logo

ཀླུ་ཚང་བྱམས་པ་ཚེ་རིང་གི་མུ་འབྲེལ་སྒྲུང་འབྲིང་དང་སྒྲུང་ཐུང་འོས་སྦྱོར།

རྩོམ་པ་པོ།:ཀླུ་ཚང་བྱམས་པ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-25 ཀློག་གྲངས།:
                                             བརྩེ་དུང་གི་མིག་ཆུ། སྒྲུང་འབྲིང་མུ་འགོད།
                                                                     གཅིག
        གཟའ་ཉི་མའི་ཕྱི་དྲོ་དེར་པད་སྐྱིད་ལ་འཕྲིན་ཡིག་ཅིག་འབྱོར་བྱུང་། ཁོ་མོས་ཡིག་ཤུབས་ཀྱི་སྟེང་དུ་ལྟ་དུས། ཁོ་མོའི་མིང་དང་སྡོད་གནས་ལས་བསྐུར་མཁན་གྱི་མིང་དང་ས་གནས་གང་ཡང་བྲིས་མི་འདུག་པས། བློ་ཉིས་འགལ་གྱི་ཐེ་ཚོམ་ཞིག་སྐྱེས་པ་དང་འབྲེལ་ནས་ཡིག་ཤུབས་ཀྱི་ཁ་འབྱེད་དེ་འཕྲིན་ཡིག་ལ་ལྟ་དགོས་བྱུང་སོང་།
        ཁོ་མོས་ཡིག་ཤུབས་དེའི་ཁ་འབྱེད་ནས་ལྟ་སྐབས། འཕྲིན་ཤོག་དེ་གཉིས་ལྟེབས་བྱས་ནས་བཞག་འདུག་ལ། རྒྱབ་ཤོག་སྟེང་དུ་ཐུགས་རྒྱལ་མ་བཞེངས་ཞེས་པའི་ཡིག་འབྲུ་བཞི་ཅུང་ཆེན་པོས་བྲིས་འདུག ཁོ་མོ་ཨོང་སྟེགས་རྒྱབ་བསྙེས་མ་དེར་འཁེན་ནས་བསྡད་དེ། མཚམས་རེར་མིག་ཟུང་བཙུམས་ཤིང་དཔྲལ་བའི་སྨིན་མ་ཕྱོགས་གཅིག་ཏུ་བསྡུས་ནས་འཕྲིན་ཤོག་སྟེང་གི་ཡིག་འབྲུ་དེ་དག་ལ་ནན་གྱིས་ལྟ་བར་བྱེད་ཅིང་། ཡང་ལན་རེར་མིག་ཁར་ལྷུང་ཡོད་པའི་སྐྲའི་ཉག་མ་དག་ལག་པས་ཟ་འགྲམ་དུ་འདེད་ཙམ་བྱས་ནས་གང་ཞིག་ལ་མནོ་བསམ་གཏོང་བར་བྱེད། དེ་ལྟར་ཁོ་མོས་ཡུན་རིང་ཞིག་ལ་བསམ་བློ་བཏང་མཐར་གཞི་ནས་འཕྲིན་ཤོག་གི་ལྟེབས་བཤིག་ནས་འཕྲིན་ཡིག་གི་ནང་དོན་ལ་བལྟས་བྱུང་།
༄༅ །། བདག་ལ་སྙིང་ཉེ་བའི་པད་སྐྱིད་ལགས།
ཉེ་བར་ཆར་སྐུ་བདེ་འམ།
        སྤྱིར་ཁོ་བོས་སྔ་མོ་ནས་ཁྱོད་ལ་འཕྲིན་ཡིག་ཅིག་བསྐུར་འདོད་ཆེ་མོད། རྐྱེན་གང་མང་གི་དབང་གིས་ད་རག་བར་ལུས་པས་ཁྱོད་རང་ངའི་སྟེང་ལ་འཚིག་པ་མི་ཟ་བར་མཁྱེན་ཞུ། འུ་གཉིས་མཚོན་ན་ཆུང་བྱིས་པའི་དུས་ནས་བཟུང་བེའུ་ཆུང་འཚོས་ཏེ་སྤང་གི་མེ་ཏོག་མཉམ་འཐུ་བྱས་ཤིང་། ལག་ཆགས་ནས་མི་ལོ་བཅོ་ལྔ་ཉི་ཤུའི་སྒོ་གླེགས་འགྲིམ་དུས། འུ་གཉིས་ཀྱིས་བརྩེ་དུང་གི་ཆུ་ཀླུང་ལ་མཛའ་མཐུན་གྱི་གསེར་ཟམ་སྦྲེལ་བ་རེད། འདས་སོང་གི་ལོ་ཟླ་