logo

རྩྭ་ཐང་གི་རྨི་ལམ།

རྩོམ་པ་པོ།:ཀླུ་ཚང་བྱམས་པ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-30 ཀློག་གྲངས།:
        དེའི་ཕྱི་ཉིན་ཉི་རྩེ་དབང་ཕྱོགས་ས་འཛིན་གྱི་ཕྲག་སྟེང་ནས་དལ་གྱིས་འཕགས་དུས། རྩེ་འདུས་ལུང་བའི་ཕུ་མདོ་བར་གསུམ་དུ་རླུང་ལྟར་ཕྱོགས་ཀུན་ཏུ་ཁྱབ་པའི་སྐད་ཆ་ནི་སློབ་ལོ་རན་པའི་བྱིས་པ་དག་ཉིན་ལྔའི་རྗེས་སུ་སློབ་གྲྭར་ཐོན་དགོས་ཚུལ་དང་། དུས་ལྟར་སློབ་གྲྭར་མ་ཐོན་ན་ཆད་པ་ནན་མོ་གཅོད་ཚུལ་གྱི་གནས་ཚུལ་དེ་རེད། ཤ་གཟན་དང་སྒོར་མོའི་ཆད་པ་གཅོད་རྒྱུ་ནི་གོང་རིམ་སྲིད་གཞུང་གིས་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་མི་སྐྱེལ་བའི་ཁྱིམ་བདག་རྣམས་ལ་སློབ་གསོ་གཏོང་སྤྱད་ཀྱི་བྱེད་ཐབས་ཤིག་ཏུ་གྱུར་འདུག་མོད། དོན་གྱིས་དེ་ནི་བྱིས་པ་རྣམས་ལ་ཤ་ཚ་བ་མ་ཡིན་ཏེ་གོང་དཔོན་པོ་རྣམས་ཀྱིས་རང་ཉིད་ཀྱི་ལྟོ་བ་འགྲངས་ཆེད་ཀྱི་གཡོ་ཐབས་ཤིག་ཏུ་སྣང་།  སྐད་ཆ་དེས་ཨ་མ་སྒྲོན་སྐྱིད་ལ་སྤྲོ་དགའ་དང་རྒྱལ་ཁའི་ཚོར་བ་ཞིག་སྦྱིན་ཡོད་པ་དེ་ཁོ་མོའི་འཛུམ་དམུལ་དམུལ་གྱི་ངོ་གདོང་ལས་ཀྱང་རྟོགས་འོང་། རྒྱུ་མཚན་ནི་ཐེངས་འདིར་ཁོ་མོའི་ཚེ་འདས་ཁྱོ་གའི་ཁ་ཆེམས་ཇི་བཞིན་སྒྲོལ་མ་སྐྱབས་སློབ་གྲྭར་བསྐྱལ་ཐུབ་པའམ་སྒྲོལ་མ་སྐྱབས་ཀྱི་མདུན་ལམ་ལ་བཅངས་པའི་རྨི་ལམ་དེ་མངོན་འགྱུར་བྱུང་ཐུབ་པས་རེད། ཉིན་དེ་ནས་བཟུང་ཁོ་མོས“ད་འགྲིག་སོང་། བྱ་ལམ་ལ་བུད་སོང་། ཨེ། ད་གཡང་མཚོ་ཡང་ཡུལ་ལ་ཐེངས་གཅིག་ཡོང་ཐུབ་ན་རེད། ཨེ། གཡག་ལུང་སྡེ་བ་ད་དུང་སྟོན་མཚེར་ལ་ཐོན་མེད་པ་འདྲ”དེ་ལྟར་མཚམས་རེར་གོང་གི་སྐད་ཆ་འདི་དག་བསྐྱར་ཟློས་བྱེད་བཞིན་སུ་ཞིག་ལ་འདྲི་ཡི་ཡོད་པ་ལྟར་ཆིག་ལབ་རེ་བྱས་འོང་།   ཡིན་ནའང་གཏམ་དེས་བདེ་ལེགས་དེ་ལས་ལྡོག་སྟེ་སྐྱོ་སྣང་དང་སུན་སྣང་གི་ཚོར་ཤེས་ཤིག་བསྐྱེད་འོང་པ་སྟེ། འདས་སོང་གི་ལོ་ཟླའི་ནང་རང་ཉིད་ཀྱི་ལུས་དང་གྲིབ་མ་ཇི་བཞིན་ནོར་ལུག་འཚོ་རོགས་བྱེད་པའི་སྒྲོལ་མ་སྐྱབས་འདི་ལྟར་སློབ་གྲྭར་བུད་སོང་ན་རང་ཉིད་ཀྱིས་ཁེར་རྐྱང་ངང་རྫ་ལུང་དང་རི་ལུང་ལ་གོམ་པའི་འདེགས་འཇོག་བསྒྱུར་དགོས་པས་རེད།  དོན་དག་གང་མང་ཞིག་ཡིད་ལ་དལ་གྱིས་འཁོར་ཞིང་རང་ཉིད་ལ་ཆུང་མ་ལེན་རན་ཡིན་པ་མ་ཟད་འཕྱིས་ཀྱང་ཡོད་པའི་ཚོར་ཤེས་ཞིག་གིས་ཡང་བསྐྱར་མིག་ཟུང་གིས་མཐའ་ཡས་པའི་རྩྭ་ཐང་ལ་ལྟ་དགོས་ཤིག་བྱུང་སོང་།
