སང་ཉིན།
ལྔ།
མཚན་མོ་འདིར། ཁོ་རང་གཅིག་པུས་ཆང་ཁང་དུ་ཝུ་ཆང་འཐུང་བཞིན་མུ་མཐུད་དུ་ཕྱིར་དྲན་བྱས—
“ཨ་ཕ— ཁྱེད་རང་ཅི་འདྲའི་གླེན་པ་ཞིག་རེད—མ་རེད—མ་གཞི་ང་རང་གླེན་པ་ཞིག་རེད”དེ་ལྟར་སྨྲ་ཞོར་སླར་ཡང་གདོང་ལ་ཡིད་ཆད་ཀྱི་ཉམས་ཤིག་ཕྱུང་ནས་མདུན་གྱི་ཅོག་ཙེ་སྟེང་གཡས་འགྱེལ་གཡོན་ལོག་བྱས་ཡོད་པའི་ཝུ་ཆང་དག་ལ་བལྟས་ཏེ་མན་ཚར་ལ་དལ་གྱིས་བྱིལ་ཙམ་བྱིལ་ཙམ་བྱེད།
དེ་ནི་ཟླ་ངོ་གཉིས་ལྷག་གི་ཡར་སྔོན་གྱི་དོན་དག་ཅིག་ཡིན་ལ། བདེ་སྐྱིད་མཚོ་མོའི་སྙིང་རླུང་འཚང་བྱེད་ཀྱི་རྒྱུ་ཡང་ཡིན། ད་དུང…… ཁོ་རང་གཉིད་ཀྱིས་དུབ་སྟེ་‘ཏིང་འཛིན’་ལ་ཞུགས་པར་ཉེ་བའི་ཉིན་གུང་ཞིག་ལ། སྐད་ཅིག་ཉིད་ལ་མལ་ཁང་གི་ལྷིང་འཇགས་དཀྲོགས་པའི་ཁ་པར་འབོད་བརྡ་དེས། ཁོའི་རྣམ་རིག་དེ་གཏིང་རིམ་ཞིག་ནས་ཕྱིར་དྲངས་སོང་། རྐུབ་སྟེགས་མཐོན་པོ་དེའི་སྟེང་ནས་རྐང་པ་གཅིག་ཐོག་གཅིག་ལ་བཞག་སྟེ། འདོད་མི་འདོད་ཀྱིས་མཆུ་ཏོ་གཅུ་ཙམ་བྱས་ཤིང་མགོ་བོ་ཌ་རུ་ལྟར་གཡུག་ཙམ་བྱས་རྗེས། གཞི་ནས་ཁ་པར་གྱི་ཁ་འབྱེད་དེ། “ཝེ། སུ་ཡིན།” སྐབས་དེར་ཁོ་རང་གླང་རྒན་ཚྭ་ཆུས་འགྲངས་པ་ལྟ་བུའི་འགྱིང་ཉམས་ཤིག་བཏོད་ནས་མན་ཚར་ལ་བྱིལ་བྱིལ་ཞིག་བྱེད་ཞོར་དེ་ལྟར་དྲིས།
“འོ། བསོད་བྷེ། ང་ཨ་ཕ་ཡིན།” ཕ་རོལ་པའི་མཐའ་འཁོར་ན་འུར་ཟིང་ཤིན་ཏུ་ཆེ་བ་ཚོར་ཐུབ་སྟེ། སྐད་ཤུགས་མཐོན་པོས་དེ་ལྟར་སྨྲས་འོང་།
“འོ། ཨ་ཕ་ཡིན་ནམ།” རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར། ཁོ་རང་དེ་འཕྲལ་རྐུབ་སྟེགས་ལས་ཡར་ལངས་ཏེ་ལྕེ་ནར་ཅིག་བྱས་པའི་མུར། “ཡུལ་མི་ཚང་མ་བདེ་མོ་ཡིན་ནམ།” ཟེར། དོན་གྱིས་ཁོས་གཡག་བསམ་པ་ཡིན་ནམ་ཁྲག་བསམ་པ་ཡིན། ཕལ་ཆེར་སུས་ཀྱང་ཚོད་བགམ་བྱེད་མི་ཐུབ་པ་འདྲ།