དེ་དག་ལ་ཕྱིར་དྲན་ཞིག་བྱས་ན། བརྩེ་དུང་ཞེས་པ་འདི་གླེང་ན་བརྗོད་མི་ཚར་བ་ཞིག་དང་བྲིས་ན་རྫོགས་མཐའ་བྲལ་བའི་གཏམ་རྒྱུད་ཅིག་ཏུ་འདུག་མོད། འོན་ཀྱང་སེམས་ངོགས་སུ་ཉར་བའི་དམ་ཚིག་རེ་རེ་ངེས་མེད་རྒྱུ་བའི་སྐྱི་བསེར་རླུང་བུ་དང་བསྡེབས་ཤིང་སྙིང་ཁོང་དུ་སྒོམ་པའི་ཞེན་ཆགས་ཟབ་མོ་ཕྱིར་ལྡོག་མེད་པའི་གཞུང་བཞུར་གཙང་བོ་ལ་བསྐུར་བའི་དེ་རིང་། ཁོ་བོས་ཁྱོད་དང་གྱེས་ཕྱག་ཕུལ་བ་ཡིན། རྒྱུ་མཚན་ནི། ད་ལྟ་ཁྱོད་ནི་མིང་དོན་དང་མཚུངས་པའི་སློབ་ཆེན་པ་ཞིག་གམ་ཤེས་ལྡན་པ་ཞིག་རེད་ལ། ང་ནི་རྩྭ་ཐང་གི་མེ་ཏོག་དང་མཉམ་དུ་རྩྭ་ཐང་ནས་འཚར་ལོངས་བྱུང་ཞིང་། རྩྭ་ཐང་གི་ལུག་ཁྱུ་དང་ལྷན་དུ་རྩྭ་ཐང་ནས་རྒས་དགོས་པའི་གནག་རྫི་དཀྱུས་མ་ཞིག་ཡིན་རྐྱེན། འུ་གཉིས་ཀྱི་བར་ཐག་ལ་རི་ཆུ་སྟོང་ཕྲག་ལྟ་བུའི་བར་ཆོད་ཡོད་པའི་ཕྱིར།
        ཁ་བགད་ལེ་འགྲོགས་མྱོང་བའི་དམའ་འབྲིང་གི་འཚོ་བ་དང་ནར་སོན་གྱི་ལོ་ཟླ་དེ་དག་ཡིད་ལ་དྲན་ཐེངས་རེར། འདི་ལྟར་ཡོད་ཚད་འཆར་སྣང་གིས་བསླུས་ཤིང་ཐམས་ཅད་རྨི་ལམ་གྱིས་རྫོགས་དུས། ངའི་ཡིད་ཀྱི་མཚོ་མོར་སྐྱོ་སྡུག་གི་རྦ་རླབས་མི་འཕྱུར་ག་ལ་སྲིད།
        ཡིན་ནའང་། ཁྱོད་དང་འུ་གཉིས་བརྒྱུད་མྱོང་བའི་བརྩེ་དུང་གི་གངས་འདབས་ན་བཞད་པའི་གངས་ལྷ་མེ་ཏོག་རེ་རེ་དང་ཡང་ན་གངས་འདབས་ཀྱི་ན་བུན་ལ་འདྲེས་པའི་དྲན་ཤིང་དང་སྨྲེང་སྐྱོ་རེ་རེ་དེ། ཆེས་མཐའ་མཇུག་གི་རྣམ་ཤེས་ཕྲ་མོ་འདི་གཟུགས་མེད་མཁའ་དབུགས་ཤིག་གིས་གང་དུ་མ་དེད་གོང་དང་། ཆེས་མཐའ་མཇུག་གི་ལྷུ་རུས་སྐྱ་བོ་འདི་གར་ཡོང་མི་ཤེས་པའི་ཆོམ་རྐུན་ཞིག་གིས་འབྱུང་བཞིར་མ་བསྟིམ་སྔོན། བདག་གིས་ནམ་ཡང་ཁྱོད་རང་བརྗེད་པ་མི་སྲིད། ཇི་སྲིད་དུ།
        མཐར་ཁྱོད་ཀྱི་ཕུགས་བསམ་གྱིས་རི་ཆུ་སྟོང་ཕྲག་གི་ཕ་མཐའ་བརྒལ་ཅིང་འབྱུང་འགྱུར་གྱི་འཚོ་བ་ལ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།
ཟླ9བའིཚེས18ཉིན་ཕ་ཡུལ་ནས་དོན་གྲུབ་ཀྱིས།
        འདིར་བལྟས་རྗེས་ཁོ་མོས་འཕྲིན་ཡིག་དེ་སྙིང་ཁར་སྦྱར་ནས་ངུ་ཤུམ་བྱས་པས་འཕྲིན་ཤོག་སྟེང་གི་ཡིག་འབྲུ་རེ་རེའང་བརླན་པར་བྱས་འདུག་ལ། ཕར་བལྟས་ཚོད་ཀྱིས་ཡིག་འབྲུ་དེ་དག་ཀྱང་སྨྲེང་ནས་ངུས་སོང་བ་དང་ཀུན་ནས་འདྲ།
