ་ནི་ང་ཚོའི་རྨི་ལམ་ལ་གཤོག་པ་ཐོགས་སའི་སློབ་གྲྭ་འདི་དང་མཆིན་པར་མཁྲིས་པ་འབྱར་བ་ལྟར་འདྲེས་ནས་ཡོད་དེ། བྱ་ཤ་དང་ཕག་ཤ་རྡོ་བསྲེག་བྱེད་པ་དང་། སྔོ་ཚལ་དང་ཞོག་ཁོག་གཡིས་ཀྱིས་བརྔོ་བ་སོགས་ཀྱི་དྲི་མ་གཞི་གཅིག་ཏུ་བསྡེབས་ནས་སྣོམ་བྱེད་ཀྱི་ཁུང་བུར་འགོག་མེད་དུ་འཛུལ་ཡོང་ལ། སྲང་གོག་གི་བར་བར་དག་ཏུ་ན་བུན་བཞིན་འཐིབས་པའི་དུ་བ་མིག་ནང་དུ་སོང་ཚེ་མིག་ཆུ་ཡང་མི་ཚོགས་པར་འགྱུར་འོངས། ད་དུང་ཐོག་ཁང་རེ་རེའི་མཚམས་སུ་སྡོམ་དྲ་ལྟར་ཕར་བསྣོལ་ཚུར་བསྣོལ་བྱས་ཏེ་འཐེན་ཡོད་པའི་གློག་སྐུད་དེ་དག་དང་། རོལ་རྩེད་ཁང་གི་སྒེའུ་ཁུང་བརྒྱུད་ནས་སྒྲ་འཛིན་གྱི་བུ་ག་བརྟོལ་འོང་པའི་རོལ་དབྱངས་དེ་དག ཕྱིས་སུ་ཁོ་རང་གླིང་ཕྲན་གཞན་ཞིག་ཏུ་སོང་ནས་མིག་ཟུང་བཙུམས་ཤིང་སེམས་པ་རྣལ་ལ་ཕབ་སྟེ་འདི་དག་ཡོད་ཚད་ལ་ཕྱིར་དྲན་རེ་བགྱིད་ངེས་ཚེ། འདྲ་པར་དང་བརྙན་གཟུགས་བསྟན་པ་བཞིན་མིག་ལམ་དུ་འཆར་ངེས་ལ། སྦུབ་ཆ་དང་ཌ་རུ་འཁྲོལ་བ་ལྟར་རྣ་ལམ་དུ་འཁོར་སྲིད། འདི་ལ་མིག་བལྟས་ཀྱིས་རྒྱ་ཁྱོན་ཤིན་ཏུ་ཆུང་བའི་སྣང་བ་སྟེར་མོད། ཡིན་ན་ཡང་མི་ཚོགས་ཀྱིས་མིག་མང་ལྟ་བུའི་སྲང་ཀོག་དེ་ཚོ་བཞི་གས་ལྔ་གཤགས་སུ་བཏང་ནས་འགྲོ་དུས། རྒྱུས་མེད་ཀྱི་མི་རྣམས་ཀྱིས་མཐོང་ཚེ་དེ་ནི་ཅིས་ཀྱང་བྲེལ་ཟིང་ཤིན་ཏུ་ཆེ་བའི་སྣ་འཛོམས་ཀྱི་ཚོང་ཁྲོམ་ཆེན་པོ་ཞིག་ཏུ་རློམ་ཡང་སྲིད། གང་ལྟར་ཟང་ཟིང་གི་གྲོང་ཁྱེར་འདིའི་བས་མཐའ་ནས་ཁོའི་སེམས་ལ་རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པའི་སྲིད་པ་རྒན་པོའི་གཏམ་དཔེ་དེའི་བདེན་ལུགས་ཀྱང་ལན་གཅིག་ཙམ་མ་ཡིན་པར་ཨ་བསྐོར་ཡང་བསྐོར་གྱིས་དྲན་མྱོང་ལ། དྲན་ཐེངས་རེ་རེར…… སང་ཉིན