logo

རྩྭ་ཐང་གི་རྨི་ལམ།

རྩོམ་པ་པོ།:ཀླུ་ཚང་བྱམས་པ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-30 ཀློག་གྲངས།:

རྩྭ་ཐང་གི་རྨི་ལམ།
              ཀླུ་ཚང་བྱམས་པ་ཚེ་རིང་།

        དེ་ལྟར་དུས་ཚོད་ལ་འཁྲེང་ཞེན་དང་ཕྱིར་ལྡོག་ཅི་ཡང་མེད་པར་ཉིན་རེ་རེ་བཞིན་ཕར་འདས་ཏེ་ཟླ་ངོ་གཅིག་ལྷག་འགོར་བའི་རྗེས་སུ་སླར་ཡང་སྔོན་ཆད་ལྟར་རུ་བ་དབྱར་ས་ནས་སྟོན་སར་སྤོར་བའི་དུས་ལ་སླེབས།  རུ་འགེལ་བའི་ཉིན་དེའི་ཞོགས་པར་མི་རྣམས་སྔ་མོ་ནས་མལ་ལས་ལངས་ཏེ་ཤ་ཤེད་རྒྱས་ཡོད་པའི་གཡག་ལ་གླང་སྒ་བསྟད་པ་དང་།  སྦྲའི་ཁུད་དུ་གྲུ་ཐག་དང་ཕྱར་བ། ས་འདོགས་སོགས་གཅུད་ནས་བལྟབས་པ་དང་། ཀ་ར། ཕུར་བ། སྒོ་ཡོལ། སློག་པ། སླ་ང་དང་དེམ། བང་ཤིང་དང་སྒྲོ་བ། ཟོ་བ་དང་བཞོ་ཟེའུ་སོགས་གཅིག་ཀྱང་མ་ལུས་པར་གང་ལ་གང་འཚམ་གྱིས་ཁལ་མར་བཀལ་སྟེ་ལམ་ལ་ཆས། མིག་གི་ཟིན་ཚད་བར་དུ་སྐྱས་དང་མཉམ་དུ་བཞུད་མ་ཐུབ་པའི་བསང་ཁྲི་དང་ཐབ་ཀ་ལས་སྐྱོ་ཤས་དང་འགྲོགས་པའི་གྱེས་ཕྱག་གི་དུ་བ་སྔོ་ལིང་ལིང་གིས་ཡངས་བའི་རྩྭ་ཐང་བརྒྱུད་ནས་མཐོ་བའི་རྫ་གསེབ་ཏུ་འཐིམ་གྱིན་བདོག  དེ་ལྟར་ལན་རེར་ཉི་འོད་ལམ་ལམ་འཚེར་བ་དང་། སྐབས་རེར་ཆར་བ་ཤག་ཤག་འབབ་པ། མཚམས་རེར་སྨུག་པ་ལང་ལོང་དུ་རྒྱུ་བ་དང་བར་རེར་མུན་པ་རབ་རིབ་ཏུ་འཐིབ་པའི་ཉིན་མཚན་བཞི་ལྷག་གི་སྐྱས་ལམ་བརྒྱུད་མཐར་གཞི་ནས་དར་ལུང་སྡེ་བའི་སྟོན་ས་སྟེ་དུང་དཀར་ལུང་བར་ཐོན་པ་རེད།
        རི་རྩེ་དགུང་དུ་ཟུག་ཅིང་རི་སྐེད་ནགས་ཀྱིས་བཟུང་བའི་རྫ་རི་རོག་པོ་དེ་ནི་རྩེ་འདུས་རི་རེད། འདི་ལ་ཡོངས་གྲགས་སུ་ལབ་ཙེ་སྒང་ཡང་ཟེར། དེ་ལ་རྩེ་འདུས་རི་ཟེར་དོན་ནི་ཤར་ཏུ་དུང་དཀར་ལུང་བ་དང་ལྷོ་རུ་བཀྲ་ཤིས་ལུང་བ། ནུབ་ཏུ་སྡོང་ཕྲུག་ལུང་བ་དང་བྱང་དུ་ནགས་ཕྱུག་ལུང་བ་བཅས་ཡོད་པའི་ལུང་བའི་ཕུའམ་རི་བོའི་རྩེ་གཅིག་ཏུ་འདུས་པས་ན་མིང་ཡང་དེ་ལྟར་ཐོགས་པ་རེད་ལ། དེ་ལས་དུང་དཀར་ལུང་བ་ནི་དར་ལུང་སྡེ་བའི་སྟོན་ས་ཡིན་ལ། བཀྲ་ཤིས་ལུང་བ་ནི་ཅང་ཤེས་སྡེ་བའི་སྟོན་ས་ཡིན། སྡོང་ཕྲུག་ལུང་བ་ནི་གཡག་ལུང་སྡེ་བའི་སྟོན་ས་རེད་ལ། ནགས་ཕྱུག་ལུང་བ་ནི་དར་ལྕོག་སྡེ་བའི་སྟོན་ས་རེད། གཞན་ལབ་ཙེ་སྒང་ཟེར་དོན་ནི་ཚོ་བ་འདི་བཞི་བོས་བསྟོད་པའི་དགྲ་འདུལ་ལབ་ཙེ་ཡང་དེ་རུ་བསྟད་ཡོད་པས་མིང་ཡང་དེ་སྐད་ཐོགས་པ་རེད་ལ། སྐད་ཆ་ཚིག་གཅིག་གིས་མཚོན་པར་བྱས་ན་ཚོ་པ་འདི་བཞི་པོ་ནི་བླ་མ་གཅིག་གི་ལྷ་སྡེ་དང་། གཞི་བདག་གཅིག་གི་འཁོར་འབངས་ལས་མ་འདས་པས། ཕན་ཚུན་བར་བཟང་ལ་བརྩི་རྒྱུ་མེད་ན་ཡང་ངན་ལ་རྩོད་རྒྱུ་མེད་ན་ཅིས་མི་ཆོག་ཨང་།