“ཧེ་ཧེ་ཧེ། ཚང་མ་བདེ་མོ་ཡིན། ”མུ་མཐུད་དུ “ ཨེ། བསོད་བྷེ། ཨ་ཕས་ཁྱོད་ལ་གཏམ་བཟང་ཞིག་འཆད ” ཟེར།
“ཨ་ཕ། ཅི་ཞིག་རེད། ” ཡང་བསྐྱར་མན་ཚར་ལ་བྱིལ་བྱིལ་བྱེད་ཞོར་དེ་ལྟར་དྲིས།
“དཔོན་ཚང་སྡེ་བའི་དཔོན་ཕྲུག་རྡོ་རྗེ་ཚང་གིས་ཁྱོད་རང་མག་པར་སློང་གིན་འདུག དཔོན་ཕྲུག་རྡོ་རྗེ་ཚང་ལ་མཚོན་ན། དར་དམར་ཅན་གྱི་བླ་རྒྱུད་འཁྲུངས་ས། ཐམ་ཀ་ཅན་གྱི་དཔོན་པོ་འཁྲུངས་ས་ཡིན། སྦྲ་མཐིང་སྨུག་ཁ་ཞེང་ལྷོར་བརྐྱངས། ཕྱུགས་ཁྲ་ཁྲའི་འགོ་ལོ་རྫར་བྱེད་པའི་ཁྱིམ་ཚང་ཡིན་པས། གནའ་ནས་ད་བར་དུ་ཆོས་འབྲེལ་གསེར་གྱི་ཐག་པ་ཆད་མ་མྱོང་། གཉེན་འབྲེལ་དར་གྱི་མདུད་པ་གྲོལ་མ་མྱོང་། ……ཕ་ཨ་ཁུའི་ཡན་ན་དབང་ཆེན་མེད། རྡོ་གོར་མོའི་ཡན་ན་ལྗིད་མོ་མེད་པས། དུ་ཕྱི་ཚེས་བཅོ་ལྔར་ཕ་ཨ་ཁུ་འཚོགས་ནས་ཁྱོད་རང་མག་པར་ཕྱིན་པ་མ་ཟད། གཉེན་རྟགས་ཀྱང་བརྒྱབ་ཟིན། ཁྱོད་ཀྱི་སློབ་ཡོན་ཡིན་ཟེར་ནས་སྒོར་ཁྲི་གསུམ་ཁྱེར་ནས་ཡོང་ཡོད་མོད། གཉེན་ཚང་གི་ཁ་ངོར་བལྟས་ཏེ་སྒོར་ཁྲི་གཅིག་ཕྱིར་སློག་པ་ཡིན…… ད་ནས་བཟུང་གཉེན་ཨ་ལོང་གོར་ཡིན། ཤག་སྟག་མོ་རྫོང་ཡིན། ད་ཁྱོད་ཀྱང་མི་ཆེ་ན་མི་ཆུང་གི ……”
ཉིན་དེར་ཁོའི་མགྲིན་པ་ཐ་གུས་བསྡམས་པ་ལྟར་ཨ་ཕས་ཅི་བཤད་ལ་ཉན་ཏེ་མན་ཚར་ལ་བྱིལ་བྱིལ་བྱེད་ཞོར་སྨིན་མ་གཉིས་ཐོད་གཏུགས་ལ་ཁད་ཅིག་བྱས་ནས་སྡོད་པ་ལས། ཨ་ཕ་ལ་ཕྱིར་རྒོལ་གྱི་སྐད་ཆ་ཚིག་གཅིག་ཀྱང་ལབ་མ་ནུས་པར་ལུས་སོང་།