་ཁོ་རང་གྲོང་ཁྱེར་འདི་དང་ཁ་གྱེས་ནས་ཉི་ཟླ་དང་བར་ཐག་ཆེས་ཆེར་ཉེ་སའི་ཕ་ཡུལ་གྱི་རུམ་ཁོང་དུ་ལོག་དགོས་པ་ཡིན་ནམ་ཡང་ན་གྲོང་ཁྱེར་འདི་ནས་གཏན་སྡོད་བྱེད་དགོས་པ་ཡིན། ལས་དང་ཐོད་པའི་ཁ་ཡིག་ཅེས་པའི་དཔེ་བཞིན་ཁོའི་སང་ཉིན་གྱི་འཚོ་བ་དེ་མེ་ཏོག་བཞིན་གནས་གང་ཞིག་ཏུ་བཞད་དགོས་པ་དེ་ནི་ཉི་མ་མ་ནུབ་པའི་སྔ་རོལ་འདི་དང་ལྷན་དུ་འཕྱུར་འོང་པའི་སེམས་ཁུར་ཞིག་སྟེ། གོས་སྲུབས་ཀྱི་ཤིག་སྲོ་བཞིན་སེམས་ཀྱི་དབུས་སུ་སྐྱོ་ལྷང་ལྷང་གིས་འཚང་ཡོང་བ་དེའོ།།
ཁོ་རང་ཡུན་རིང་ཞིག་ལ་ཐོག་ཁང་གི་ཉི་ཁྱམས་སུ་འགྲེང་ནས་གྲོང་རྡལ་ཆུང་ཆུང་དེའི་ཕྱོགས་སུ་ཕུར་ཚུགས་སུ་བལྟས་འདུག་པ་དེ་ནི་བྲག་སྐྱིབས་ཤིག་ཏུ་ནག་ཧྲིལ་ལེར་བབ་འདུག་པའི་ནེ་ལེ་ཞིག་དང་འདྲ་བར་གནས་སྐབས་ཀྱི་འཚོ་བ་ཇི་ལྟར་ཐག་གཅོད་བྱེད་དགོས་པ་ལ་བསམ་གཞིག་དང་མིག་ཉུལ་བྱེད་པ་དང་འདྲ་བའི་སྣང་བ་ཡང་སྟེར། གནམ་འཕང་བཅད་ནས་འཕུར་བའི་ལྕགས་བྱ་དེས་སྐད་ཅིག་ཉིད་ལ་བང་རིམ་བསྟད་ནས་སྤྲིན་གསེབ་ཏུ་ཡལ་བའི་མོད་ལ། རྣ་བའི་བར་སྐྱི་ཡང་འགད་ལོས་འགྲོ་སྙམ་པའི་ཆོམ་སྒྲ་དེ་ཡང་རྣ་ལམ་ནས་རིམ་བཞིན་རྒྱང་ནས་རྒྱང་དུ་བཀྱེད་སོང་། ཁོའི་མིག་མདུན་ཀྱང་རིམ་བཞིན་མག་མོག་དང་རབ་རིབ་ཏུ་གྱུར་པའི་འགྱུར་བཞིན་འདུག གསང་མི་ཚུགས་པའི་གཟུགས་མེད་ཀྱི་མིག་ཆུ་མོད་པོ་དྲག་ཆར་གྱི་རྒྱུན་དང་འདྲ་བར་ཁོའི་དོན་ལྔ་སྣོད་དྲུག་གི་མཚམས་སུ་ཤུགས་ཀྱིས་འབབ་ཀྱིན་ཡོད་པར་ངེས་ལ། ཁོའི་སེམས་ཀྱང་ཇི་ལྟར་སྒྲིལ་ན་དེ་ལྟར་ཇེ་གྲིམ་དུ་འགྲོ་བའི་གྲུ་གུ་བཞིན་སོམ་ཉི་དང་ཐེ་ཚོམ་ཡང་དེའི་མུར་ཇེ་ཐུར་འགྲོ་ཡི་ཡོད་ཀྱང་སྲིད། ཏག་ཏག་སྐབས་འདི་ལ་ཁོས་མཐའ་ཡངས་པའི་རྩྭ་ཐང་ནས་གྲེ་བ་བསངས་ཏེ་ཀི་སྒྲ་སིང་སིང་ངེ་བ་ཞིག་ཤུགས་ཀྱིས་བཏབ་ན། སེམས་ཀྱི་སྨྲེང་སེམས་དང་གདུང་བའི་སུན་སྣང་མཐའ་དག་སྐད་ཅིག་ཏུ་ཡལ་འགྲོ་སྟེ། སྐད་ཆས་མཚོན་མི་ཤེས་པའི་བདེ་ཚོར་ཞིག་བགས་ཀྱིས་སྟེར་བ་སོགས་ངང་གིས་དྲན་སྲིད་མོད། ཡིན་ན་ཡང……
ནམ་རྒྱུན་གྲོང་ཁྱེར་དུ་མུན་རུབ་ནས་ཡུན་རིང་མི་འགོར་བར་དགུང་ཁའི་རྒྱུ་སྐར་བྱེ་བ་ས་ལ་བྲུལ་པ་ལྟར་ཐོག་ཁང་གི་སྒེའུ་ཁུང་དང་ལམ་འགྲམ་ནས་གློག་སྒྲོན་དག་འོད་ཆེམ་ཆེམ་དུ་འཚེར་འོང་པས། རྒྱང་རིང་གི་བྱ་དངོས་དག་ཀྱང་ཉིན་དཀར་ལྟར་མིག་ལམ་དུ་མཐོང་ཐུབ། ཡིན་ན་ཡང་རྩྭ་ཐང་ནི་དེ་ལས་ལྡོག་སྟེ་མུན་རུབ་པ་དང་མཉམ་དུ་མཐའ་འཁོར་ཡོད་ཚད་སྨག་མདོག་གིས་འཚོ་ལ། ལུང་པའི་ཕུ་དང་མདོ་གང་རུང་ན་ཁ་འཐོར་དགུ་འཐོར་དུ་གནས་པའི་དུད་ཁྱིམ་དག་གི་སྒེའུ་ཁུང་ལས་བུད་ཤིང་ཟད་པའི་མེ་ཕུང་ལྟ་བུའི་གློག་འོད་དག་གསལ་ལ་མི་གསལ་བ་ཞིག་ལས་ག་ལ་མཐོང་ཐུབ་ཨང་། འདི་ལྟར་སེམས་དུས་ཁོའི་སེམས་ལ་ཕ་ཡུལ་གྱི་རྣམ་པ་དང་། ཨ་ཕྱིས་འཆད་པའི་ངག་རྒྱུན། རྩྭ་ཐང་གི་མཚན་ལྗོངས་དག་རེས་མོས་ཀྱིས་ཟླ་བའི་གཟུགས་བརྙན་ཆུ་ལ་ཕོག་པ་ལྟར་གསལ་ལམ་མེར་ཤར་ཡོང་ངེས……
གཉིས།
ཉི་མ་ནུབ་ཁ་འདིར། ཁོས་འདི་ལྟར་ཕྱིར་དྲན་བྱེད་འགོ་བརྩམས……
བླ་བྲེ་ལྟར་ཡངས་པའི་ནམ་མཁའི་ཕ་མཐའ་ན་འོ་མ་དགུང་དུ་འཕྱུར་བ་ལྟ་བུའི་སྤྲིན་དཀར་ཚོམ་བུར་བཀྲ་ཞིང་། ཕྱོགས་ཕྱོགས་སུ་མཆེ་བ་ལྟར་གཟེངས་ཤིང་དཔངས་མཐོ་བའི་རི་རབ་དག་ཀྱང་བཙན་རྗོང་ལྟར་རྔམ་ཞིང་བརྗིད། གཡུ་ཡི་ཞུན་མ་ས་ལ་འཁྱིལ་བ་ལྟ་བུའི་འབྱམས་ཀླས་ཀྱི་རྩྭ་ཐང་སྟེང་དུ། ཕན་ཚུན་ཕྱག་རྒྱ་བསྣོལ་བ་ལྟར་སྐྱེས་ཡོད་པའི་རྩི་ཤིང་དང་མེ་ཏོག་དག་ལ་ཟིལ་བ་ཁྲོམ་ཁྲོམ་དུ་འཚེར་ལ། ཅུང་ཐག་