        རྩེ་འདུས་རིའི་རི་རྩེར་བུད་ནས་ཐུར་དུ་བལྟས་ཚེ། མིག་འོག་ཏུ་སྡུད་ཐུབ་པའི་ལུང་བ་འདི་དག་རི་རྩེ་གཅིག་ནས་ཕྱོགས་སོ་སོར་གྱེས་ཡོད་པས་བྱ་གླག་གི་སྡེར་མོ་ཞིག་དང་ཀུན་ནས་མཚུངས་ལ། དུང་དཀར་ལུང་བ་ནི་ཁ་ཤར་ལྟ་ཡིན་པས། ཞོགས་པའི་ཉི་རྩེ་དེ་ཐོག་མར་ལབ་ཙེ་སྒང་ལ་འཕྲོ་བ་དང་། དེ་ནས་རིམ་བཞིན་དུང་དཀར་ལུང་བའི་ཉིན་ངོས་བརྒྱུད་ནས་ལུང་མཐིལ་ཀུན་ཏུ་འཕྲོ་བ་རེད། དུང་དཀར་ལུང་བའི་མདོ་ནས་ལུང་བའི་ཕུ་མགོར་བལྟས་ཚེ། ལུང་བའི་ཕུ་དེ་ཡང་ལུང་ཆུང་དུ་མར་གྱེས་ཡོད་པས། ཐད་ཀར་ལུང་བའི་ཕུ་མགོ་མཐོང་མི་ཐུབ་མོད། ངག་རྒྱུན་དུ། རྩེ་འདུས་ལུང་བའི་ཕུ་མགོའི་ལུང་ཆུང་དག་ཕར་བསྣོལ་ཚུར་བསྣོལ་བྱས་ཡོད་པས་དུང་དཀར་ཞིག་གི་དབྱིབས་དང་མཚུངས་པར་སྐད། ལུང་བ་འདིའི་མིང་ལ་ཡང་དུང་དཀར་ལུང་བ་ཞེས་བཏགས་པ་ཡང་རྒྱུ་མཚན་དེ་འདྲ་ཞིག་ལ་གཞི་བྱས་ཏེ་བཏགས་པར་སེམས།  ཨེ། ལྟོས་དང་།  ལུང་བའི་མདའི་གནས་གང་ནས་བལྟས་ཀྱང་དུང་དཀར་ཞིག་གི་དབྱིབས་དང་ཀུན་ནས་མཚུངས་བའི་ཉམས་སྣང་ཞིག་ངང་ངམ་ཤུགས་ཀྱིས་མི་སྟེར་རམ།      
        མི་མང་ལག་པ་གསེར་ཡིན་ཞེས་པ་དེ་ཅི་མ་བདེན། དར་ལུང་སྡེ་བའི་རུ་བ་སྔོན་མ་དག་གི་སྐྱེས་ཕོ་མོ་རྣམས་གཅིག་རྗེས་གཉིས་མཐུད་དུ་རུ་བ་རྗེས་མ་དག་ལ་རོགས་རམ་བྱེད་དུ་འོང་སྟེ། དེ་མ་ཐག་སྦྲ་ཕུབ་པ་དང་ཐབ་ཀ་འཛུགས་པ། མཚེར་ཆུ་བསྐོལ་བ་ན་རུ་བ་སོ་སོའི་སྦྲའི་ལྟག་རྒྱབ་ཀུན་ཏུ་བསང་དུད་སྔོ་ལིང་ལིང་འཕྱུར་བྱུང་བ་དང་འགྲོགས་ནས་གཡས་འཁྱིལ་དུང་སྒྲ་རིང་མོ་ཡང་ཡུན་གྱིས་བྲག་ཅ་རེ་རེར་འཁོར་བྱུང་བ་དེ་ནི་དུས་ཡུན་རིང་བོའི་ནང་དུ་བྱུང་བའི་སྲོལ་རྒྱུན་གྱི་འགལ་བར་ཞི་བདེའི་འབོད་བརྡ་གཏོང་བ་དང་དབྱེར་མེད་དུ་མཆིས། 
