སང་ཉིན།
ཐོད་གཉེར་གཅིག་ཏུ་བསྡུས་ནས་མཛུབ་མོས་བྱང་ཕྱོགས་ན་རྩེ་མོ་སྤྲིན་དཀར་གྱིས་བཟུང་བའི་རི་ཆེན་དེ་སྟོན་བཞིན་བཤད་རྒྱུར “ སྐབས་དེར་ཨ་ནེ་གོང་སྨན་རྒྱལ་མོ་གཉན་ཆེན་ཞལ་དཀར་རིའི་སྒྲུབ་ཕུག་ཏུ་ཏིང་ངེ་འཛིན་ལ་བཞུགས་ཡོད། དེ་ལྟར་རླུང་དང་ཤང་སྒྲ་སྔར་བྱུང་མ་མྱོང་སྒྲ་སྣ་ཚོགས་མཉམ་དུ་གྲགས་པས། སྔ་ལྟས་མི་ལེགས་པ་ཞིག་ཡིན་པ་མཁྱེན་ཏེ་ཏིང་འཛིན་གྲོལ་ནས་རི་རྩེར་བྱོན་པ་ན། ཀླུ་ཡི་ཆུ་མིག་དེ་ལས་ཝུ་བ་དཀར་པོའི་རླབས་ཕྲེང་དགུང་དུ་འཕྱུར་བཞིན་འདུག་ཅིང་། འདི་ལྟར་ཡུན་རིང་འགོར་ཚེ། རྩྭ་ཐང་ཆེན་པོ་འདི་ཆུས་བསྣུབ་རྒྱུ་ཡིན་པ་མཁྱེན་ནས་དེ་མ་ཐག་བློན་ཆེན་བཞི་ལ་བཀའ་བབས་པ་རེད།”སྲོད་ཀྱི་གྲིབ་ཆེན་ལ་འབྱོལ་ཅིང་བྱེར་བ་ལྟ་བུའི་ཉི་འོད་ཀྱི་ཟེར་ལྷགས་ཤིག་པྲོག་ཞུ་ལྟར་སྤུད་པའི་ཤར་ཕྱོགས་ཀྱི་རི་བོ་དེ་སྟོན་གྱིན“ཤར་གྱི་རུ་སྡེ་རྣམས་མི་བློན་མཐོན་པོ་གཙོ་བྱས་པའི་བཀའ་སྲུང་ཁག་ལ་ཤར་གྱི་མཐོན་པོ་རི་ཡི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག་པ་དང་ ”དེ་ནས་སྐེ་རྒྱབ་ཕྱོགས་སུ་སྐྱོགས་ཙམ་བྱས་ནས་མཛུབ་མོས་ལྷོ་ཕྱོགས་ཀྱི་རི་བོ་མཐོན་པོ་དེ་སྟོན་བཞིན “ལྷོ་ཕྱོགས་ཀྱི་རུ་སྡེ་རྣམས་བློན་པོ་གསེར་ཆེན་གཙོ་བྱས་པའི་བཀའ་སྲུང་ཁག་ལ་ལྷོ་ཡི་གསེར་ཆེན་རི་བོའི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག་པ་རེད” ཉི་མ་ངལ་བས་དུབ་སྟེ་ཟུར་གྱིས་བསྔས་ཡོད་པ་ལྟ་བུའི་ཆུ་ལྷའི་ཕྱོགས་ཀྱི་རི་བོ་དེ་སྟོན་གྱིན “ནུབ་ཀྱི་རུ་སྡེ་རྣམས་བློན་པོ་ཨ་མྱེས་རྫ་དམར་གཙོ་བྱས་པའི་བཀའ་སྲུང་ཁག་ལ་ནུབ་ཀྱི་རྫ་དམར་རིའི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག་པ་དང་། བྱང་གི་རུ་སྡེ་རྣམས་བློན་པོ་གཉན་ཆེན་ཞལ་དཀར་གཙོ་བྱས་པའི་བཀའ་སྲུབ་ཁག་ལ་བྱང་གི་ཞལ་དཀར་རི་ཡི་ཕར་ཕྱོགས་སུ་རུ་འགེལ་དུ་བཅུག་པ་རེད ”དེ་ནས་སླར་ཡང་ཐོག་ཐུའི་སྟེང་གི་ས་རྡུལ་དག་སྤྲུག་ཙམ་སྤྲུག་ཙམ་བྱས་ནས་མུ་མཐུད་དུ་བཤད་རྒྱུར། “དེ་ལྟར་རུ་སྡེ་ཕྱོགས་ཡར་མར་ལ་འགེལ་དུ་བཅུག་པས་འདྲེ་མའི་བསམ་དོན་མ་འགྲུབ། ཨ་ནེ་གོང་སྨན་རྒྱལ་མོས་ཆུ་མིག་དེའི་ཁ་མ་བཅད་ན་ཡུལ་འདིའི་སེམས་ཅན་ཐམས་ཅད་ཆུས་བསྣུབ་རྒྱུ་རེད་དགོངས་ནས། གངས་ལུང་གི་རི་ཆེན་རྣམས་ནི་ཁ་གཅོད་བྱེད་མ་ཉན་པས། ད་ཅི་བྱ་སྙམ་པའི་དུས་སུ་ཐུགས་ལ་རྒྱ་གར་གྱི་གནས་རི་མ་ཧཱ་དེ་ཝ་ཤར། ཁོ་མོས་ཕྱག་བརྐྱངས་ཐེངས་ཤིག་གིས་རི་དེའི་རྩེ་མོ་བཅད་ནས་ཆུ་མིག་གི་ཁ་བཅད། གནས་ཚུལ་དེ་འདྲེ་མོས་རིག་ནས་ཞེ་སྡང་གིས་བྲག་དཀར་ཐེམ་ཆེན་གྱི་ཕྱོགས་ནས་བསྟུད་མར་ཆུ་མིག་གི་ཁ་གཅོད་བྱེད་ཀྱི་རི་བོ་མ་ཧཱ་དེ་ཝ་ལ་ལག་རྡོ་གསུམ་འཕངས་ནས་འགོག་རྩིས་བྱས་མོད། ཨ་ནེ་གོང་སྨན་རྒྱལ་མོའི་རྫུ་འཕྲུལ་གྱིས་ཁོ་མོ་དེའི་མུར་ཕམ་པར་གྱུར་སོང་། དེ་ནས་བཟུང་སྔོ་ལྗང་གི་རྩྭ་ཐང་འདི་ལ་ཡིད་འོང་གི་མཚོ་མོ་འདི་གྲུབ་པ་རེད། ཨ་ནེ་གོང་སྨན་རྒྱལ་མོའི་ཐུགས་ལ་འདི་ནི་རང་གིས་བསྐལ་བ་གྲངས་མེད་ཅིག་ལ་ཚོགས་བསགས་སྒྲིབ་སྦྱོང་དང་བསོད་ནམས་ཀྱིས་གོང་མ་ལྷ་དང་འོག་མ་ཀླུ་ཡིས་རང་ཉིད་ལ་བླ་མཚོ་དང་ཡུལ་འདི་ལ་ལྷ་སྐལ་དུ་གནང་བ་མཁྱེན་ནས་བླ་མཚོ་འདི་སྲིད་མཐའི་བར་མི་སྐམ་པའི་ཕྱིར་དུ་ཕྱོགས་བཞིའི་ཆུ་སྣ་བརྒྱ་དང་བརྒྱད་མཚོ་མོར་དྲངས། ཡིན་ན་ཡང་མཐར་ཆུ་སྣ་གཅིག་གིས་མ་འདང་བས་ལྷོ་ཕྱོགས་རིག་སྨོན་ཐང་གི་ཆུ་ཕྲན་དེ་གྱེན་དུ་བཞུར་དུ་བཅུག དེ་ལྟར་ཉིན་དེར་ཁྲི་སྡེ་མང་པོ་ཆུའི་འཇིག་ཉེན་ལས་ཤོར་དུ་བཅུག་པས་རིམ་བཞིན་མི་རྣམས་ཀྱིས་ཁོ་མོར་ཁྲི་ཤོར་རྒྱལ་མོ་ཞེས་འབོད་སྲོལ་ཆགས་པ་རེད། ……” ཁོ་མོས་འདི་ལྟར་ནམ་རྒྱུན་གཏམ་རྒྱུད་རེ་རེའི་མཇུག་བསྡུ་ཐེངས་རེར “གཅེས་ཕྲུག ཡིད་ལ་ཟུངས། ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན། ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས་ཟེར་སྲོལ་ཡོད་ནི་རེད…… ” ཅེས་ཁོའི་ཕྲག་པའི་སྟེང་ལ་ལག་པས་ཡང་མོར་རྡེབ་བཞིན་དེ་ལྟར་བསྐྱར་ཟློས་ཀྱིས་བརྗོད་ཡོང་། སྐབས་དེར་ཉི་མ་རི་རྒྱབ་ཏུ་ནུབ་ཟིན་ན་ཡང་རྩྭ་ཐང་དུ་མཁའ་དབུགས་དྲོན་མོ་ཞིག་གིས་ཡོངས་སུ་ཁྱབ་ཡོད། མཚོ་སྔོན་པོའི་རླབས་སྒྲ་དང་སྒོ་ཁྱིའི་ཟུག་སྐད་མ་གཏོགས་ཡོད་ཚད་ལྷིང་འཇགས་སུ་གནས། དེ་དུས་ཨ་ཕྱིའི་རེག་བྱ་རྩུབ་པའི་ལག་མགོར་འཇུས་ནས་དལ་བ་དལ་བུས་རང་ཁྱིམ་དུ་ལོག་པ་སོགས་གཟུགས་ཅན་བཞིན་འཆར་འོང་། དེ་ནི་ལོ་ངོ་དུ་མའི་སྔོན་ཏེ། ཁོ་རང་བྱིས་པ་ཡིན་དུས་ཀྱི་མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཐང་གི་འཚོ་བ་རེད། ཡིན་ན་ཡང་ད་ལྟ་རླངས་འཁོར་གྱི་དུང་སྒྲ་དང་མི་ཚོགས་ཀྱི་འུར་ཟིང་གིས་ཁེངས་འདུག་པ་དེ་བསམ་ན། སྔོན་ཆད་ཀྱི་རྩྭ་ཐང་དེ་རེད་ཟེར་ན་ཕལ་ཆེར་རྣ་ལ་མི་འགྲོ་བའི་ཚོད་དུ་གདའ།
ཨེ—དེ་རིང་བདག་གི་མཐར་ཕྱིན་དཔྱད་རྩོམ་ལ་དགེ་སློབ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་ཡང་ཡོད་ཚད་ཨ་ཕྱིའི་སྐུ་དྲིན་མ་ཡིན་ནམ། ཁོས་དེ་ལྟར་སེམས། ཡིན་ན་ཡང་། འདི་ལྟར་འདས་ཟིན་པ་ཐམས་ཅད་འབབ་པའི་ཆུ་བོ་ནང་བཞིན་ཕྱིར་ལྡོག་མེད་པར་ཁོ་དང་རྒྱང་དུ་གྱེས་ནས་བཞུར་གྱིན་མཆིས་ལ། ཕྱི་འབྱུང་གི་གོ་སྐབས་མཐའ་དག་ཀྱང་ཆར་རྗེས་ཀྱི་འཇའ་ཚོན་བཞིན་ཅི་ལྟར་བཏུད་ཀྱང་ཐོབ་པའི་སྐལ་བ་ནི་སྨིག་རྒྱུ་བཞིན་ཉག་ཕྲ་བ་ཞིག་ལས་མ་འདས།
“ཨ་ཕྱི་ལགས—ཁྱེད་ཉིད་ཕེབས་ཚད་སྔ་སོང—མ་རེད—ང་རང་འཇིག་རྟེན་འདིར་ཐོན་ཚད་འཕྱི་སོང་བ་རེད……”ཁོས་དེ་ལྟར་ཟེར་ཞོར་གྲོང་རྡལ་ཆུང་ཆུང་དེའི་ཕྱོགས་སུ་ལྟ་བཞིན་མན་ཚར་ལ་བྱིལ་ཙམ་བྱིལ་ཙམ་བྱེད་བཞིན་སྡོད།
གསུམ།
ས་སྲོད་འདིར། ཁོས་མུ་མཐུད་དུ་ཕྱིར་དྲན་བྱས—
“ཨེ—ངས་དགེ་རྒན་ཚོ་དང་འདྲ་བར་ཁྱོད་ལ་ཆ་རྒྱུས་གཏིང་ཟབ་མོ་ཞིག་བླངས་ཡོད—མ་རེད—ཁྱོད་ཀྱིས་དགེ་རྒན་ཚོ་དང་འདྲ་བར་ང་ལ་རྒྱུས་མངའ་མི་དམན་པ་ཞིག་བླངས་ཡོད་ངེས་རེད”མན་ཚར་ལ་བྱིལ་བྱིལ་བྱེད་བཞིན་བསམ་གཞིག་གི་སྨིན་མ་གཉིས་ཀྱང་ལྷན་ཅིག་ཏུ་སྡུད་ཞོར་དེ་ལྟར་ཟེར།
ཁོས་ང་རང་ངོ་ཤེས་ནས་ཡུན་རིང་ཕྱིན་མེད་ན་ཡང་བདག་གིས་སྔ་མོ་ཞིག་ནས་གྲོགས་པོ་ཉི་མ་བརྒྱུད་དེ་ཁོ་ལ་རྒྱུས་མངའ་མི་དམན་པ་ཞིག་བླངས་ཡོད། ཨེ། དེ་ལྟར་བཤད་ན་སློབ་གྲྭ་འདིར་ཁོ་རང་ངོ་མི་ཤེས་མཁན་གྱི་བོད་རིགས་སློབ་མ་གཅིག་ཀྱང་མེད་ཅེས་བརྗོད་ནའང་ཆོག དེ་ནི་ཁོ་རང་སློབ་གྲོགས་ཕན་ཚུན་གྱི་བར་ལ་འབྲེལ་འདྲིས་དང་མཛའ་བརྩེ་རྒྱ་མཚོའི་འཇིངས་ལྟར་ཟབ་པས་མ་ཡིན་ལ། སློབ་སྦྱོང་གི་གྲུབ་འབྲས་གཞན་ལས་ཁྱད་དུ་འཕགས་ཤིང་ཕུལ་དུ་སོན་པའི་མཚན་སྙན་མེ་ལྕེ་བཞིན་དྲག་ཏུ་འབར་བ་ཞིག་དེ་བས་ཀྱང་མ་ཡིན་ཏེ། དགེ་རྒན་ཚོས་ཁ་ཡར་གྲགས་ལ་སློབ་གྲོགས་བསོད་བྷེའི་བྱ་དང་། ཁ་མར་གྲགས་ལ་སློབ་གྲོགས་བསོད་བྷེའི་བྱ་ཞེས་པའི་དབང་གིས། གཅིག་གིས་བཅུ་དང་། བཅུ་ཡིས་ཉི་ཤུར་སྒྲོག་ནས་སྐབས་དེར་སློབ་གྲྭ་འདིའི་ཁོར་ཡུག་ཀུན་ཏུ་ཁོའི་མིང་ཡང་རླུང་ཁར་བསྐྱོན་པའི་རླུང་རྟ་བཞིན་གང་སར་འཕུར་གྱིན་འདུག དོན་གྱིས་ག་རེ་ཡིན་ནམ། དགེ་རྒན་ཚོས་ཁོ་ལ་སྒྲོ་འདོགས་དང་བསྙད་བརྐོ་བྱེད་པ་ཡིན་ནམ་ཡང་ན་ཁོ་ལ་སྐུར་བ་དང་ཁྱད་གསོད་གཏོང་བ་ཡིན། བདག་གིས་དགེ་རྒན་ཚོས་དེ་ལྟར་ཟེར་བའི་སྐད་ཆའི་དགོངས་མཐིལ་དེ་རྟོགས་ཕྱིར། གྲོགས་པོ་ཉི་མ་བརྒྱུད་དེ་ཁོ་ལ་ཆ་རྒྱུས་ཤིག་ལེན་འདོད་ཀྱི་བློ་ཡང་དེ་ནས་བཟུང་སྐྱེས་པ་ཡིན། ཡིན་ན་ཡང་ངས་ཁོ་རང་དངོས་སུ་ངོ་ཤེས་དུས་ནི་ཧ་ཅང་འཕྱི་སྟེ་ལོ་འདིའི་ཟླ་སྔོན་མའི་ཟླ་སྨད་ཙམ་རེད། ཕྱི་ལོ་ལྟར་ན་ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་བའི་ཚེས་ཉི་ཤུའི་ཡས་མས་ཤིག་རེད། དེ་ཡང་ཆང་ཁང་ཞིག་ནས་ཐུག་སྟེ་ཕན་ཚུན་དངོས་སུ་ངོ་ཤེས་པ་ཡིན།