        ཞོགས་པའི་ཉི་ཟེར་གྱི་འོག་ཏུ་ཟིལ་བས་བརླན་པའི་རྩི་མགོ་ཐམས་ཅད་འོད་ཀྲིག་ཀྲིག་ཏུ་འཚེར་གྱིན་ཡོད་ལ། ཅུང་ཐག་མི་རིང་བའི་ས་དེ་ན་སྟོན་རླུང་ལྡང་བ་དང་ལྷན་དུ་སྙེ་མའི་མགོ་ལྕོག་རྦ་རླབས་ལྟར་གཡོ་བ་དེས་ཞིང་བ་རྒན་པོར་ལོ་ལེགས་བསྡུ་རན་པའི་གཡབ་མོ་སློང་བ་དང་ཀུན་ནས་མཚུངས། ད་དུང་རྒྱང་རིང་གི་རི་ཚོགས་རྩེ་ན་དར་གོས་ལྟར་སྲབ་པའི་ན་བུན་ཞིག་ཀྱང་ཁད་ཀྱིས་མཁའ་རུ་རྨེལ་འདུག
        དེ་རིང་གཡུ་གཞུང་ཤང་གི་སློབ་འབྲིང་གཙོ་བྱས་གཞི་རིམ་སྡེ་བ་སོ་སོའི་སློབ་ཆུང་དག་ཀྱང་སློབ་འགོ་ཚུགས་སོང་། ཞོགས་པའི་ཉི་གཞོན་དྲོན་མོ་དེས་སློབ་གྲྭར་འགྲོ་བའི་བྱིས་པ་དག་གི་ཕུགས་བསམ་ལ་བསུ་མ་བྱེད་པ་དང་འདྲ་ལ། རྩེ་འདུས་ལུང་པའི་ཆུ་སྒྲ་སྙན་མོ་དེས་ན་ཆུང་བྱིས་པ་དག་ལ་རེ་བ་དང་ཡིད་ཆེས་ཀྱིས་སྐྱེལ་མ་བྱེད་པ་དང་ཡོངས་སུ་མཚུངས།
        སྤྱིར་དར་ལུང་སྡེ་བར་མཚོན་ན། ད་རག་བར་དུ་རྒྱལ་ཁའི་ངང་དམའ་འབྲིང་མཐར་ཕྱིན་མཁན་ཉིན་མོའི་སྐར་མ་བཞིན་ཤིན་ཏུ་དཀོན་པའི་ཚད་དུ་གདའ།  དེ་མཐར་གཏུགས་ན་ཕ་མ་རྣམས་ཀྱིས་ཀྱང་སློབ་གསོ་ལ་མཐོང་ཆེན་མ་བྱས་པའི་རྐྱེན་ཡང་ཡིན་སྲིད་དེ། སློབ་གྲྭར་སོང་ན་མ་འོངས་པར་སྲིད་ཇུས་གང་འདྲ་ཞིག་ཏུ་འགྱུར་ཚུལ་མི་རྟོགས་པའི་གནས་ལུགས་དང། གཞན་བོད་ཀྱི་སློབ་མ་རྣམས་ལ་རེ་བ་མེད་ཚུལ་གྱི་རྒྱུ་མཚན་བཤད་ནས་སློབ་གྲྭར་མི་སྐྱེལ་བའི་སྣང་ཚུལ་འདྲ་མིན་སྣ་ཚོགས་བྱུང་བ་རེད། ཡིན་ནའང་།  གཞེས་ནིང་དབྱར་ཁར་མཁན་པོ་རིན་ཆེན་ཚང་གིས་དུས་འཁོར་དབང་ཆེན་གསུངས་ཏེ་ས་དེ་གའི་སྐྱེས་ཕོ་མོ་རྒན་གཞོན་རྣམས་ལ་རང་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་སྐྱེས་སྟོབས་ཀྱི་དཔལ་འབར་བའི་བྱིས་པ་དག་རྨོངས་མུན་གྱི་ལམ་དུ་མི་འཁྲིད་པར། ལྔ་རིག་གི་སློབ་གླིང་དུ་བསྐྱལ་ན་དགེ་མཚན་མང་པོ་ཡོད་ཚུལ་གྱི་བསླབ་བྱའི་གདམས་ངག་གནང་བ་དེས་མི་རྣམས་ལ་ཡང་གོ་བསྐོན་བློ་འགུག་གི་ནུས་པ་ཐེབས་པ་དང་གཅིག  