        ཨ་མ་སྒྲོན་སྐྱིད་ཚང་དང་ཨ་ཁུ་འཇམ་བྷེ་ཚང་དུང་དཀར་ལུང་བའི་མདོ་ཁའི་གྲོག་མོའི་ཚུར་ཁར་བབས་ཡོད་ལ། ཨ་ཁུ་མགོན་ལོ་ཚང་དང་སྐལ་རྒྱམ་ཚང་བཅས་གྲོག་མོའི་ཕར་ཁར་བབས་ཡོད།  ཁྱིམ་ཁ་འདི་ཚོའི་བར་གྱི་ཟབ་རྒྱུ་མེད་པའི་གྲོག་མོ་འདི་ལས་དུང་དཀར་ལུང་བའི་ཕུ་ཡི་ཆུ་མགོ་ལས་བྱུང་བའི་ཆུ་བོ་ཤང་ཤང་དུ་འབབ་ཀྱིན་འདུག་པས། མི་རྩལ་ཆེན་ཞིག་ཡིན་ཡང་ཕ་རོལ་ཏུ་སྒྲོལ་དཀའ། དེས་ལུང་བའི་ཕུ་མདོ་ནས་འབྲོག་པའི་ཕྱུགས་ལས་ལ་ཕུན་སུམ་ཚོགས་པའི་དགེ་ལེགས་སྩོལ་གྱིན་མཆིས་ལ། དམའ་བའི་བདེ་ཐང་བརྒྱུད་དུས་རོང་བའི་ཞིང་ལས་ཐོན་སྐྱེད་ལ་ཆུའི་ནུས་ཁུངས་མཁོ་སྤྲོད་བྱེད་ཀྱིན་ཡོད་པས། ཆུ་བོ་དེ་སྟོད་འབྲོག་ཕྱོགས་དང་སྨད་རོང་ཕྱོགས་ཀྱི་མི་དམངས་ཀྱི་ལུས་ཀྱི་རྩ་ལམ་རེ་རེ་ན་རྒྱུ་བའི་ཟུངས་ཁྲག་རེད་ཅེས་བརྗོད་ནའང་མི་ཆོག་རྒྱུ་མེད་པ་མ་ཟད། ད་དུང་ཆུ་བོ་དེ་མཐར་རྨ་ཀླུང་རིང་མོར་འདྲེས་ཀྱིན་ཡོད་པས་ནང་ལོགས་གྲོང་ཁྱེར་མང་པོ་ཞིག་ལའང་དེ་ལས་ལྷག་པའི་ཕན་ནུས་གལ་ཆེན་ཐོན་གྱིན་ཡོད་པ་གོར་མ་ཆག
        དེ་རིང་ཉི་རྩེ་ས་ལ་ཤར་མ་ཐག་པ་ནས་བདེ་ལེགས་དང་སྒྲོལ་མ་སྐྱབས་གཉིས་ཀྱིས་ནོར་ལུག་དེད་ནས་ལུང་བའི་ཕུ་མགོར་ཕྱིན།  ཞོགས་པའི་ཉི་རྩེ་དེ་སྔར་བཞིན་ཐོག་མར་ལབ་ཙེ་སྒང་ལ་འཕྲོས་འོང་པ་དང་། དེ་ནས་རིམ་བཞིན་དུང་དཀར་ལུང་བའི་ཉིན་ངོས་སུ་འཕྲོས་འོང་པའི་རྣམ་པ་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། ཁོ་གཉིས་ཀྱིས་ལུང་མཐིལ་ནས་ལུག་ཁྱུ་ཉིན་ངོས་སུ་བསྒོས་རྗེས་ད་དུང་ལབ་ཙེ་སྒང་དུ་བསང་ཕུད་དུ་འགྲོ་དགོས་པས། ཁོ་གཉིས་ཐོག་མར་ཉིན་ངོས་ཀྱི་བྲག་ཐོ་དེའི་གོང་བསྐོར་ནས་དུང་དཀར་ལུང་བའི་གདོང་ཁར་འབུད་དུས།  སྐལ་ལྡན་དང་ཁྱུང་སྐྱིད་མཚོ་གཉིས་ཀྱིས་ཀྱང་ནོར་ཁྱུ་དུང་དཀར་ལུང་བའི་སྲིབ་ངོས་སུ་བསྐོར་རྗེས་ཅི་ཞིག་ལབ་གླེང་བཞིན་རི་ངོས་སུ་འགོས་ནས་ཡོང་བཞིན་འདུག  ཁོ་གཉིས་ཀ་གདོང་ཁ་དེར་ཙོག་ནས་སྐལ་ལྡན་དང་ཁྱུང་སྐྱིད་མཚོ་གཉིས་ལ་སྒུག་ནས་བསྡད། ཞོགས་པའི་ཉི་འོད་དྲོད་ལམ་ལམ། རྩྭ་མགོའི་ཟིལ་བ་འོད་ཀྲིག་ཀྲིག   ཕྱུགས་རྫིའི་སེམས་པ་དགའ་ལྷང་ལྷང་།  དེ་རིང་གི་ཉི་འོད་འོག་ཏུ་ཡོད་ཚད་ལ་སྔ་ན་མེད་པའི་དགའ་ཚོར་ཞིག་བཅོས་མིན་དུ་ཤར་འདུག
        སྒྲོལ་མ་སྐྱབས་ཀྱིས་ཡ་ཁའི་སྟེང་གི་སྣབས་དེ་སེན་མོས་འདྲད་ཙམ་བྱེད་ཞོར“ཨ་ཕ་བདེ་ལེགས། ཁྱོད་སྔོན་ཆད་སློབ་གྲྭར་འགྲོ་ཨེ་མྱོང”སླར་ཡང་པུས་མོའི་སྟེང་ནས་མདུན་ལ་ནུར་ཙམ་བྱས་ཏེ་དགོད་འཛུམ་འཛུམ་གྱིས་བདེ་ལེགས་ཀྱི་གདོང་ལ་བལྟས་ཏེ་ལན་ཅི་གདབ་ལ་རེ་བ་བྱེད་ཀྱིན་འདུག