དེའི་དགོང་མོར་ཁོ་རང་སློབ་གྲྭའི་ལུས་རྩལ་ར་བར་འཆམ་འཆམ་དུ་ཕྱིན་དུས། སློབ་གྲྭའི་ཁོར་ཡུག་ཀུན་ཏུ་བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་གིན་མཆིས་ལ། ལམ་འགྲམ་གྱི་སྡོང་མགོ་ནས་སྟོན་ལོ་སེར་བོ་འགའ་ཞིག་ཀྱང་ག་ལེར་ས་ལ་འཐོར་ཡོང་། དེ་ནི་ཁོའི་རྩྭ་ཐང་གི་ཀུན་དགའ་སྒྲོལ་མར་བཅངས་པའི་དམ་བཅའ་དེ་བྱེ་མའི་རི་ཆེན་ཉིལ་བ་ལྟར་འགྱུར་ཨེ་འགྲོ་ལ་འཁང་ར་བྱེད་པ་དང་དབྱེར་མེད་དུ་མཆིས།
གྲོང་ཁྱེར་གྱི་མཁའ་མཐའ་ན་ཤར་བའི་ཟླ་འོད་དེ་སྐབས་རེར་སྤྲིན་གསེབ་ཏུ་ཡལ་འགྲོ་ལ། བར་རེར་སླར་ཡང་སྤྲིན་གསེབ་ནས་གསལ་ལེར་མངོན་ཡོང་། ཁོ་རང་དེ་ལྟར་ལམ་འགྲམ་ནས་བགྲོད་དུས། སྒྲ་ལ་ཕབ་པ་ལྟར་རྣ་ལམ་དུ་ཡང་ཡང་དུ་འཁོར་འོང་བ་ནི་རྩྭ་ཐང་གི་ཀུན་དགའ་སྒྲོལ་མར་དམ་བཅས་པའི་གཏམ་དེ་དག་ཅི་ལ་མིན་ཨང་། “ང་ཅུང་ཟད་བཟི་ཡི་ཡོད་པ་འདྲ— མ་རེད — ང་རང་ནམ་ཡང་འགྱེལ་མི་སྲིད།” སྐབས་དེར་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག་ཏུ་འཕྱོ་བའི་སྲང་གོག་དེའི་ཐོག་ཁང་ག་གེ་མོ་ཞིག་གི་སྒེའུ་ཁུང་ལས་འགྲོས་མི་མཉམ་པའི་རོལ་དབྱངས་ཤིག་ལྷོད་ཀྱིས་བསྲིངས་ཡོང་། ཁོས་གདོང་ལ་བཙན་ཚུགས་ཀྱིས་འཛུམ་ཆུང་ཞིག་ཕྱུང་བཞིན་མུ་མཐུད་དུ་མན་ཚར་ལ་བྱིལ་ཙམ་བྱིལ་ཙམ་བྱེད།
སང་ཉིན—ཁོས་ལམ་སྣེ་གང་ཞིག་གདམ་དགོས་སམ། གཅིག་ནི་བཙན་སྒྲིག་གི་གཉེན་ཚང་སྟེ་དཔོན་པོ་ཚང་གི་ལམ་ཡིན་ཞིང་། གཅིག་ཤོས་ནི་ཁོའི་ཆེད་དུ་ད་རག་བར་སྒུག་ནས་བསྡད་པའི་རྩྭ་ཐང་གི་ཀུན་དགའ་སྒྲོལ་མའི་ལམ་ཡིན་ལ། གཞན་པའི་ཅིག་ཤོས་ནི་ཀུང་ཟིའི་སྤྱི་གཉེར་པ་སྟེ་བདེ་སྐྱིད་མཚོ་མོའི་ལམ་ཡིན། ཁོས་དེ་ལྟར་སེམས་བཞིན། “ཀུན་དགའ་སྒྲོལ་མ —ཁྱོད་ང་ལ་མི་དབང་བ་འདྲ—མ་རེད—ང་ནམ་ཡང་ཁྱོད་ལ་དབང་ངེས་རེད། ཁྱོད་ཀྱང……”ཞེས་ཆིག་ལབ་ཅིག་བྱས་པ་དང་མཐུད་ནས་ལག་གཡས་པས་མན་ཚར་ལ་བྱིལ་ཙམ་བྱིལ་ཙམ་བྱེད་ཞོར་དབུགས་ལྒང་གི་དབུགས་གློ་བུར་དུ་ཞུད་པ་ལྟ་བུའི་དངན་པ་ཞིག་ཀྱང་དབང་མེད་དུ་ཕྱུང་།