        སྐབས་དེར་ཁོ་མོའི་མིག་ལམ་དུ་ཁོང་གཉིས་ཀྱི་འདས་སོང་གི་ལྷད་མེད་ཀྱི་བརྩེ་བ་དག་དྲན་བྱུང་། ངུས་ཀྱིན་ངུས་ཀྱིན་དུ་ཁོ་མོའི་མིག་ཆུ་ཇེ་མང་དང་ངུ་སྐད་ཀྱང་མཐོ་རུ་ཕྱིན། གལ་ཏེ་ཚུལ་འདི་དོན་གྲུབ་ཀྱིས་མཐོང་ཡོད་ཚེ། དོན་གྲུབ་ཡང་སྟག་ཤར་བ་ཞིག་ཡིན་ཡང་སྐྱོ་བའི་མིག་ཆུ་དབང་མེད་དུ་འཐོར་སྲིད། ཡིན་ན་ཡང་། ད་ལྟ་ཁོ་མོའི་སེམས་ཀྱི་སྡུག་ཡུས་རྟོགས་མཁན་སུ་ཞིག་མཆིས་སམ།
        “ཐག་ཐག …… ” སྒོ་རྡུང་བའི་སྒྲ་དང“ པད་སྐྱིད……” ཞེས་འབོད་པའི་སྒྲ་གཉིས་བསྟུད་མར་གྲགས་པས། པད་སྐྱིད་གློ་བུར་དུ་གཉིད་ལས་སད་པ་ལྟར་བྲེལ་འཚབ་ངང་ལག་ཕྱིས་ཀྱིས་ཁ་ངོ་འབྱིད་ཙམ་བྱས་རྗེས་མྱུར་དུ་སྒོ་འབྱེད་དུ་སོང་།
        “ཨ་ཙི། པད་སྐྱིད། ཁྱོད་ཀྱི་ཁ་ངོ་སྐྲངས་འདུག”
        “སྐྱོན་མེད། ངས་ཕ་ཡུལ་དྲན་ནས་ངུས་པ་ཡིན།”
        “ཅི་ཟེར། ཁྱོད་ཀྱིས་ཕ་ཡུལ་དྲན་ན་ང་བོས་ན་མི་ཆོག་གམ། དོན་མེད་དུ་ངུས་ནས་ཅི་བྱེད།”སྒྲོན་མ་སྐྱིད་ཀྱིས་པད་སྐྱིད་སེམས་སྡུག་བཞིན་ཡོད་པ་ཤེས་ནས་སེམས་གསོའི་ཚུལ་དུ་སྐད་ཆ་དེ་འདྲ་ཞིག་བཤད་རྗེས་མུ་མཐུད་དུ་སྐད་ཆ་ཅི་ཡང་བཤད་མ་སོང་།
        ཁོ་མོས་སྨྲེང་སྐྱོ་དང་སྡུག་ཡུས་ཀྱི་སོ་མཚམས་ནས་ཉི་མ་ཇི་ལྟར་ནུབ་པའང་མ་ཚོར། ཁོ་མོའི་རྣ་ལམ་དུ་བསྟུད་མར་གྲགས་འོང་པ་ནི་གནམ་གྲུ་འཕུར་བའི་ལྡིར་སྒྲ་དང་མཐའ་འཁོར་གྱི་གཞུང་ལམ་ལས་མཆེད་འོང་པའི་རླངས་འཁོར་གྱི་དུང་སྒྲ་དེ་དག་རེད། དེ་རིང་ནི་ཟླ་༩བའི་ཚེས༢༣རེད། མི་འགྱངས་བར་རྒྱལ་སྤྱིའི་དུས་ཆེན་ལ་སླེབས་ལ་ཉེ། རྒྱལ་སྤྱིའི་དུས་ཆེན་ལ་ཉིན་བརྒྱད་དགུ་ལྷག་གི་གནང་བ་ཡོད་ཚེ། ཁོ་མོ་ངེས་པར་དུ་ཕ་ཡུལ་དུ་ལོག་དགོས་པར་སེམས། ཕ་ཡུལ་དུ་སོང་ན་དོན་གྲུབ་ལ་ཐུག་ཐུབ་པའི་ངེས་ཤེས་དེས་སེམས་སྐྱོ་ནས་མཚོ་མོའི་རྦ་རླབས་བཞིན་འཕྱོ་བའི་སྡུག་བསྔལ་དེ་ཡང་རིམ་བཞིན་ཞི་འཇགས་སུ་འགྲོ་བཞིན་གདའ། བསམ་གཞིག་གང་མང་ཞིག་གི་ཁྲོད་དུ་ཁོ་མོས་དོན་གྲུབ་ཀྱིས་བྱིན་པའི་དངུལ་དཀར་གྱི་མཛུབ་དཀྲིས་དེ་ལ་ཅེར་ནས་མིག་ལམ་དུ་ཕྱི་རོལ་ན་ཆར་བ་འབབ་ཀྱིན་ཡོད་པའི་ཚོར་ཤེས་ཤིག་དང་འགྲོགས་ནས་ཁོ་མོའི་འགྲམ་པ་ཡང་འཁྱག་སིབ་སིབ་ཏུ་གྱུར་སོང་། དེ་ལྟར་དུས་ཚོད་ཀྱི་ཐག་སྒྲ་རེ་རེའི་ཁྲོད་ནས་རིམ་བཞིན་སྨག་ཆད་སོང་།