གཞན་ན་ནིང་དབྱར་ཁར་སློབ་གཙོ་རིག་བཟང་གི་བུ་བསོད་ནམས་དར་རྒྱས་ཀྱི་གྲུབ་འབྲས་ཀྱིས་འབྲིང་རྒྱུགས་ཀྱི་ཁྲོད་དུ་རྫོང་ཡོངས་ཀྱི་ཨང་དང་པོ་བླངས་པས། རྒྱལ་ས་པེ་ཅིན་དང་རྒྱ་ནག་རི་བོ་རྩེ་ལྔ། ད་དུང་གླང་ཆེན་འགྱིང་རི་དང་བྱང་གི་དགོན་ཆེན་བཞི་བཅས་ལ་ལྟ་སྐོར་དུ་ཁྲིད་པའི་གནས་ཚུལ་དེས་དར་ལུང་སྡེ་བའི་མི་རྣམས་ཀྱི་བསམ་བློ་ལ་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་པ་ཚོར་ཐུབ་སྟེ། ན་ནིང་སྟོན་ཁ་ནས་བཟུང་བྱིས་པ་སློབ་གྲྭར་སྐྱེལ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཁྱིམ་བདག་རྣམས་ཀྱིས་བྱིས་པ་དག་སློབ་གྲྭར་སྐྱེལ་དུས་སློབ་སྦྱོང་ལ་བརྩོན་པ་བྱས་ན་རྗེས་ཕྱོགས་གནམ་གྲུ་ལ་བསྡད་ནས་ནམ་མཁར་ཡང་འཕུར་ཐུབ་པ་རེད་ཅེས་ཁ་ཏ་བྱེད་པ་དང་། མ་འོངས་པར་རང་མི་རིགས་འདི་ལ་ཡང་རེ་བ་ཆེན་པོ་ཡོད་ཚུལ་གྱི་ཁ་བརྡ་སོགས་ཀྱང་དར་ལུང་སློབ་གྲྭའི་དགེ་རྒན་རྣམས་ལ་བྱེད་སྐད། དེ་ལས་དུས་ཀྱི་འཕེལ་འགྱུར་མྱུར་བའི་སྐབས་འདིར་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཡང་གནམ་ས་བླ་འོག་བརྗེ་བ་ལྟར་འགྱུར་བ་ཆེན་པོ་བྱུང་གིན་ཡོད་པ་རྨང་ནས་ཚོར་ཐུབ།
        དེ་རིང་ཡང་ཁ་རྩང་དང་འདྲ་བར་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། རྩེ་འདུས་ལུང་བའི་ཕུ་མདོ་བར་གསུམ་དུ་མཛེས་སྡུག་གི་བཀྲག་མདངས་ཤིག་བཅོས་མིན་དུ་ཤར་འདུག ཁྱིམ་བདག་རྣམས་ཀྱིས་རང་རང་གི་བྱིས་པ་དག་སློབ་གྲྭར་སྐྱེལ་བཞིན་ཡོད་དེ། ལ་ལས་སྦག་སྦག་འཁོར་ལོས་སྐྱེལ་བ་དང་ཁ་ཤས་ཀྱིས་རྟ་ལ་ཞོན་ནས་སྐྱེལ་བ། ཡང་འགའ་ཤས་ཤིག་གིས་རྐང་ཐང་དུ་སྐྱེལ་བཞིན་ཡོད། དེ་བས་ན། བདེ་ལེགས་ཀྱིས་ཀྱང་སྒྲོལ་མ་སྐྱབས་སློབ་གྲྭར་སྐྱེལ་དགོས་པས། སྔ་མོ་ནས་ལུག་ཁྱུ་ལྷས་ནས་ཕུད་དེ་རྩེ་འདུས་ལུང་བའི་ཕུ་ནས་རྩྭ་རྐང་ཆགས་སུ་བཅུག་རྗེས་ཕྱིར་ཡུལ་དུ་ལོག
        ཉིན་གུང་ཡོལ་རྗེས་ཨ་མ་སྒྲོན་སྐྱིད་ཀྱིས་ཡུན་རིང་ལ་ཉར་བའི་ལྭ་བ་དེ་སྒམ་ནང་ནས་བླངས་ཏེ་སྒྲོལ་མ་སྐྱབས་ལ་བསྐོན་པ་དང་། སྒྲོལ་མ་སྐྱབས་ལ་སྐྲ་དང་ཁ་ལག་འཁྲུ་རུ་འཇུག་གིན་ཡོད། བདེ་ལེགས་ཀྱིས་ཁོའི་ཨ་ཕས་ཁོ་ལ་གནང་བའི《ཧོར་གླིང་གཡུལ་འགྱེད》ཀྱི་དཔེ་དེབ་དེ་དང་། ད་དུང་ཁེ་ཉིན་ཨ་ཁུ་འཇམ་བྷེ་རྫོང་མཁར་དུ་འགྲོ་དུས་བསྐུར་སྟེ་ཉོས་འོངས་པའི་འབྲི་དེབ་དང་ཞ་སྨྱུག་དག་དཔེ་ཁུག་ལྗང་ཁྲ་དེའི་ནང་དུ་འཇུག་བཞིན“ཨ་མ་མ་ལོ། སྒྲོལ་བྷར་ཉལ་ཐུལ་དང་ཉལ་གདན་ཁྱེར་དགོས་སམ”ཁྱིམ་གྱི་དོ་ཆའི་འགྲམ་ནས་ཙོག་པར་བསྡད་དེ་སྦྲའི་སྒོ་ཁ་ན་ཡོད་པའི་ཨ་མ་སྒྲོན་སྐྱིད་ལ་དེ་ལྟར་དྲིས།
        “དགོས་ནི་རེད། མ་འཁྱེར་ན་དགུན་ཐོན་དུས་གྲང་ངེས་རེད། འོ། བདེ་བྷོ། གྲུབ་ཐོབ་རིལ་དཀར་དེ་ཡང་དཔེ་ཁུག་ནང་དུ་ཆུགས”ཟེར། ཨ་མ་སྒྲོན་སྐྱིད་ཀྱི་སེམས་ན་རུ་མ་ལྟར་བསྙལ་བའི་རེ་སྨོན་དེ་མངོན་འགྱུར་བྱུང་བ་དེས་ཁོ་མོར་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་སྦྱིན་ཡོད་ན་ཡང་། སྤྲོ་སྣང་དེའི་གསེབ་ནས་ནམ་ཡང་འགེབ་མི་ཐུབ་པའི་སེམས་ཁུར་ཞིག་ཀྱང་རང་ཤུགས་ཀྱིས་མངོན་འདུག
        ཨ་མ་སྒྲོན་སྐྱིད་ཀྱིས་སྒྲོལ་མ་སྐྱབས་ལ་དགེ་རྒན་གྱི་ཁ་ཏར་ཉན་དགོས་ཚུལ་དང་སློབ་གྲྭའི་ཕྱི་རོལ་ཏུ་གང་རུང་དུ་འགྲོ་མི་ཉན་ཚུལ། སློབ་གྲོགས་བར་མཐུན་སྒྲིལ་བྱེད་དགོས་ཚུལ། གཞན་གྱི་དངོས་པོ་བརྐུ་མི་རུང་བ་བཅས་ཀྱི་བསླབ་བྱ་བཏང་བའི་གོ་རིམ་ཁྲོད་ནས་ཁོ་མོས་ནམ་ཡང་སྒྲོལ་མ་སྐྱབས་བདེ་བླག་ངང་འཚར་ལོངས་འབྱུང་བར་རེ་ལྟོས་འཆའ་བཞིན་ཡོད་པའང་གསལ་བོར་རྟོགས་ཐུབ།
        ཨ་ཁུ་མགོན་ལོས“བདེ་ལེགས་ལུག་རྫིར་སོང་ནས་ཕྱིར་མ་ཐོན་ནམ”ཞེས་འདྲི་བཞིན་རྩེ་ཆུར་བརྒལ་ནས་ཨ་མ་སྒྲོན་སྐྱིད་ཚང་ལ་ཡོང་གིན་འདུག
         “ཐོན་འདུག”སྒྲོལ་མ་སྐྱབས་ཀྱིས་སྦྲའི་གྲུ་ཆོན་གྱི་ཕུར་བའི་འགྲམ་ནས་ལྷམ་གོན་བཞིན་ཨ་ཁུ་མགོན་ལོ་ལ་ལན་བཏབ་རྗེས། སླར་ཡང་སྐད་མགོ་ཅུང་མཐོན་པོས“ཨ་ཕ་བདེ་ལེགས། ཨ་ཁུ་མགོན་ལོ་འུ་ཚང་ལ་ཐོན་ཐལ”ཞེས་ཡར་ལངས་ནས་ཉིན་ངོས་ཀྱི་རི་ལྡེབས་སུ་གཤར་གྱིན་པའི་བེའུ་དེ་དག་ཕྱོགས་སུ་བརྒྱུགས་ནས་བུད་སོང་།