དེ་ལྟར་ཁོ་རང་ཆང་ཁང་གི་རྩིག་ལྡེབས་ལ་ཁེན་བཞིན་ཐེམ་སྐས་ལས་མར་བབས་ཏེ་ཕྱི་སྒོ་རུ་ཐོན་དུས། ནམ་རྒྱུན་སྲང་ཀོག་འདི་ན་གྲོག་ཚང་གི་ཁ་ཕྱེ་བ་ལྟར་རྒྱུ་བའི་མི་དེ་དག་ཀྱང་གང་ལ་ཕྱིན་སོང་བ་བཞིན་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག ཐ་ན་ཁོ་ལ་ཁ་ཡག་ངོ་འཛུམ་བྱེད་པའི་བདེ་སྐྱིད་མཚོ་མོ་ཡང་མཐོང་རྒྱུ་མ་བྱུང་། “མ་གཞི་ང་རང་ཁེར་རྐྱང་རེད —མིན—ང་ལ་ཀུན་དགའ་སྒྲོལ་མ་ཡོད ”དར་ཅིག་ལ་ཁོའི་གདོང་ལ་ཐེ་ཚོམ་གྱི་རྣམ་འགྱུར་ཞིག་མངོན་པའི་མུར་མན་ཚར་ལ་བྱིལ་ཙམ་ཡང་མ་བྱས། དེ་ནི་ཁོས་མཚམས་འདིར་ཕྱིར་དྲན་གྱི་སྒོ་མོ་གཏན་བརྒྱབ་བྱས་པ་དང་འདྲ།
ཁོ་རང་དེ་ལྟར་ཡུད་ཙམ་ཞིག་ལ་གློག་ཞུ་དམར་པོ་འཚེར་བའི་ཇ་ཆང་ལྷ་མོའི་ཆང་ཁང་གི་སྒོ་ཁར་འགྲེང་ནས་སྡོད་ཅིང་། རིམ་བཞིན་སྲང་ཀོག་དེ་ནས་ཁོའི་གོམ་པ་རླུང་ཁར་སྒྲོན་པའི་མར་མེ་བཞིན་འཁྱར་འཁྱོར་གྱིས་སྤོས་ཏེ་ཉལ་ཁང་ཐོག་ཁང་གི་ཕྱོགས་སུ་ཆས་འགོ་བརྩམས། དེ་ནི་ཁོས་སང་ཉིན་གྱི་ཕྱོགས་སུ་གོམ་ཁ་ཐོག་མ་བསྒྱུར་བ་དང་ཡང་མཚུངས། དེ་ལྟར་ཁོ་རང་ལམ་བར་དུ་བགྲོད་སྐབས་གློ་བུར་དུ་ཁ་པར་ཞིག་འབྱོར་བྱུང་།
“ཝེ། བསོད་ … བྷེ མ་… མ་འགྲིག་ཐལ།” ཕ་རོལ་པོས་ངུ་སྐད་འདྲེས་མ་ཞིག་གིས་དེ་ལྟར་ཟེར།
ཁོའི་གདོང་ལ་གློ་བུར་དུ་ཆུ་འཁྱག་བརྒྱབ་པ་ལྟར་རིག་པ་ཇེ་གསལ་དུ་སོང་བའི་མུར། ཁོས་གོ་འཛོལ་ཐེབས་པ་ཨེ་ཡིན་སྙམ་ནས “ ཁྱོད ” ཁོའི་སྐད་ཀྱང་ཕྱི་རུ་མ་ཐོན།