རིང་བོའི་གནས་ནས་བལྟས་ཚེ། དོག་མོ་ས་ལ་ལྷན་པ་བརྒྱབ་པ་དང་འདྲ་བའི་རེ་སྦྲ་སྨུག་པོ་དེ་དག་ཀྱང་ཆར་གྱིས་དེད་པའི་སྦྲང་བུ་འགའ་ཞིག་དང་འདྲ་བར་ཀྱིང་བསེར་དལ་གྱིས་ལྡང་བ་དང་ལྷན་དུ་འདར་ཙམ་འདར་ཙམ་བྱེད། གནམ་སྔོན་པོ་ཐང་ལ་ལྷུང་བ་ལྟ་བུའི་མཚོ་སྔོན་པོའི་རླབས་སྒྲ་དང་རིང་དུ་བཀྱེད་ནས་ཁ་རོག་གེར་ཉན་ན། ཕྱོགས་གང་ནས་གྲག་འོང་བ་ཆ་མ་འཚལ་ཅིང་། མཛའ་གཞས་གསལ་ལ་མི་གསལ་བ་ཞིག་ཀྱང་རྣ་བའི་བུ་གར་འཛུལ་ཡོང་། ཡིན་ན་ཡང་དེ་དུས་ཁོ་རང་ལོ་ན་ཆུང་བས་དེའི་ཕྱོགས་ལ་ཕལ་ཆེར་བསམ་བློ་སྐོར་མ་མྱོང་བ་འདྲ། རྒྱུ་མཚན་ནི་ཁོ་ལ་སྙན་ཞིང་འཇེབས་པའི་གཏམ་རྒྱུད་འཆད་མཁན་སྟེ་ཨ་ཕྱི་ཡོད་པའི་ཕྱིར། དུས་དེ་རིང་ཁོའི་སེམས་པ་རྒོད་པོ་ཇི་བཞིན་ཕྱིར་དྲན་གྱི་སྤྲིན་རིམ་བསྟོད་དུས། ཁོའི་དྲན་འཛིན་ངོས་སུ་ལྟ་བ་མིག་ལ་མི་ཤོང་ཞིང་བསམ་པ་ཡིད་ཀྱིས་མི་དཔོག་པའི་རྩྭ་ཐང་གི་མཛེས་སྡུག་དག་སེམས་ངོགས་སུ་མངོན་སུམ་ལྟར་ཤར་འོང་། འདི་དག་དྲན་པའི་མོད་ལ་ཁོས་རང་ཉིད་ལ་ཆུང་དུས་སུ་གེ་སར་སྒྲུང་དང་གནའ་གཏམ་སོགས་འཆད་མྱོང་བའི་ཨ་ཕྱི་དྲན་བྱུང་། སྒོས་སུ་དགེ་རྒན་གྱིས་དམངས་ཁྲོད་གཏམ་རྒྱུད་ཐོར་རེ་བ་ཞིག་ཐེ་ཚོམ་གྱིས་ཁྱོགས་སུ་འཕྱང་སྟེ་བདེན་མ་རྫུན་ཞིག་འཆད་འོང་དུས། ཁོས་ཨ་ཕྱིས་འཆད་པའི་ངག་རྒྱུན་དེ་དག་དྲན། འདི་དག་དྲན་ཐེངས་རེ་རེར་ཁོས་ཨ་ཕྱི་ལྷག་ཏུ་དྲན། ཡིན་ན་ཡང་། ས་སྒང་རིལ་མོ་འདི་དེ་རིང་བཞིན་འགུལ་བསྐྱོད་བྱེད་ཀྱིན་པའི་སྐབས་ཤིག་ལ། ཨ་ཕྱི་ཡང་འཇིག་རྟེན་དཀར་ངོགས་འདི་ནས་གཏན་དུ་ཞལ་གྱེས་སོང་།