        ཨ་མ་སྒྲོན་སྐྱིད་ཀྱིས་སྦྲའི་མར་དབུབ་ཀྱི་ས་གདན་སྔོན་པོ་དེ་སྒོར་བཏིང་རྗེས་ཨ་ཁུ་མགོན་ལོའི་སྔུན་ལ་བུད། དེར་མཐུད་བདེ་ལེགས་ཀྱང་སྦྲའི་སྒོ་ཁར་བུད་ནས་“དེ་རིང་ཉི་མ་དྲོ་གི་ཨང”
        “འོ་ལེ། ཁ་སང་དེ་རིང་གི་ཙད་འདིས་བལྟས་བལྟས་རིག་རིག་ལ་ཕ་གའི་བྲག་ཉིན་གྱི་རྩྭ་སེར་པོར་གྱུར་ཐལ”
        དེ་ནས་ཨ་མ་སྒྲོན་སྐྱིད་ཀྱིས་ཇ་དཀར་ཡོལ་གང་བླུགས་ནས་ཨ་ཁུ་མགོན་ལོའི་ལག་ཏུ་གཏད། ཨ་ཁུ་མགོན་ལོའི་དཔྲལ་གཉེར་གསེབ་ནས་འོད་འཚེར་བའི་རྔུལ་ཆུའི་ཐིགས་པ་འགའ་འཛུམ་པ་དང་འབྲེལ་རྔུལ་ཆུའི་ཐིགས་པ་དེ་དག་ཀྱང་རི་གཟར་ནས་ལྷུང་བའི་རྦབ་རྡོ་ནང་བཞིན་སྨིན་མ་བརྒྱུད་ནས་ཐད་ཀར་དཀར་ཡོལ་གྱི་ནང་དུ་ལྷུང་སོང་། ཡིན་ནའང་ཨ་ཁུ་མགོན་ལོས་དེར་སྣང་འཇོག་བྱེད་ཀྱིན་མེད་པ་འདྲ་སྟེ།  དཀར་ཡོལ་ཐང་ལ་བཞག་རྗེས་ལི་མོ་དེ་ཡར་འདེད་ཙམ་བྱས་ནས་ལག་པས་དཔྲལ་བའི་རྔུལ་ཆུ་དེ་འབྱིད་ཙམ་བྱེད་ཞོར་ཅི་ཞིག་བཤད་རྩིས་བྱེད་སྐབས། སྦྲའི་ཡར་ཕུག་ཏུ་སྒྲོལ་མ་སྐྱབས་ཀྱི་དངོས་པོ་དག་ལ་སྡུད་གསོག་བྱེད་བཞིན་པའི་བདེ་ལེགས་ཀྱིས“ཨ་ཁུ་མགོན་ལོ། སྒྲོལ་མ་སྐྱབས་ལ་ཉལ་ཐུལ་དང་ཉལ་གདན་འཁྱེར་དགོས་ནི་ཨེ་རེད།”
        “དགོས་ནི་མ་རེད”ཨ་ཁུ་མགོན་ལོས་ཧ་ཅང་ཚིག་ཐག་ཆོད་པའི་སྒོ་ནས་སྐེ་སྦྲའི་ནང་ལ་འཁོར་ནས་དེ་ལྟར་ཟེར་ཞོར་སླར་ཡང“དེང་སང་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་དུ་སོང་བས། བྱིས་པ་འདི་ཚོ་ཟས་རང་འགྲུབ་དང་གོས་རང་འགྲུབ་ཏུ་གྱུར་འདུག ཨེ། ན་ནིང་སྟོན་ཁར་རྨོ་སྐྱུར་རྩྭ་འདེབས་ཀྱི་ཚོགས་འདུ་དེ་འུ་ཚོའི་སྡེ་བའི་སློབ་ཆུང་དུ་འཚོགས་པ་རེད།”དེ་ནས་ཇ་ལ་ཧུབ་གང་བྱས་ནས་མུ་མཐུད་དུ་བཤད་རྒྱུར་“སློབ་གྲྭའི་སྒོ་ཆེན་འཛུལ་མ་ཐག་ལྡུམ་རའི་ནང་དུ་མིང་མི་ཤེས་པའི་མེ་ཏོག་སྣ་ཚོགས། སློབ་ཁང་གི་རྩིག་ལྡེབས་ངོས་སུ་མཐོང་མ་མྱོང་བའི་རི་མོ་སྣ་ཚོགས། རྩལ་སྦྱོང་ར་བའི་ནང་དུ་ལྟ་བས་ཆོག་མི་ཤེས་རྩེད་ཆས་སྣ་ཚོགས……”ཞེས་ལག་པས་གདོང་ལ་བྱིལ་བྱིལ་བྱེད་ཞོར་ཧ་ཅང་ཡིད་སྨོན་སྐྱེས་པའི་ཚུལ་དང་བཅས་སྨྲས་བྱུང་།
        ཨ་མ་སྒྲོན་སྐྱིད་ཀྱིས་རིལ་མ་སྒྱེ་ཕྱེད་ཅིག་ཁུར་འོང་སྟེ་སྦྲ་སྒོར་ཕོག་རྗེས། ཧ་ཅང་ཐང་ཆད་པའི་ངང་ “ཤུ། མགོན་ལོ། ཇ་ཐུངས་དང་།”
        “ཡ་ཡ”
        “སློབ་གྲྭ་དེ་རིང་ཚོགས་རྗེས་ནམ་གྲོལ་བ་རེད།”
        “ཉིན་བཅུ་གཉིས་ཀྱི་རྗེས་སུ་གྲོལ་བ་རེད།”
        “ཨ་ཨ། ཅུང་ཙམ་རིང་ཨང་།” བདེ་ལེགས་ཀྱིས་སྦྲའི་མར་དབུབ་ནས་གདན་ཞིག་དྲུད་ཡོང་ཞོར་དེ་ལྟར་ཟེར།
          “འོ་ལེ” ཨ་མ་སྒྲོན་སྐྱིད་ཀྱིས་ཉམ་ཐག་པའི་ངང་ཤུགས་རིང་ཞིག་ཕྱུང་ནས“བདེ་བྷོ་ཁྱོད་ལ་ཇ་ལྡུག”ཅེས་ཡར་ལང་རྩིས་བྱས་པ་ན།
        “ཨ་མ། ཁྱེད་སྡོད་དང་། ངས་བླུགས་ཆོག”
         “……”
         “ཨ་མའི་འཛུམ་ཆུང་ནང་ན།།
           མེ་ཏོག་དཀར་དམར་གཉིས་ཡོད།།
           མེ་ཏོག་དཀར་དམར་གཉིས་ཀ།
           ང་དང་སྲིང་མོ་ཆུང་ཆུང་།། …… ”སྒྲོལ་མ་སྐྱབས་ཀྱིས་དེ་ལྟར་ལེན་ཞོར་བེའུ་དག་མར་གཤམ་གྱི་ཆུ་ཁར་བརྒྱབ་རྗེས་ས་ལྡིང་གནམ་ལྡིང་བྱེད་བཞིན་ཡུལ་ཕྱོགས་སུ་བརྒྱུགས་ནས་འོང་གིན་ཡོད།
         “མགོན་ལོ། ཁྱོས་གན་ལ་ལྟོས་དང་། སྙིང་མ་རྗེ། བདེ་བྷོ།  གཡང་མཚོའི་ཕྱོགས་ཀྱི་སྐད་ཆ་མ་གོ་འམ། ”དེ་ནས་གློ་ལུ་ཞིག་རྗེས“ ཁྱོད་སློབ་གྲྭར་སོང་ལ་ཁོ་ཚོའི་དགེ་རྒན་ལ་ལེགས་པོ་ཞིག་འཆོལ། ”
        “ཡ་ཡ    ཨ་མ། འོ། ངས་ཁྱེད་ལ་བཤད་རྒྱུ་བརྗེད་འདུག  གཡག་ལུང་སྡེ་བ་ཡང་མི་འགྱང་བར་སྟོན་མཚེར་ལ་ཐོན་རྒྱུ་རེད་ཟེར། ”བདེ་ལེགས་ཀྱིས་དེམ་དང་དཀར་ཡོལ་ཞིག་ཁྱེར་ཡོང་ནས་ཨ་ཁུ་མགོན་ལོའི་རྩུབ་ཏུ་བསྡད།
         “……”
        ཕལ་ཆེར་ཕྱི་དྲོ་ཡོལ་འདུག    བསིལ་རླུང་འཇམ་པོ་ཞིག་དལ་གྱིས་ལྡང་གིན་གདའ། བདེ་ལེགས་དང་སྒྲོལ་མ་སྐྱབས་གཉིས་དངོས་སུ་སློབ་གྲྭར་བསྐྱོད་པའི་ལམ་དུ་ཞུགས། ཨ་མ་སྒྲོན་སྐྱིད་སྦྲ་སྒོར་འགྲེང་སྟེ་བདེ་ལེགས་དང་སྒྲོལ་མ་སྐྱབས་གཉིས་མ་གིའི་དེའུ་འབུར་དེའི་ཕག་ཏུ་ཡོལ་རག་བར་བལྟས་འདུག   