        “མ་མྱོང”བདེ་ལེགས་ཀྱིས་གློ་བུར་དུ་བཏོན་ཡོང་བའི་དྲི་བ་དེར་དེ་འདྲའི་ལན་སྟབས་བདེ་ཞིག་བཏབ་རྗེས་ཁོའི་སེམས་པ་འཁྱག་ལ་སྦྱར་བ་བཞིན་དེ་འཕྲལ་གདོང་གི་འཛུམ་མདངས་དེ་གཞི་ནས་ཕྱིར་བསྡུས་ཏེ་གཏིང་མི་དཔོག་པའི་བསམ་གཞིག་ཅིག་གདོང་ལ་སྡུད། སྐབས་དེར་སྦྲ་སྒོ་ནས་གྱོལ་མ་ལྡིང་གིས་ལྷས་འདབས་སུ་ཕྱིན་པ་དང་གོག་མ་ནུར་གྱིས་ལྕི་བ་ཕུད་ཀྱིན་པའི་ཨ་མ་ཁོའི་མིག་ལམ་དུ་མངོན་བྱུང་བས། ཁོ་ལ་རང་དབང་མེད་པར་དངན་པ་ཞིག་ཕྱུང་བ་དེས་སྒྲོལ་མ་སྐྱབས་ཀྱིས་ཅི་ཡིན་ཧ་མ་གོར་བར་ཕྱིར་ནུར་ཙམ་བྱས་པ་དང་། མཚམས་རེར་མགོ་བོ་དགྱེ་ནས་བདེ་ལེགས་ཀྱི་མིག་གིས་བལྟས་ཡོད་པའི་ཕྱོགས་སུ་བལྟ་ཙམ་བྱེད་པ་དང་བར་རེར་ཐེ་ཚོམ་གྱི་མིག་གིས་སླར་ཡང་བདེ་ལེགས་ཀྱི་གདོང་ལ་བལྟས་ནས་སྡོད།  ལུང་མཐིལ་ན་ཤུགས་ཀྱིས་རྒྱུག་བཞིན་པའི་ཆུ་སྒྲ་དེ་ཡང་གང་ཞིག་གིས་ཁོའི་སྐྱོ་ལྷང་ལྷང་གི་སེམས་པ་ལ་རམ་སྐྱོར་བྱེད་པའི་རོལ་དབྱངས་དང་མཚུངས་པར་སྐབས་རེར་མཐོ་ལ་མཚམས་རེར་དམའ་བའི་གདངས་ཀྱིས་རྣ་ལམ་དུ་འཁྲོལ་འོང་།  ཁོའི་མིག་ཟུང་གིས་རྒྱང་རིང་རྒྱང་རིང་ཞིག་ལ་ཕུར་ཚུགས་སུ་ཅེར་ཡོད་པ་བཞིན། ཁོའི་སེམས་ཀྱང་དེ་མུར་ཆུ་སྣ་ཤོར་བ་ལྟར་ཕྱིར་དྲན་གྱི་རི་ལུང་བརྒལ་སོང་།
        ཕ་མཐོ་རིས་པོ་དེ་འདས་དུས། ཁོ་རང་ལོ་བཅོ་བརྒྱད་རེད། ཏག་ཏག་ལོ་ངོ་བཅུ་ལྷག་ཤེས་མེད་ཚོར་མེད་ཀྱིས་བཞུད་ན་ཡང་། སྐབས་དེའི་སྡུག་ཡུས་དང་གདུང་བ་མཐའ་དག་ཡིད་ཀྱི་རྩིག་ལྡེབས་ངོས་སུ་ད་ལྟའང་ད་དུང་བསུབ་ཐབས་མི་འདུག སྐབས་དེར་ཕོ་ལོ་ལྔ་གསུམ་བཅོ་ལྔར་བུད་ནས། དྲུག་གསུམ་བཅོ་བརྒྱད་ལྟག་གིས་བཞག་ཡོད་ན་ཡང་། རང་ཉིད་ལ་རེ་ཐག་ཆད་དུས་བློ་འདྲི་ས་ཞིག་མེད་ན། ལོ་ངོ་བཅུ་ལྷག་གི་དུས་ཡུན་འདི་ཡང་ཅི་འདྲའི་འཁྱོལ་ཐབས་དཀའ་བ་ཞིག་རེད་ཨང་། ཁོས་རང་ཉིད་ཀྱི་ཨ་ཕ་འཚོ་གཞེས་སྐབས་སུ་འདི་ལྟར་ལེ་བདའ་བྱས་མྱོང་སྟེ། གལ་ཏེ་ང་རང་སློབ་གྲྭར་བསྐྱལ་ཡོད་ཚེ། ད་ལྟ་ཕལ་ཆེར་སློབ་མཐར་ཕྱིན་ལ་ཉེ་བ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་ཡང་སྲིད། སློབ་གྲྭར་མ་བསྐྱལ་པས་ཕོ་ལོ་བཅོ་ལྔར་སོན་ཡང་ཀ་ངོ་ཡིག་ངོ་ཡང་མི་ཆོད་པ་འདི་རེད་ཅེས་གཅེས་ལང་དང་འཁང་རས་ཨ་ཕ་ལ་ལེ་འདེད་བྱས་ན། ཨ་ཕས་ཀྱང་རང་གི་སྐྱོན་ཡིན་པ་ཁས་ལེན་མོད། དོན་གྱིས་ཨ་ཕར་ཡང་ཁག་མེད་དེ། སྐབས་དེར་ཁྱིམ་གྱི་འབྱོར་འཁོས་ཞན་ཁར་རིག་གནས་གསར་བརྗེའི་ལས་འགུལ་ཐོན་པས་ང་གཅིག་པུ་སློབ་གྲྭར་འགྲོ་བའི་སྐལ་བ་ཞིག་གང་ན་མཆིས་ཨང་། ཡིན་ནའང་། རིག་གནས་གསར་བརྗེའི་ལས་འགུལ་མཇུག་བསྒྲིལ་ནས་ས་ཆ་ཀུན་ཏུ་དགོན་སྡེ་ནས་ཆོས་ལུགས་སླར་གསོ་དང་། སློབ་གྲྭ་ནས་སློབ་གསོ་བསྐྱར་གསོ་བྱེད་དུས། ཁོ་རང་ཕོ་ལོ་ཉི་ཤུ་ལ་སོན་ཡོད་པས། སློབ་གྲྭར་འགྲོ་བའི་གོ་སྐབས་ཡོངས་སུ་ཤོར་ཟིན། ཡིན་ན་ཡང་ཨ་ཕ་འཚོ་གཞེས་སྐབས་ཁོ་ལ་གསལ་བྱེད་སུམ་ཅུའི་སྦྱོར་ཀློག་སོགས་ཁྲིད་པའི་བག་ཆགས་ཀྱིས་ད་སྐབས་ཚགས་པར་དང་ཧོར་གླིང་གཡུལ་འགྱེད་སོགས་ཀློག་ཐུབ་པ་དེ་ཁོང་གི་བཀའ་དྲིན་མ་ཡིན་ནམ། དེ་ལྟར་ཕྱིར་དྲན་ལས་འཕོས་པའི་སྐྱོ་གདུང་གིས་ཁོའི་མིག་མཐའ་ལ་འཇབ་རྒོལ་ཐེངས་ཤིག་ཐེབས་སོང་།
        “སྒྲོལ་བྷ། ཁྱོད་སློབ་གྲྭ་འགྲོ་ན་འདོད་དམ།”ཨུ་ཚུགས་ཀྱིས་འཛུམ་མདངས་ཤིག་ཕྱིར་མངོན་ཏེ་དེ་ལྟར་དྲིས།
        “སློབ་གྲྭར་སོང་ན་ཅི་ཞིག་བྱེད་དགོས་སམ།”སྐབས་དེར་སྒྲོལ་མ་སྐྱབས་ཀྱང་དགའ་ཐག་ཆོད་དེ་ཅི་ཞིག་ཤེས་འདོད་ཀྱི་མིག་ཟུང་ལ་རེ་བའི་འོད་སྣང་ཞིག་འཁྱིལ་སྟེ་བདེ་ལེགས་ཀྱི་འཁྲིས་ལ་ནུར་ཙམ་བྱས་ནས་བསྡད།
        “ཡི་གེ་སློབ་དགོས་ནི་རེད། ཡི་གེ་བསླབ་ན་མ་འོངས་པར་ལས་བྱེད་པ་བྱེད་དགོས་ནི་རེད།”ཞགས་ཐག་ལྟ་བུའི་ཕྱིར་དྲན་གྱིས་འཆིང་སྟེ་དེ་འཕྲལ་ཕྱིར་འབུད་མ་ཐུབ་པ་བཞིན་སླར་ཡང་མིག་ཟུང་གིས་རྒྱང་རིང་རྒྱང་རིང་ཞིག་ལ་ཅེར་འདུག
        “ཡི་གེ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་ནམ།”སླར་ཡང་གཡེར་བ་དང་ཨུ་ཚུགས་འདྲེས་མས་བདེ་ལེགས་ཀྱི་ཐོག་ཐུ་ནས་བཟུང་སྟེ་སྒུལ་ཙམ་སྒུལ་ཙམ་བྱས།
        “དེ་ཁྱོད་སློབ་གྲྭར་སོང་ན་ཤེས་ངེས་རེད།”དེ་འདྲའི་ལན་སྟབས་བདེ་ཞིག་བཏབ་པ་དེས་བདེ་ལེགས་ལ་མཚོན་ན་ཡང་ཡི་གེ་ཟེར་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་པའི་ཕྱོགས་ཀྱི་སྐད་ཆ་བཤད་རྒྱུའི་གདེང་ཚོད་མེད་པ་འདྲ། ཁོ་ཡར་ལངས་ཏེ་ཕོངས་མགོའི་ས་རྡུལ་ལག་པས་སྤྲུགས་ཙམ་བྱས་རྗེས“སྒྲོལ་བྷ། འུ་གཉིས་མུ་མཐུད་དུ་ཡར་ལ་འགོ”ཟེར།  