        རྨི་ལམ་ནང་དུ་ཡང་དོན་གྲུབ་ཀྱིས་མཐའ་ཡས་པའི་རྩྭ་ཐང་སྟེང་ནས་འཛུམ་མདངས་དང་རེ་སྙེག་གི་སྤྲོ་སེམས་བཏེགས་ཏེ་པད་སྐྱིད་ཡོད་སའི་གྲོང་ཁྱེར་ལ་ཐོན་ན་ཡང་། ཁོས་སྐད་ཆ་ཅི་ཡང་མི་བཤད་ལ་ཁོ་མོས་ཀྱང་ཁྱོད་བདེ་མོ་ཡིན་ནམ་ཞེས་འདྲི་སྙིང་འདོད་ན་ཡང་མགྲིན་པ་མཆི་མས་བརྣངས་ཏེ་སྐད་ཆ་ཚིག་གཅིག་ཀྱང་ངག་ནས་མ་འཁྲོལ། མཚམས་ཤིག་ལ་དོན་གྲུབ་རྒྱང་རིང་རྒྱང་རིང་ཞིག་ཏུ་གྱེས་བཞིན་ཡོད་པས་ཁོ་མོས་གོམ་པ་ཤུགས་ཀྱིས་སྤོས་ཏེ་དོན་གྲུབ་ཀྱི་རྗེས་བསྙེག་ན་ཡང་རང་ཉིད་ཀྱི་གོམ་འགྲོས་ཇེ་དལ་དུ་སོང་སྟེ་རིམ་བཞིན་སྤོ་རྒྱུ་མེད་པར་གྱུར་ཅིང་། དོན་གྲུབ་ཀྱི་གོམ་པ་དེ་ལས་ལྡོག་སྟེ་ཇེ་མགྱོགས་སུ་སོང་ནས་ཁོ་མོ་དང་རྒྱང་དུ་གྱེས་པ་རེད། བར་སྐབས་དེར་ཁོ་མོས་དོན་གྲུབ་ཀྱི་མིང་ནས་ཇི་ལྟར་བོས་ཀྱང་དོན་གྲུབ་ཀྱིས་ཕྱི་མིག་ཙམ་ཡང་མི་འཕེན་པར་བུད་སོང་བས། ཁོ་མོ་ཨག་རྒྱངས་ཞིག་དང་མཉམ་དུ་གཉིད་ལས་སད་བྱུང་། ཁོ་མོ་སད་དུས་ཞོགས་པའི་ཉི་ཐིག་ཅིག་མལ་ཁང་གི་སྒེའུ་ཁུང་བརྒྱུད་ནས་ཐད་ཀར་ཁོ་མོའི་མལ་ཁྲིའི་སྟེང་དུ་འཕྲོས་འདུག
                                                                     གཉིས།
        དུས་ཚོད་ནི་རླུང་བུ་བཞིན་རྟག་ཏུ་བགྲོད་ཅིང་སྐད་ཅིག་ཙམ་ལ་ཡང་མི་སྡོད་པའི་བདག་ཉིད་ཅན་ཞིག་རེད་ཨང་། ཉིན་བདུན་ལྷག་གི་དུས་ཚོད་དེ་སྐར་ཆ་རེ་རེའི་མདའ་ཁབ་དང་བསྡོངས་ནས་ཤེས་མེད་ཚོར་མེད་ཀྱིས་བཞུད་སོང་།
        ཟླ10བའི་ཚེས1ཉིན་གྱི་ཉིན་གུང་། ནམ་མཁའ་སྔར་བཞིན་སྨུག་སྤྲིན་གྱིས་གཏུབས་ཤིང་། མཚམས་ཚིགས་མེད་པར་གྲགས་འོང་པའི་གནམ་གྲུའི་ལྡིར་སྒྲ་དང་མི་ཚོགས་ཀྱི་འདུ་འཛི་ཆེ་སའི་ཁྲི་འདུ་གྲོང་ཁྱེར་ནས་ཁོ་མོ་མེ་འཁོར་ལ་བསྡད་དེ་དངོས་སུ་ལམ་ལ་ཆས། མཐའ་འཁོར་གྱི་རི་རབ་དང་ལམ་འགྲམ་གྱི་སྡོང་བོ་དག་སྐད་ཅིག་སྐད་ཅིག་ལ་རྒྱབ་ཏུ་བསྐྱུར་ནས་བགྲོད་སྟངས་དེ་ནི་ཞགས་པས་ཟིན་དུ་མེད་པའི་མི་ཚེ་དང་ཅི་འདྲའི་མཚུངས་ཨང་། ཁོ་མོས་འདི་ལྟར་སེམས། མེ་འཁོར་ནང་གི་འགྲུལ་པ་དེ་དག་གིས་འདི་ལྟར་སེམས་བཞིན་ཡོད་དམ། ཁོ་ཚོས་ཕལ་ཆེར་འདི་འདྲ་སེམས་ཀྱིན་མེད་པ་འདྲ་སྟེ། ལ་ལས་མདུན་གྱི་ཅོག་ཙེ་དེའི་སྟེང་དུ་མགོ་བོ་བཞག་སྟེ་གཉིད་དུ་ཡུར་བའམ་ཡང་ན་ལ་ལས་མིག་ཟུང་རིག་རིག་གིས་ཕྱི་རོལ་གྱི་ལྗོངས་རྣམ་ལ་གཡེང་བཞིན་འདུག