ཨ་ཕྱི་ལགས། སྔོན་ཆད་ཁྱེད་ཀྱིས་འཆད་པའི་གཏམ་རྒྱུད་དག མི་རབས་ནས་མི་རབས་ལ་བརྒྱུད་སྤྲོད་བྱེད་སླད། ཁྱེད་ཀྱི་ཚ་བོས་ཕལ་ཆེ་བ་ཡིག་ངོར་ཕབ་ཡོད། འོན་ཀྱང་ར་འགའ་ཞིག་བརྗེད་ངས་ཀྱི་རྐུན་པོས་འཁྱེར་སོང་བས། དུས་འདིར་ཁྱེད་ཉིད་ཅི་འདྲའི་མཁོ་ཨང་། ཡིན་ན་ཡང་ཐམས་ཅད་ཚེ་སྔོན་གྱི་བསྐོས་ཐང་དང་། བཟློག་ཏུ་མེད་པའི་ལས་དབང་འབའ་ཞིག་ལས་ཅི། ཁོས་དེ་ལྟར་སྙམ་གྱིན་དངན་པ་ཞིག་འཐེན།
ཨ་ཕྱི། ཁ་བའི་མདོག་གིས་བཀྲུས་པའི་མགོ་སྐྲ་ཐུང་ངུ་དང་། ཡ་ཡོ་ཤོར་བའི་རྒས་གཉེར་ཟབ་མོ། གཏིང་དུ་བྱིང་བའི་མིག་ཟུང་རབ་རིབ། ཉི་འོད་ཀྱིས་སྲེག་པའི་ལག་ཟུང་ཀབ་ཀོབ། ཁོ་མོས་བགྲང་ཕྲེང་དེ་འདྲེན་ཙམ་འདྲེན་ཙམ་བྱེད་པའམ། ཡང་ན་ལག་པས་ཁ་ངོ་ཕུར་ཙམ་ཕུར་ཙམ་བྱས་ནས་ངག་རྒྱུན་འཆད་འོང་བའི་སྣང་བརྙན་རེ་རེ་སེམས་ངོགས་ནས་ཡལ་ཐབས་བྲལ། ངོ་མ་ཡལ་ཐབས་བྲལ།
ཁོ་མོས་ལག་གཡོན་པའི་གོང་མཛུབ་ཀྱིས་མཚོ་སྔོན་པོ་སྟོན་བཞིན “གཅེས་ལོ། དེ་རིང་ངས་ཁྱོད་ལ་ཁྲི་ཤོར་རྒྱལ་མོའི་གཏམ་རྒྱུད་ཅིག་འཆད”ཟེར། ངས་ཀྱང་ཁོ་མོའི་མཛུབ་མོ་ཀེར་བའི་ཕྱོགས་སུ་ལྟ་བཞིན་གཏམ་རྒྱུད་ལ་ཉན་པར་བྲེལ། སྐབས་དེར་ངང་བ་ཁྱུ་ཞིག་རྡེའུས་དཀྲོགས་པ་ལྟར་དགུང་དུ་འཕུར་ནས་ལྡིང་སྐོར་ཞིག་བྱས་རྗེས་སླར་ཡང་མཚོ་ངོགས་སུ་འབབ་པར་བྱེད།
ཨ་ཕྱིའི་གདོང་ལ་མངོན་ཆུང་གི་འཛུམ་ཞིག་རྒྱས་བཞིན་ན་རེ། “གནའ་སྔ་མོ་སྔ་མོ་ཞིག་ལ། ས་འདི་ནི་རྩྭ་ཆུ་གཉིས་ཀ་འཛོམས་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན་ལ། འདིའི་མཐའ་སྐོར་ཀུན་ཏུ་འབྲོག་ཁྱིམ་ཁྲི་སྡེ་མང་པོ་ཡོད་ནི་རེད། འདིའི་སྟོད་སྨད་བར་གསུམ་གྱི་རི་རྒྱུད་ཤིན་ཏུ་མཐོ་བས། དུས་བཞིར་དབྱེར་མེད་དུ་རི་རྩེ་ཁ་བས་བཟུང་ཡོད་པས། མཚོ་ཁྲི་ཤོར་རྒྱལ་མོ་འདི་མ་འཕྱུར་བའི་ཡར་སྔོན་ལ། གནས་འདི་ལ་གངས་ལུང་ཞེས་འབོད། ”