        དེ་ནས་ཁོ་གཉིས་ཀྱིས་རི་རྐེད་ཀྱི་ནགས་གསེང་བརྒྱུད་ནས་དྲང་མོར་འགོས་ཏེ་ལྕུམ་སྐྱེས་ལུང་བའི་གདོང་ཁར་ཐོན་པ་ན། སྐལ་ལྡན་དང་ཁྱུང་སྐྱིད་མཚོ་གཉིས་ཀྱང་སྡོང་རྒན་ལུང་བའི་གདོང་ཁ་བརྒྱུད་ནས་དེར་སླེབས་བྱུང་། ད་ནི་ཉི་མ་ཡང་ཐག་ཚད་ཅིག་ཏུ་སླེབས་འདུག་པས། ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། རྩེ་འདུས་ལུང་བའི་ཕུ་མདོ་བར་གསུམ་དུ་མཛེས་སྡུག་གི་བཀྲག་མདངས་ཤིག་བཅོས་མིན་དུ་ཤར་འདུག   ཁོ་ཚོ་མཉམ་དུ་ཟོར་བ་ལྟ་བུའི་གདོང་ཀ་དེ་ནས་ཡུན་རིང་ཞིག་ལ་ངལ་གསོ་བྱས་རྗེས་མུ་མཐུད་དུ་འགོས་པས་གཞི་ནས་ལབ་ཙེ་སྒང་ལ་ཐོན་བྱུང་། བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་བ་དང་མཉམ་དུ་ལབ་ཙེའི་གླིང་བཞི་ལ་འཐེན་ཡོད་པའི་དར་ལྕོག་ལྷབ་ལྷུབ་ཏུ་བསྐྱོད་པར་བྱེད་པ་དེས་རྩྭ་ཐང་གི་ཞི་བདེ་ལ་རེ་འབོད་བྱེད་པ་དང་གཉིས་སུ་མ་མཆིས།
        “སྒྲོལ་བྷ། ཁྱོད་སློབ་གྲྭ་འགྲོ་འདོད་དམ། ”སྐལ་ལྡན་གྱིས་ཕྲེང་བ་དེ་མཁྲིག་མར་དཀྲི་བཞིན་ཧ་ཅང་བྱམས་བརྩེའི་སྒོ་ནས་དེ་ལྟར་དྲིས་བྱུང་།
        སྒྲོལ་མ་སྐྱབས་ཀྱིས་བདེ་ལེགས་ཀྱི་གདོང་ལ་བལྟས་ནས་དགོད་ཙམ་བྱས་རྗེས“ད་རུང་མི་ཤེས”ཟེར།
        “འོ་རེད།  སློབ་གྲྭར་སོང་ན་ཡི་གེ་ཤེས་ནི་རེད། གལ་ཏེ་སློབ་གྲྭར་མ་སོང་ན་ཁྱོད་ཚང་གི་ཨ་ཕ་བདེ་ལེགས་དང་ངེད་གཉིས་དང་འདྲ་བར་ནམ་རྒྱུན་ཕྱུགས་འཚོས་ནས་ཉི་མ་འཕུད་ཐབས་བྱེད་པ་འདི་ལྟ་བུ་རེད། ”སྐལ་ལྡན་གྱིས་སླར་ཡང་སྒྲོལ་མ་སྐྱབས་ཀྱི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དེ་ལྟར་ཟེར།
        རི་རྩེར་བུད་པ་ན་ཕྱོགས་བཞི་ཐམས་ཅད་ལག་མཐིལ་གྱི་རི་མོ་ལྟར་ཕྱི་གསལ་ནང་གསལ་ཞིག་རེད།
        ཁོ་ཚོས་ཐོག་མར་ཁྱུང་སྐྱིད་མཚོས་འཐུས་ཡོང་ཡོད་པའི་ཨོང་བ་དེ་བསང་ཁྲིའི་སྟེང་བླུགས་པ་དང་། བསང་མེ་འབར་རྗེས་བསང་ཁུག་ལས་ཤེར་རྩི་བཏུལ། ཇ་ཕུད་ཀྱིས་ཆབ་ཆུ་རྒྱག་ཞོར་ཕྱོགས་བཞིར་མཆོད། ལབ་ཙེ་དང་བསང་ཁྲི་ལ་བསྐོར་བ་བྱེད་ཞོར་“ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།  མཆོད་ཨོཾ་ཨཱ་ཧཱུཾ། ལན་གསུམ།  ཐུགས་རྗེའི་བདག་ཉིད་རྩ་རྒྱུད་བླ་མ་དང་།། ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས།།  སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ།། …… དུས་ཀུན་འབྲལ་མེད་མགོན་དང་སྐྱབས་མཛད་ནས།། བསྲུང་སྐྱོབས་བྱ་ར་མེལ་ཚེ་མ་གཡེལ་ཞིག