ད་དུང…… དེ་བས་ན་ཁོ་ཚོའི་འཛུམ་མདངས་ཀྱིས་ཁེངས་པའི་ངོ་གདོང་དེ་ལས་སེམས་ཁུར་བྱེད་བཞིན་པའི་རྣམ་འགྱུར་ཞིག་གཏན་ནས་མཐོང་མ་བྱུང་། འདི་ལྟར་ཟམ་ཆེན་དང་ཟམ་ཆུང་བརྒལ་ནས་རི་ཆེན་དང་རི་ཆུང་གི་ཁོང་གསེང་བརྒྱུད་ནས་ཆས། བསམ་གཞིག་དང་རེ་སྙེག་གིས་གཏམས་ནས་ཕ་ཡུལ་དང་ཕ་ཡུལ་གྱི་རྩྭ་ཐང་ལ་བསྙེག་གིན་ཡོད། རེ་སྙེག་དེ་ལས་ཁོ་མོར་སེམས་ཁུར་དང་སེམས་ཁུར་ལས་འཕྲོས་པའི་སྡུག་ཡུས་ཀྱང་ཡོད་པ་སྨོས་ཅི་ལ་དགོས། ཁོ་མོ་ཕ་ཡུལ་དུ་ལོག་ནས་དོན་གྲུབ་ལ་འཕྲད་དུས་ཐོག་མར་ཅི་ཞིག་ཟེར་རམ། ……དེ་ལྟར་སེམས་ཁོང་གི་སྲུབས་ཀ་གང་རུང་ཐོན་པའི་དྲི་བ་སྣ་ཚོགས་ཤིག་བསྟུད་མར་ཁོ་མོའི་གློ་སྙིང་གི་མཚམས་སུ་འཚངས་ཡོང་།
        དེ་ལྟར་ཁོ་མོ་གཉིད་དུ་ཡུར། རྨི་ལམ་ནང་དུ་ཡང་དོན་གྲུབ་རྫོང་མཁར་དུ་ཁོ་མོ་ལེན་དུ་ཡོང་ཡོད་པ་མ་ཟད་། ཁོང་གཉིས་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་དུ་བསྙེག་གིན་ཡོད་ལ། ཕ་ཡུལ་གྱི་སྟོན་ཁ་ནི་གསེར་ཚོན་གྱིས་བྱུགས་པའི་གོས་ཐང་ཞིག་དང་ཀུན་ནས་མཚུངས་ཨང་། བསིལ་རླུང་དལ་གྱིས་ལྡང་བ་དང་མཉམ་དུ་སྟོན་ཁའི་སྤྲིན་པ་དེ་ཡང་རབ་དཀར་གྱི་ཞོ་གསར་སྤུངས་པ་ལྟར་མཐོ་བརྗིད་ཀྱི་རི་བོའི་རྩེ་མོ་ལ་གཙུག་ཕུད་ཀྱིས་མཛེས་ཤིང་། ཞིང་ཁ་དང་རྩྭ་ཐང་གང་རུང་ན་རྟ་མཆོག་རྒོད་པོའི་ཆིབས་ཁ་བསྒྱུར་ནས་སྒོ་ཕྱུགས་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པའི་ངང་ཚུལ་དེས་གྲོང་ཁྱེར་གྱི་འཚོ་བ་ལ་ཅོ་འདྲི་སློང་བ་ཇི་བཞིན་པད་སྐྱིད་ལ་དགའ་སྐྱོ་འདྲེས་མའི་སྨྲེང་སྐྱོ་རེ་རེ་སྐྱེས་སུ་བཅུག སྐབས་དེར་ཁོ་མོའི་ཕ་མ་གཉིས་ཀྱིས་ཀྱང་འོ་ཇ་འདྲེན་བཞིན་ད་ལོའི་ལོ་སར་གྱི་སྐབས་སུ་ཅིས་ཀྱང་གཉེན་བསྒྲིག་བྱེད་དགོས་པའི་རེ་བ་འདོན་གྱིན་གདའ་བའི་རྨི་ལམ་དེའི་ཞིང་ཁམས་སུ་མྱུལ་སོང་།
        ཁོ་མོ་གཉིད་ལས་སད་དེ་མགོ་བོ་དགྱེ་ནས་ལྟ་དུས་ཞོགས་པའི་ཉི་རྩེ་དེ་ཐད་ཀར་ཁོ་མོའི་མདུན་གྱི་ཅོག་ཙེ་དེའི་སྟེང་དུ་འཕྲོས་འདུག་ལ། མེ་འཁོར་མདུན་དུ་བསྐྱོད་པ་དང་ལྷན་དུ་མདུན་གྱི་ཅོག་ཙེའི་སྟེང་དུ་འཕྲོས་ཡོད་པའི་འོད་ཐིག་དེ་ཡང་འགུལ་ཙམ་འགུལ་ཙམ་བྱེད། ད་ནི་མཚན་ལམ་རིང་མོ་ཞིག་གི་རྨི་ལམ་ཡང་ཡོངས་སུ་མཇུག་རྗོགས་སོང་། ཁོ་མོས་མེ་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་ཏུ་ལྟ་དུས་ཞིང་ཚིགས་བར་ན་རྒུམ་བུ་འཐུ་བཞིན་པའི་ཕུག་རོན་དེ་དག་གིས་མེ་འཁོར་གྱི་དུང་སྒྲ་ཐོས་མ་ཐག་གཤོག་རྡེབ་ལན་འགའ་བྱེད་བཞིན་ཕ་གིའི་གྲམ་གཞུང་བརྒྱུད་ནས་ཅུང་ཐག་མི་རིང་བའི་ཕྱོགས་སུ་འཕུར་སོང་། ཁོ་མོ་དུས་ཡུན་རིང་པོ་ཞིག་ལ་ནང་ལོགས་གྲོང་ཁྱེར་ནས་བསྡད་པའི་དབང་གིས། གློ་བུར་དུ་མདོ་དབུས་མཐོ་སྒང་གི་པང་དུ་ལོག་དུས་དེ་མ་ཉིད་དུ་མཐོ་སྒང་གི་ནམ་ཟླ་འདི་དང་ལེན་བྱེད་ཐུབ་ཀྱིན་མེད་པའི་ཉམས་སྣང་ཞིག་དབང་མེད་དུ་སྟེར་སྟེ། གར་ཡོང་མི་ཤེས་པའི་གྲང་རླུང་ཞིག་གིས་ཁོ་མོར་གྲང་འདར་ལན་འགར་བསླངས་བྱུང་།
        ནམ་མཁའ་འདི་དང་ས་གཞི་འདི་དུད་སྨུག་གི་སེང་རས་ཀྱིས་ཡོངས་སུ་གཡོགས་འདུག་ལ། མིག་གིས་མཐོང་ཐུབ་པའི་མཐའ་འཁོར་གྱི་རི་བོ་དེ་ནི་བགྲེས་པོ་ཞིག་དང་འདྲ་བར་ལྗང་མདོག་གི་འཛུམ་མདངས་ཡོངས་སུ་ཤོར་སྟེ། ད་ནི་ཞོགས་པའི་ཉི་ཟེར་གྱི་འོག་ཏུ་རྐོམ་ཚུགས་ཀྱིས་བསྡད་ནས་སྦག་བཙོག་ཏུ་གྱུར་བའི་རྨ་ཆུའི་བཞུར་རྒྱུན་ལ་བསམ་གཞིག་དང་སེམས་ཁུར་བྱེད་པ་དང་ཀུན་ནས་མཚུངས།
        ཡང་གཅིག་བཤད་ན། གྲོང་ཁྱེར་འདིའི་མཁའ་དབྱིངས་སུ་འཐིབས་པའི་དུད་སྨུག་འདི་ནི་པད་སྐྱིད་ཀྱི་སེམས་ངོགས་སུ་བསྐུངས་པའི་སྡུག་བསྔལ་དང་ཅི་འདྲར་མཚུངས་ཨང་། སྡུག་བསྔལ་འདི་ཡང་རྨ་ཆུའི་རླབས་རྒྱུན་དང་འགྲོགས་ནས་ཁོ་མོ་དང་རྒྱང་རིང་རྒྱང་རིང་ཞིག་ལ་གྱེས་ན་སྙམ་མོད། འོན་ཀྱང་དེ་ནི་རང་དབང་དུ་ཡོང་བ་ཞིག་གཏན་ནས་མ་རེད།
        