ཁོ་མོའི་མིག་ལམ་དང་སེམས་ངོགས་སུ་གློག་བརྙན་བཞིན་ཤར་འོངས་པ་ནི་ད་སོ་མར་སྒྲོལ་མ་སྐྱབས་སྦྲ་སྒོ་ནས་གོམ་པ་ལྔ་དྲུག་ཙམ་གྱི་མཚམས་སུ་ཕྱིར་རྒྱུག་ཡོང་སྟེ་ཨ་མ་སྒྲོན་སྐྱིད་ཀྱི་འགྲམ་པའི་སྟེང་ལ་འོ་ཞིག་བྱས་རྗེས་མགོ་བོ་སྨད་ཅིང་མིག་མཐའ་མཆི་མས་བརླན་ཏེ་ལྗིད་ཏིག་ཏིག་གི་གོམ་འགྲོས་བར་ནས་ཕྱི་མིག་འཕེན་གྱིན་ཁོ་མོ་དང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་བའི་ཡིད་སྐྱོ་བའི་རྒྱབ་གཟུགས་དེ་དང་། ཧ་ཅང་ཉམ་ཐག་པའི་སྣང་བརྙན་དེ་རེད།  དེ་དག་གིས་ཁོ་མོར་སེམས་སྐྱོ་བའི་མིག་ཆུ་ཇི་ལྟར་ཤོར་བའང་མ་ཚོར། གཉེར་མའི་ཁེངས་བའི་ལག་པས་མིག་ཆུ་ཕྱིས་རྗེས་ཕྱིར་སྦྲ་ཁྱིམ་དུ་འཛུལ་སོང་།
        དེ་རིང་ཕྱི་དྲོ་ནས་བཟུང་། རྩེ་འདུས་ལུང་པའི་ཕུ་མདོ་བར་གསུམ་ན་སྤྲོ་དགའ་དང་རྩེད་འཇོའི་བརྟས་ཏེ་ཕན་ཚུན་བདའ་རེས་དང་ཆུ་རྩེད་བྱེད་པ། རྩེད་ར་ཕུབ་སྟེ་རྩེད་མོ་སྣ་ཚོགས་ལ་རོལ་བའི་བྱིས་པ་དག་གི་དགོད་སྒྲ་དང་འུར་ཟིང་། རྩེད་འཇོ་བཅས་རེ་ཞིག་གྲག་འགུལ་ཅི་ཡང་མེད་པར་ལྷིང་འཇགས་སུ་གནས་དགོས་པའི་སྣང་བ་ཞིག་ཀྱང་དབང་མེད་དུ་སྟེར་འོང་།
        སྒྲོལ་མ་སྐྱབས་སློབ་གྲྭར་སོང་བ་དེས་ཁོ་མོའི་སེམས་ཀྱི་སྟོང་ཆ་དེ་སྐོང་ཐུབ་སོང་།  ཡིན་ནའང་།  ད་དུང་ཁོ་མོའི་ཡ་ཆུང་ཁོག་ན་ཞོ་གསར་ལྟར་ཆགས་པའི་རེ་བ་གཞན་ཞིག་ལུས་ཡོད་པ་ནི་བདེ་ལེགས་ལ་གང་མྱུར་གྱིས་མནའ་མ་ཞིག་བསླང་རྒྱུ་དེ་རེད།
        ཧ་ཅང་ཁེར་རྐྱང་ངང་གོ་ཁའི་ཡར་སྒྱེད་དུ་བསྡད་ནས་མ་ཎི་འཁོར་ལོ་སྐོར་བཞིན་དངན་པ་ཞིག་དང་ལྷན་དུ་རང་དབང་མེད་པར་བཞུར་འོངས་པའི་མིག་ཆུ་འབྱིད་བཞིན་སྦྲ་ཁྱིམ་དུ་སྐོར་ལྟ་ཞིག་བྱས།  ཅི་འདྲའི་ལྷིང་འཇགས་ཤིག་རེད་ཨང་། མ་ཎི་འཁོར་ལོའི་ཡུ་བའི་སྟེང་དུ་བཏགས་ཡོད་པའི་དྲིལ་ཆུང་དེ་སིལ་སིལ་དུ་གྲགས་བཞིན་ཡོད།  ཁོ་མོའི་སེམས་པར་གལ་ཏེ་བདེ་ལེགས་ལ་མནའ་མ་ཞིག་བླངས་རྗེས་རང་ཉིད་ཤི་ཡང་ཕྱི་མའི་ཡུལ་དུ་མིག་ཟུང་བདེ་བས་ཟུམ་ཆོག  འོན་ཀྱང་རེ་བ་དེ་མ་འགྲུབ་ན……ཁོ་མོའི་འདང་རྒྱག་དེའི་ཁྲོད་ནས་གདོང་གི་གཉེར་མ་ཇེ་མང་དང་གཉེར་མ་རེ་རེའི་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པའི་བག་ཆགས་ཤིག་དབང་མེད་དུ་སྟེར་འོང་།