“ཀུན … དགའ … སྒྲོལ … མ་… ” ཕ་རོལ་པོ་ངུས་སོང་། སྐབས་དེར་ཁོས་ཁོ་མོ་ནི་ཀུན་དགའ་སྒྲོལ་མ་ཚང་གི་ཁྱིམ་མཚེས་སྟེ། ཡང་གཅིག་བཤད་ན་ཁོང་གཉིས་ཀའི་བར་གྱི་‘ཕོ་ཉ’་འབུམ་མཚོ་ཡིན་པ་གཞི་ནས་ཚོར་བྱུང་།
“ཨ ”ཁོའི་གློ་སྙིང་མཆིན་གསུམ་གྱི་བར་ནས་བཟོད་གླགས་བྲལ་བའི་གཟེར་ཤད་ཅིག་རྒྱུག་པ་དེས། མགོ་སྐྲ་སྤར་མོ་གང་བོ་ཡང་སྐད་ཅིག་ཉིད་ལ་འབྱི་བ་ལྟ་བུའི་འཇིགས་སྣང་ཞིག་དབང་མེད་དུ་སྐྱེས། སྐབས་འདིར་ཁོ་རང་ཧོན་ཐོར་བས་མན་ཚར་ལ་ལག་པས་བྱིལ་བྱིལ་བྱེད་རྒྱུ་ཡང་ཕལ་ཆེར་བརྗེད་སོང་བ་འདྲ།
“ཁོ …… ཁོ་མོར ཅི་… ཅི་བྱས་སོང་། ” ཁོས་དོན་དག་ངན་པ་ཞིག་བྱུང་སོང་བ་ཤེས་ནས་དེ་ལྟར་ཕྱིར་འདྲི་བྱེད་དུས་ངག་ཀྱང་དེའི་མུར་ལྐུགས་པ་ལྟ་བུར་གྱུར།
ཕ་རོལ་བོ་ནས“ཁོ… མོ… མ་འཚམས་ཐལ ང་འབུམ་མཚོ་ཡིན ”ངུ་སྐད་ཅིག་དང་འགྲོགས་ནས་ཁ་པར་ལས་ “ ཏོའུ—ཏོའུ ”ཞེས་སྒྲ་འཛེར་བོ་ཞིག་བསྟུད་མར་གྲགས་བྱུང་།
ཐེབས་ཅིག་ལ་ཁོས་རྨི་ལམ་ཨེ་ཡིན་སྙམ་ནས་ཧད་དེ་ལུས་སོང་། “འདི་རྨི་ལམ་རེད— མ་རེད— རྨི་ལམ་ག་ལ་ཡིན” ཁོའི་རང་ཉིད་འདི་ལྟར་ལྡོག་འདྲི་ཞིག་བྱེད་ཞོར་སོར་མོ་དག་ནི་འཕྲུལ་ཆས་ཀྱིས་བསྒྱུར་བ་དང་འདྲ་བར་མན་ཚར་ལ་བྱིལ་བྱིལ་བྱེད་པའི་མྱུར་ཚད་ནི་ངོ་མ་མིག་གིས་ཟིན་དཀའ་བ་ཞིག་རེད། ཐག་མི་རིང་བའི་གཞུང་ལམ་གྱི་ཕྱོགས་ནས་ཉེན་རྟོག་པའི་རླངས་འཁོར་གྱི་ཉེན་དུང་ཞིག་ལྷང་ངེར་གྲག་འོང་པ་དེས་ཁོའི་སྙིང་ལ་ཟུག་གཟེར་ཅིག་དབང་མེད་དུ་སྐྱེད་ཅིང་སྣ་ནང་ཡོངས་ལ་སྐྱུར་ཤ་ཞིག་ཐོལ་གྱིས་བསླངས་པ་དང་འབྲེལ་ནས་ཁོའི་མིག་མདུན་གྱི་གློག་འོད་དག་ཀྱང་རིམ་བཞིན་རབ་རིབ — རབ་རིབ་ཅིག་ཏུ་གྱུར་སོང་།