ཁོ་མོས་དེ་ལྟར་སེམས་བཞིན་སླར་ཡང་སྔར་རྨིས་ཀྱི་རྨི་ལམ་དང་མདང་དགོང་རྨིས་པའི་རྨི་ལམ་གཉིས་ལ་གཤིབ་བསྡུར་ཅིག་བྱེད་མགོ་བརྩམས། རྨི་ལམ་གཅིག་ནི་དོན་གྲུབ་ཁོ་མོ་དང་རྒྱང་རིང་རྒྱང་རིང་ཞིག་ཏུ་གྱེས་པ་དེ་རེད་ལ། གཅིག་ཤོས་ནི་དོན་གྲུབ་ཁོ་མོ་དང་ཁ་ཐག་ཉེ་ས་ཉེ་ས་ཞིག་ཏུ་ཐོན་པ་དེ་རེད། རྨི་ལམ་འདི་གཉིས་ཀྱི་འགལ་འདུའི་ཁྲོད་ནས་ཁོ་མོས་རྨི་ལམ་ནི་འཁྲུལ་སྣང་གི་བདག་ཉིད་ཅན་ཞིག་ཡིན་པས། དེ་ལ་ཡིད་རྟོན་ཅི་ཞིག་ཡོད་ཨང་། དེ་ལྟར་རྣམ་རྟོག་འདྲེས་མའི་རྨི་ལམ་དེ་ལ་གཏན་ནས་ཚོད་བགམ་བྱེད་འདོད་མ་སྐྱེས་མོད། སེམས་ཁོང་གི་སྲུབས་ཀ་གང་རུང་ནས་ལྷགས་པའི་འཆར་སྣང་དང་གནོན་ཤུགས་ཀྱི་གཟུགས་མེད་དངོས་པོ་དེས་ཁོ་མོའི་སེམས་ལ་ཡང་ཡང་དུ་གཙེས་འོང་སྟེ། རྨི་ལམ་དེ་ཡང་མངོན་སུམ་གྱི་བརྙན་རིས་བཞིན་མིག་ལམ་དུ་གཅིག་རྗེས་གཉིས་མཐུད་དུ་ཤར་འོང་།
        མདའ་མོ་རྒྱུད་ལས་ཤོར་བ་ལྟ་བུའི་མེ་འཁོར་དེ་སྔོན་དུ་བཞུད་པ་དང་བསྟུན་ནས། གཞོགས་གཉིས་སུ་ཤར་ལྷོ་ནས་ནུབ་བྱང་གི་མཚམས་སུ་བསྲིངས་བའི་རི་རྒྱུད་དེ་དང་རི་རྒྱུད་དེ་དང་མཉམ་འགྲོ་རུ་བཞུར་བའི་རྨ་ཆུ། ད་དུང་དུད་སྨུག་གི་འཐབ་ར་ན་འཕག་འཚག་རྒྱག་བཞིན་པའི་ལན་གྲུ་གྲོང་ཁྱེར་སོགས་སྐད་ཅིག་ཉིད་ལ་རྒྱབ་ཕྱོགས་སུ་བསྐྱུར་སོང་།
        ཕྱིར་དྲན་དེ་དག་གི་ཁྲོད་ནས་ཁོ་མོ་སླར་ཡང་གཉིད་ལོག་ལོས་འགྲོ་སྙམ་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་ཨང་། ཉི་ཐིག་དེ་འགུལ་ཙམ་འགུལ་ཙམ་བྱས་ཏེ་ཁོ་མོའི་ནག་ལ་སེར་ཤད་ཆེ་བའི་སྐྲ་སྟེང་དུ་ཕོག་ཙམ་ཕོག་ཙམ་བྱེད་པ་དང་། ཆ་ག་མེད་པའི་མིག་ཟུང་དེའི་རྒྱབ་ལྗོངས་ན་རྨི་ལམ་གྱི་བསྐུང་ཚོགས་ལྟ་བུ་ཞིག་སྦས་ཡོད་པའང་རྨང་ནས་ཚོར་ཐུབ།
        “ད་ནི་ཐོན་ལ་ཉེ” ཁོ་མོའི་ཁ་གཏད་དུ་ཙོག་ཡོད་པའི་ཨ་ཡེ་བགྲེས་མོ་དེས་རྒྱ་སྐད་ཀྱིས་དེ་ལྟར་ཟེར།
        “ཨིན ཕལ་ཆེར་ཐོན་ལ་ཉེ ” ཁོ་མོས་ལན་དེ་འདྲ་ཞིག་ལྡོན་བཞིན་མེ་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་དུ་ལྟ་དུས། ད་གཟོད་ཙོང་ཆུ་རིང་མོའི་འབབ་རྒྱུན་དེ་མཐོང་བྱུང་།
        མི་ཚང་མ་རྒས་ཚུལ་འདི་འདྲ་ཞིག་ཡིན་པ་ངེས་གཏན་རེད། ཨ་ཡེ་བགྲེས་མོ་དེའི་མགོ་སྐྲ་ཧ་ཅང་ཐུང་ཞིང་དཀར་པོ་ཁ་བ་ལྟར་གྱུར་ཡོད་པས། གལ་ཏེ་ཁ་བ་ལྟ་བུའི་སྐྲ་དཀར་གྱི་ནང་དུ་སྐྲ་ནག་པོ་ཉག་མ་ཞིག་བཙལ་དགོས་ཚེ། ཧ་ཅང་རྙེད་དཀའ་བའི་ཚོད་དུ་འདུག མིག་ཟུང་གཏིང་དུ་བྱིངས་ཞིང་མིག་ཕྲུམ་དེ་བྲག་སྐྱིབས་ཤིག་དང་འདྲ་བར་ཚུར་འབུར་འདུག