        སྐབས་དེར་བྱེའུ་མ་ཞིག་གིས་བྱེའུ་ཕྲུག་དག་ཁྲིད་ནས་ལན་རེར་འཕུར་ལྡིང་རེ་བྱས་ཏེ་འབུ་བཟུང་ནས་བྱེའུ་ཕྲུག་དག་ལ་སྟེར་བར་བྱེད་ལ།  ཡང་སྐབས་རེར་ས་ངོས་ནས་ཅི་ཞིག་འཚོལ་གྱིན་ཡོད་པ་ལྟར་བྱེའུ་ཕྲུག་དག་རྗེས་སུ་ཁྲིད་ནས་ཕར་འགྲོ་ཚུར་འགྲོ་བྱེད། ཨ་མ་སྒྲོན་སྐྱིད་ཀྱིས་འདས་སོང་གི་ལོ་ཟླའི་ནང་དུ། རང་ཉིད་ཀྱིས་རང་གི་གཅེས་ཕྲུག་དག་ཇི་ལྟར་བསྐྱངས་ཚུལ་དེ་དྲན་འོངས། དེ་ནི་ནམ་ཡང་སེམས་ངོགས་སུ་བྲག་བརྐོས་ཀྱི་རི་མོ་ཇི་བཞིན་གསལ་ཞིང་། ཁོ་མོའི་ཚེ་སྲོག་གི་རུས་རྐང་འབྱུང་བཞིར་མ་འཐིམ་ན་ནམ་ཡང་བརྗེད་པར་དཀའ་བའི་རང་ཉིད་ཀྱི་བཞུད་སོང་གི་བཤུལ་ལམ་དང་གཅེས་ཕྲུག་ཚོའི་ནར་སོན་གྱི་ལོ་ཟླ་དེ་ཅི་ལ་མིན་ཨང་།  ཁོ་མོས་དེ་ལྟར་སེམས།
        “ ཨེ། ད་སྡོད་རན་མ་རེད། ”ཁོ་མོས་དེ་ལྟར་ཆིག་ལབ་ཅིག་བྱས། “ ཡང་མིན་ན་ངས་བདེ་ལེགས་ཕྱིར་འོང་དུས་དྲི་བར་བྱ།  ཨེ— ངས་ཅི་ལྟར་འདྲི་འམ། ཨ —མིན།— མིན། མགོན་ལོ་འདྲི་རུ་འཇུག  དེ་བྱ།”ཁོ་མོས་བསྟུད་མར་དེ་ལྟར་ཁེར་བཤད་ཅིག་བྱས་པས་མ་ཎི་སྐོར་རྒྱུ་འང་བརྗེད་འདུག  “ང་འདི་ད།”ཁོ་མོས་འདི་ལྟར་རང་ཉིད་ལ་ལེ་བདའ་ཞིག་བྱས་པ་དང་མཐུད་ནས་མ་ཎིའི་འཁོར་ལོའི་ཡུ་བའི་སྟེང་བཏགས་ཡོད་པའི་དྲིལ་ཆུང་དེ་སླར་ཡང་གྲག་འགོ་བརྩམས་བྱུང་།  ཁོ་མོས་མུ་མཐུད་དུ་སྡོང་བོའི་ཤུན་པ་ལྟ་བུའི་ཐོད་ངོས་ཀྱི་གཉེར་མ་མང་པོ་སྦྲེས་ཅི་ཐུབ་བྱས་ནས་བསམ་གཞིག་གཏོང་གིན་རིད་ཅིང་སྐམ་པའི་ལག་པས་སྔར་བཞིན་ཕྲེང་རྡོག་རེ་རེ་ཉུག་ཙམ་ཉུག་ཙམ་བྱེད།  དུང་དཀར་ལུང་བའི་ཆུ་སྒྲ་དེས་ཀྱང་གནའ་བོའི་གཏམ་རྒྱུད་དེ་རྒྱང་རིང་རྒྱང་རིང་གི་ཕྱོགས་སུ་ཁུར་ཅིང་།  རེ་སྨོན་གསར་བ་དང་ཞི་བདེའི་རོལ་དབྱངས་སྙན་མོ་ཞིག་འཇིག་རྟེན་གྱི་ཕང་བ་ནས་ངག་ལ་གྱེར་བཞིན་ཤག་ཤག་—ཤག་ཤག་གིས་བཞུར་འགོ་བརྩམས་པ་དང་ཡང་འདྲ།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།