དེ་ནས་ལག་གི་མ་ཎི་བསྐོར་མཚམས་བཞག་ནས་ལག་གཡས་པས་གཉེར་མས་ཁེངས་པའི་དཔྲལ་བར་འཕྲུག་ཙམ་བྱས་རྗེས། མུ་མཐུད་དུ་མ་ཎི་སྐོར་བཞིན། “བསྐལ་བ་སྟོང་ཕྲག་དུ་མའི་རིང་ལ་ཡུལ་འདི་ནས་རྣམ་དག་ཆོས་ཀྱི་ཚོགས་བསགས་སྒྲིབ་སྦྱོང་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པའི་སྤྲུལ་བའི་གཟུགས་བུད་མེད་དུ་འཛིན་པ་ཞིག་ཡོད་ལ། དེའི་མིང་ལ་ཡུལ་འདིའི་མི་རྣམས་ཀྱིས་ཨ་ནེ་གོང་སྨན་རྒྱལ་མོ་ཟེར། དེ་ལ་བློན་པོའི་ཚུལ་དུ་ཡུལ་སྐྱོང་མཁན་བཞི་ཡོད་པ་ནི། བློན་པོ་གསེར་ཆེན། གཉན་ཆེན་ཞལ་དཀར། ཨ་མྱེས་རྫ་དམར། མོ་བློན་མཐོན་པོ་བཅས་ཡོད། བློན་པོ་འདི་དག་ནི་བློ་རིག་དང་སྤྱང་གྲུང་ལྡན་ཞིང་དཔའ་མཛངས་དང་རྟུལ་ཕོད་ཅན་ཏག་ཏག་རེད། ”གློ་ལུ་ཞིག་གི་མུར་ཡུད་ཙམ་ཞིག་ལ་ལག་པས་ཐོད་པ་སྐྱོར་ནས་དེ་ལྟར་ལུས་ཤིང་དེ་ནས་མགོ་ཡར་དགྱེ་ཙམ་བྱས་ཏེ“འོ། མོ་བློན་མཐོན་པོ་ནི་བུད་མེད་ཅིག་ཡིན། ངའི་དྲན་པ་འདི་ད…… ”ཁ་གསབ་ཀྱི་ཚུལ་དུ་དེ་ལྟར་སྨྲས་འོང་། མ་གིའི་སྐྱ་ཤུར་ཤུར་དུ་འཐེན་པའི་ལམ་ཁ་ནས་སྐྱ་མི་གཉིས་གསུམ་རེ་གཤིབས་ནས་རྟ་ཁ་གཡས་དཀྱུ་གཡོན་དཀྱུ་བྱས་ནས་འགྲོ་བ་ཡང་མཐོང་ཐུབ།
མཚོ་སྔོན་པོའི་ཤར་ཕྱོགས་སྟོན་བཞིན“གན་མཚོ་མགོ་རེད། གནས་གན་ན་གླིང་གེ་སར་རྒྱལ་པོའི་གཏེར་མཛོད་དུ་གྲགས་པའི་བྱེ་མ་ལ་བདུན་ཡོད།” དེ་ནས་མགོ་སླར་ཡང་དགྱེ་ཙམ་བྱས་ཏེ་ཐག་རིང་པོ་སྟོན་པའི་ཚུལ་གྱིས་མཚོ་སྔོན་པོའི་ནུབ་ཕྱོགས་སྟོན་བཞིན་“གན་མཚོ་རྔ་རེད། དེ་མིན་མཚོ་སྔོན་པོའི་བྱང་ནས་ཤར་ངོས་ཀྱི་ཕྱོགས་ལ་མཚོ་ཉིན་ཟེར། ལྷོ་ནས་ནུབ་ངོས་ཀྱི་ཕྱོགས་ལ་མཚོ་སྲིབ་ཟེར།” དེ་ལྟར་ཁོ་མོས་མཛུབ་མོས་ཕྱོགས་རེ་རེ་བཞིན་སྟོན་པར་བྱེད།