“ངའི་མིང་ལ་བསོད་བྷེ་ཟེར། ཕལ་ཆེར་ཁྱོད་ཀྱིས་ཀྱང་ཤེས་ན་ཐང་། ”ཆང་འཐུང་ནས་ཡུན་རིང་འགོར་མཐར་ཁོ་རང་ཅུང་ཟད་བཟི་ཡི་ཡོད་པ་འདྲ་སྟེ། ཉིན་གཉིས་གསུམ་ལྷག་ལ་གཉིད་བཅག་པ་ལྟ་བུའི་སྣང་བ་དབང་མེད་དུ་སྟེར་བའི་མིག་ཟུང་བཙུམ་མ་ཕྱེ་ཞིག་བྱས་ཏེ་གཞི་ནས་ཁ་གྲག་བྱུང་།
གནམ་གཅལ་གྱི་ངོས་སུ་ཁ་དོག་སྣ་ཚོགས་ལྡན་པའི་གློག་སྒྲོན་ཞིག་དལ་གྱིས་འཁོར་གྱིན་འདུག་ལ། སྐབས་རེར་གློག་འོད་ཕོག་སྟངས་ཀྱིས་ཁོས་སྔར་བཞིན་ལག་པས་མན་ཚར་དེ་དག་བྱིལ་ཙམ་བྱིལ་ཙམ་བྱེད་ཀྱིན་ཡོད་པའང་མཐོང་ཐུབ།
“མི་འགྲོ་ཁ་རེད། བྱ་འཕུར་ཁ་རེད། ད་ལྟ ……” མུ་མཐུད་དུ་ཅི་ཞིག་བཤད་རྩིས་ཡོད་མོད། ཁོའི་ངག་སྒོ་ཟས་ཀྱིས་བརྣངས་པ་ལྟར་རེ་ཞིག་ལུས་སོང་། དེ་ནས་ཝུ་ཆང་དམ་བེ་གང་འབྱོང་ཐེངས་ཤིག་བྱས་རྗེས། “སྔོན་ཆད་ང་དགེ་རྒན་ཚོའི་མིག་ནང་གི་ཚེར་མ་ཡིན། ཁོ་ཚོ་ལ་ཡང་ཅི་ཁག ངས་ནམ་རྒྱུན་ཁོ་ཚོ་དཀའ་ལས་ལ་གཏད་མྱོང་ནི་རེད། ཧི་ཧི” སྣང་ཆུང་དང་ཟུར་ཟ་འདྲེས་མའི་དགོད་སྒྲ་ཞིག་དང་འབྲེལ་ནས་སླར་ཡང་གདོང་ལ་ཡིད་ཆད་ཀྱི་རྣམ་འགྱུར་ཞིག་མངོན་བཞིན “ད་དེའི་ཅི་བྱེད། སྤུན་ཟླ། ཡ་ཆང་འཐུང་། ཆང་འཐུང་ན་ཁྱུང་དཀར་མཛོ་ཡིས་རྫ་ཆུ་འཐུང་འཐུང་ཟེར་བ་མ་གོའམ།”ཝུ་ཆང་དམ་བེ་གཞན་ཞིག་གི་ཁ་གཅོད་བླངས་ནས་ཞབས་དག་བྱས།
“དེ་དུས་དགེ་སློབ་ཀུན་གྱིས་གསར་བུ་ཀླད་ལོག སྣང་བ་སྐོར་ལོག་ཅེས་ངག་ནས་མ་ཎི་འདོན་འདོན་བྱས་ཏེ་ང་ལ་འདི་ལྟ་བུའི་ཚིག་མདའ་འཕེན་མྱོང་ནི་རེད།” དེ་ནས་གྲེ་བ་བསལ་ཙམ་བྱས་ནས་མུ་མཐུད་དུ་བཤད་རྒྱུར“ ང་ཡང་དེ་འདྲ་ཞིག་ཡིན་ན་ཐང་། ཡིན་ན་ཡང་ཁོ་ཚོས་ཀྱང་རང་སྐྱོན་རི་བོང་རྭ་ལ་རློམ་ནས་མི་སྐྱོན་གྲམ་པའི་རྡོ་རུ་མཐོང་བ་མ་ཡིན་ནམ། ”ཁོས་གང་ཞིག་ལ་མནོ་བསམ་གཏོང་བ་བཞིན་མན་ཚར་ལ་བྱིལ་ཙམ་བྱིལ་ཙམ་བྱས་ནས་སྡོད། ཐེབས་ཅིག་ལ་ཡོད་ཚད་ལྷིང་འཇགས་སུ་གྱུར་སོང་།