ནད་རིམས་གདོན་བགེགས་ཕྱུགས་ཀྱི་གོད་ཁ་དང་།། མཐུ་གཏད་བྱད་ཕུར་དགྲ་རྐུན་ཁ་དམེ་སོགས།། མི་མཐུན་རྒུད་པའི་ཉེར་འཚེ་མ་ལུས་པ།། མྱུར་བར་ཞི་ཞིང་བཟློག་པའི་ལས་ཀུན་སྒྲུབས ……”དེ་ལྟར་བསང་འབོད་གཏོང་བཞིན་སྙན་པའི་དུང་བུས། གྲགས་པའི་རླུང་རྟ་བསྐྱོད་ཅིང་མཆིས།
        ཡུད་ཙམ་འགོར་མཐར་ཁོ་ཚོས་ཕྱིར་སྡོང་རྒན་ཁར་ཡོང་བ་དང་། དེ་རུ་ངལ་གསོས་ཏེ་ནོར་ལུག་མིག་གིས་འཚོ་བཞིན་ལབ་གླེང་བྱེད་བཞིན་གདའ། ཡུན་རིང་མ་སོང་བར་བདེ་ལེགས་མིག་ལམ་དུ་མངོན་པ་ནི་མ་གིའི་ནགས་ཕྱུག་ལུང་བའི་སུ་རུ་ཅན་གྱི་ལུང་ཆུང་དེའི་མདོ་ཁ་རུ་བབས་ཡོད་པའི་སྦྲེའུ་ཀླད་ནག་དེ་རེད། སྦྲེའུ་ཀླད་ནག་དེ་སུ་ཚང་ཡིན་ནམ།
        “བདེ་ལེགས། སྒྲོན་མཚོ་དང་ཁྱོད་གཉིས་ཀྱི་འབྲེལ་བ་ཅི་འདྲ་ཡིན།”སྐལ་ལྡན་གྱིས་མ་རབས་དང་འདྲེས་མའི་མིག་ཟུང་དེ་བདེ་ལེགས་ཀྱི་གདོང་ལ་ཅེར་ནས་བསྡད། སྐབས་དེར་རྒྱང་རིང་གི་རི་ཚོགས་ལ་བལྟས་ནས་བསྡད་ཡོད་པའི་ཁྱུང་སྐྱིད་མཚོས་ཀྱང་མིག་ཟུང་ཕྱིར་བསྡུས་ཏེ་བདེ་ལེགས་ཀྱི་གདོང་ལ་བལྟས་ནས་ཅི་ཞིག་བཤད་པར་རེ་སྒུག་བྱེད་བཞིན་འདུག  
        བདེ་ལེགས་ཀྱིས་མཆུ་ཏོས་སྒྲོལ་མ་སྐྱབས་སྟོན་ཙམ་བྱས་ནས་སྐལ་ལྡན་ལ་མིག་བརྡ་ཞིག་བྱས་སོང་།
        སྤྱིར་སྐལ་ལྡན་གྱིས་བདེ་ལེགས་ལ་དོན་དག་དེའི་ཕྱོགས་ཁ་འདྲི་གཏིང་འདྲི་ཞིག་བྱེད་འདང་ཡོད་ན་ཡང་། སྒྲོལ་མ་སྐྱབས་ཀྱིས་ཤེས་པར་དོགས་ནས་མུ་མཐུད་དུ་འདྲི་རོགས་མ་ཆོད། རྒྱ་ཆེའི་ཀློག་པ་པོ་རྣམ་པ་ལགས། ཁྱོད་ཅག་གིས་སྐལ་ལྡན་ངོ་ཤེས་སམ། སྐལ་ལྡན་ནི་ཨ་ཁུ་རབ་བརྟན་ཚང་གི་བུ་ཆེ་བ་རེད་ལ་བདེ་ལེགས་ལས་ལོ་ལྔས་ཆུང་།  ཡིན་ན་ཡང་། ད་ལྟ་ཁོ་ལ་ཆུང་མ་བླངས་ཡོད་པར་མ་ཟད། བྱིས་པའང་གཉིས་གསོས་འདུག    ཁོའི་སྐྲ་ལོ་འཇིལ་ལི་ལྟར་འཁྱིལ་ཡོད་པས། “ཚར་མགོ”་དང་། མ་ནེའི་སྟེང་དུ་ཁ་སྤུ་ཐར་ཐོར་ཞིག་ཡོད་པས། “ར་རྒན་རྒྱ་ཐོ”་ཡང་ཟེར། མཚང་འདི་དག་ནི་དར་ལུང་སྡེ་བའི་ཆེ་རྒན་པ་རྣམས་ཀྱིས་ཆེད་དུ་བཏགས་པ་མ་ཡིན་ལ། ཆུང་བྱིས་པ་རྣམས་ཀྱིས་པྲ་ཆལ་གྱིས་བཏགས་པའང་མ་ཡིན་པར། རྒྱུན་དུ་ཕྱུགས་རྫིར་འགྲོ་བཞིན་པའི་རྫི་བོ་རྣམས་ཀྱིས་ཁོ་ལ་ཀུ་རེ་རྩེ་ཞོར་བཏགས་པ་ཡིན་མོད། ཡིན་ནའང་། རིམ་བཞིན་གཅིག་གིས་བཅུ་ལ་བཤད། བཅུ་ཡིས་ཉི་ཤུར་བཤད་པས། སྡེ་བའི་མི་ཚང་མས་ཀྱང་ཁོའི་མིང་ནས་འབོད་དུས་མཚང་མིང་དེ་དག་ལས་གང་བདེར་འབོད་པ་རེད། སྔོན་ཆད་ཡིན་ན་མི་ཞིག་གིས་ཁོ་ལ་དེ་ལྟར་བོས་ཚེ། ངོ་གནག་ནས་ནས་སྤོ་ལང་ཁུལ་བྱེད་པའམ་ཡང་ན་མགོ་གཅུད་ནས་ངོ་ཚ་ཁུལ་བྱེད་མོད། ད་ལྟ་བཤད་མཁན་ཚོའི་ཁ་རུ་བྱང་བ་དང་ཉན་མཁན་གྱི་རྣ་རུ་ལོབས་པ་བཞིན་སྐལ་ལྡན་གྱིས་ཀྱང་སྣང་དོགས་དེ་འདྲ་མི་བྱེད།
        དེ་ནས་སྐལ་ལྡན་གྱིས“སྒྲོལ་བྷ། ངས་ཁྱོད་ལ་ཁེད་ཅིག་འདྲི། ཁྱོད་ཀྱིས་ཨེ་ཁེད་ལྟོས། ”ཟེར།
        སྐབས་དེར་ཁྱུང་སྐྱིད་མཚོས་ཀྱང་སྐེ་མདུན་དུ་བསྲིངས་ཡོང་སྟེ། “ཁྱོད་ཀྱིས་དྲིས་དང་། བདེ་ལེགས་དང་ངེད་གསུམ་པོས་ཨེ་ཁེད་བལྟ”ཟེར།
        སྐལ་ལྡན་གྱིས་འདང་ཞིག་བརྒྱབ་རྗེས“ཨིན། ཆོག་གི”ཟེར་བ་དང་། སླར་ཡང་མ་མཆུར་སོ་བཏབ་ནས་མིག་གིས་ལབ་ཙེ་མདུན་གྱི་བསང་ཁྲི་ལ་བལྟ་ཙམ་བྱས་རྗེས“སྒང་གི་ཐབ་ཀ་ཁོག་མེད་མ།། ལྷ་ལ་མ་གཏོགས་ཇ་མི་བསྐོལ།། ཅི་ཁེད”ཟེར།
        སྒྲོལ་མ་སྐྱབས་ཀྱིས་ཁ་གང་སྔའི་ཚུལ་གྱིས་“ཐབ་ཀ་རེད་”ཟེར།
        “ཧི་ཧི  ཐབ་ཀ་མ་རེད། ”
        ཁྱུང་སྐྱིད་མཚོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡང་ཡིད་ལ་ཨ་ཁུ་འཇམ་བྷེའི་རྭ་ཙེ་མ་གཏོགས་འཆར་རྒྱུ་གང་ཡང་མ་བྱུང་བས“རྭ་ཙེ་རེད ”ཟེར།
        “ཧ་ཧ   རྭ་ཙེ་མ་རེད།”ཟེར།  
        ཁྱུང་སྐྱིད་མཚོས་རྭ་ཙེ་རེད་ཟེར་བ་དེས་ཁོ་ཚོ་ཚང་མ་དགོད་ཁ་ཤོར་ནས་བརྒྱལ་ལ་ཁད་རེ་བྱས་སོང་། སྐལ་ལྡན་དང་བདེ་ལེགས་གཉིས་ད་རུང་རང་རང་ས་ན་བགད་ནས་འཕག་ར་བྱེད་བཞིན་ཡོད་ལ། ཁྱུང་སྐྱིད་མཚོ་ལྷུག་ལྷུག་དགོད་བཞིན“རྭ་ཙེ་མ་རེད་དམ། དེས་ན་ཅི་རེད། ”ཟེར་ཞོར་ཁོ་གཉིས་ཀྱིས་དགོད་མཚམས་གཅོད་ཅི་ཐུབ་བྱེད་ཀྱིན་མཆིས།  སྒྲོལ་མ་སྐྱབས་ཀྱིས་སེན་མོའི་ནང་གི་ནག་དྲེག་འདྲད་བཞིན“དེས་ན་མི་ཤེས”ཟེར།
        དེ་ནས་སྐལ་ལྡན་གྱིས་མིག་ཆུ་འབྱིད་ཞོར“བསང་ཁྲི་རེད”ཟེར།
        ཁྱུང་སྐྱིད་མཚོ་དང་སྒྲོལ་མ་སྐྱབས་གཉིས་ཡ་མཚར་སྟེ “ཨ” ཟེར་ཞོར་མཉམ་དུ་མིག་གིས་དར་སྐུད་ཅིག་གི་དཀྲིས་བཤིག་གིན་ཡོད་པ་ལྟ་བུའི་བསང་དུད་དལ་ལྷོད་ལྷོད་ཀྱིས་རྒྱུ་བཞིན་ཡོད་པའི་བསང་ཁྲིའི་ཕྱོགས་སུ་ཅེར་འདུག 
        “……” 

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།