“ཨེ། ངས་སློབ་ཁྲིད་སྐབས་སུ་དགེ་རྒན་རྣམས་ལ་དོགས་གཞི་རེ་དྲིས་ན། ཁོ་ཚོས་ལོང་བཤད་མ་བྱེད། རྒྱུ་མཚན་དྲོངས་ཤོག་ཟེར། ཨེ— དེ་ལོས་ཡིན། ངས་སྒྲུབ་བྱེད་ཀྱི་ལུང་རེ་དྲང་འོང་ཚེ། ཁོ་ཚོས‘ཧུམ’་སྒྲ་དང་འགྲོགས་ནས་མཐོང་ཆུང་གིས་ འོ—དེ་འདྲའི་ཟེར་སྲོལ་ཅིག་འདུག་གམ། མ་གོ—མ་རིག—ཨེ་བདེན་ནམ —གཞན་པར་དྲིས་ཟེར། རྗེས་ནས་དགེ་རྒན་ཚོས་ཕག་ན་ང་ལ་བློ་རིག་མཐོ་གང་ལ་སྐད་ཆ་འདོམ་གང་ཞེས་བཤད་ཀྱིན་ཡོད་སྐད། དེ་ནས་བཟུང་ང་ཡང ……”གློག་འོད་ཕོག་སྟངས་ཀྱིས་ཁོའི་གདོང་ན་འོད་ཀྱིས་འཚེར་བའི་མིག་ཆུ་བཞུར་གྱིན་ཡོད་པ་གསལ་པོར་མཐོང་བྱུང་།
སྔོན་ཆད་དགེ་རྒན་ཚོས་ཁོ་ལ་དེ་འདྲའི་ལྟ་ཚུལ་ངན་པ་བཟུང་བའི་རྒྱུ་མཚན་གསལ་བོ་ཞིག་ཨ་གསལ་ཨོཾ་དག་ཅིག་བརྗོད་མ་སོང་མོད། འོན་ཀྱང་ཁོའི་མིག་ཆུ་དེའི་ཕག་ན་ད་གཟོད་ཁོ་ལ་སྐྱོ་ཤས་ཀྱི་གཏམ་རྒྱུད་ཅིག་ཡོད་པའང་རྨང་ནས་ཚོར་ཐུབ།
“ཨེ— བདེ་སྐྱིད་མཚོ་མོ— ཁྱོད་ཀྱིས་ང་རང་སྡུག་ལ་སྦྱར་འདུག— མ་རེད— ངས་ཁྱོད་རང་མྱི་ཁར་གཏད་འདུག”དེ་ལྟར་ཟེར་ཞོར་སོན་མོ་དག་གིས་མན་ཚར་ལ་བྱིལ་བྱིལ་བྱེད་པའི་འགྲོས་ཧ་ཅང་མྱུར་ཏེ། རྒྱང་འཛིན་གྱིས་ཇེ་མགྱོགས་སུ་བཏང་བའི་བརྙན་འཕྲིན་གྱི་འགུལ་རིས་དང་འདྲ།
སྐབས་དེར། ཁོའི་ཁ་པར་དེ་ལ་གཟེར་རྒོད་རྒྱུག་པ་ལྟར་འདར་འགུལ་དང་མཉམ་དུ་ཏིར་སྒྲ་བར་མེད་དུ་གྲག་བྱུང་། ཁོས་མིག་ཟུང་བཙུམ་མ་ཕྱེ་ཞིག་བྱས་ནས་ལག་པ་གཡས་པས་མན་ཚར་ལ་བྱིལ་ཙམ་བྱིལ་ཙམ་བྱེད་ཞོར། ཧ་ཅང་བྱང་ཆ་དོད་པའི་སྒོ་ནས་ལག་པ་གཡོན་པའི་མཐེ་བོང་གིས་ཁ་པར་གྱི་འཆར་ཤེལ་སྟེང་མནན་ཙམ་བྱས་པའི་རྗེས་སུ། “ ཝེ།” ཞེས་ཁ་པར་གྱི་ཁ་ཕྱེ།
ཕ་རོལ་པོ་ནས“ཝེ ཡང་ཆང་འཐུང་བཞིན་ཡོད་དམ” སྐད་གདངས་ཤིན་ཏུ་ཕྲ་བས་སྐྱེས་མ་ཞིག་གི་སྐད་ཡིན་པ་གཞི་ནས་རྟོགས་ཐུབ།