ཁ་ནང་གི་མདུན་སོ་དག་ལྷུང་ཚར་འདུག་པས་ལྕེ་དང་སོ་རྙིལ་མ་གཏོགས་མི་འདུག ཅུང་པེང་ཟ་དུས་ཀྱང་ཆུ་ཁོལ་ལ་སྤོད་ནས་རྙིལ་གྱིས་དམུར་དམུར་ལན་མང་བྱས་རྗེས་ད་གཟོད་མིད་པ་རེད། བྱིས་པ་པྲ་ཆལ་ཅིག་གིས་རི་མོ་ཕབ་པ་ལྟར་གཏིང་ཟབ་ཅིང་ཡོ་འཁྱོག་ཤོར་བའི་གཉེར་རིས་དེ་དག་ཐོད་པའི་ངོས་དང་མིག་གི་མཐའ། ཁ་ཡི་འགྲམ། ལག་པའི་ཕྱི་ནང་བཅས་ལ་ཤ་ཤུར་དུ་བབས་འདུག ཁོ་མོས་ཐོག་མར་རང་ཉིད་ཀྱི་ཕ་མ་གཉིས་ཀྱི་མི་ཚེ་ལ་བསམ་གཞིག་དང་། དེ་ནས་རང་ཉིད་ཀྱི་མ་འོངས་པའི་བགྲོད་ལམ་སོགས་ལ་མནོ་བསམ་ཞིག་དབང་མེད་དུ་བགྱིད་དགོས་ཤིག་བྱུང་སོང་།
        “ཨ་ཡེ ཁྱེད་རང་ཟི་ལིང་དུ་འགྲོ་རྒྱུ་ཡིན་ནམ།”ཁོ་མོས་དེ་ལྟར་གུས་བཀུར་གྱིས་དྲིས།
        “ཨིན ངའི་བུ་ཆུང་གིས་ཟི་ལིང་ན་བྱ་བ་གཉེར་གྱི་ཡོད……ང་ཁོར་ལྟ་རུ་འགྲོ་བ་ཡིན……”ད་དུང་སྐད་ཆ་མང་པོ་ཞིག་བཤད་སོང་ན་ཡང་སི་ཁྲོན་གྱི་སྐད་བརྒྱབ་པ་དང་བཤད་པའི་སྐད་ཆ་དག་ཀྱང་ལྡབ་ལྡིབ་ཅིག་ཡིན་པས་གོང་གི་ཚིག་འདི་གཉིས་མ་གཏོགས་གོ་མ་བྱུང་མོད། ཨ་ཡེ་བགྲེས་མོ་དེའི་སོ་རྙིལ་གྱི་བར་ནས་ལྕེ་དེ་དམར་ཡུག་ཡུག་བྱེད་ལ། སྐད་ཆ་བཤད་པ་དང་བསྟུན་ནས་ཤ་ཟད་ཅིང་སྐྱི་མོར་ཐུག་ཡོད་པའི་ཨོལ་གྲོག་དེ་ཡང་འགུལ་ཙམ་འགུལ་ཙམ་བྱེད། ཁོ་མོ་དེ་མུར་ཨ་ཡེ་བགྲེས་མོ་དེའི་སྟེང་ལ་སྙིང་རྗེ་ཞིག་སྐྱེས་པ་དང་། མི་ཚང་མས་གཟུར་མི་ནུས་ཤིང་བརྒྱུད་དགོས་པའི་རྒ་བའི་སྡུག་བསྔལ་འདི་ལ་སྐྱོ་ཤས་ཀྱི་རྦ་རླབས་ཤིག་སེམས་ཀྱི་གཏིང་རིམ་ནས་སྐྱོམ་འོང་།
        ཁོ་མོ་ཨ་ཡེ་བགྲེས་མོ་དེའི་གདོང་ལ་ཅེར་ནས་ཡུན་རིང་ཞིག་ལ་དེ་ལྟར་ལུས་སོང་། ད་ནི་མེ་ལོང་ལྟར་གཙང་བའི་ནམ་མཁའི་མཐོང་མདོག་དེ་གཞི་ནས་མཐོང་བ་ན། རིམ་བཞིན་མགོ་ཐོག་ནས་ཅི་ཞིག་བཤུས་པ་ལྟ་བུའི་སྣང་བ་ཞིག་དབང་མེད་དུ་སྐྱེས་བྱུང་། ད་དུང་གསེར་མདོག་གི་ཁྲི་གདུགས་ཉི་མ་དེ་ཡང་སུ་ཞིག་གི་དྲོད་ཁོལ་ནང་བཞིན་ཡངས་བའི་འཇིག་རྟེན་ལ་རིས་མེད་དུ་འཕྲོས་འདུག ལམ་འགྲམ་གྱི་སྡོང་བོ་དེ་དག་གི་འདབ་ལོ་རེ་རེ་བསིལ་རླུང་འཇམ་པོ་ཞིག་གི་རམ་འདེགས་དང་བསྡོངས་ནས་ས་རུ་ཟགས་ཀྱིན་འདུག་ལ། མེ་འཁོར་གྱི་མགྱོགས་ཤུགས་ཀྱིས་ས་རུ་ལྷུང་ཡོད་པའི་ལོ་མ་དེ་དག་ཕྱོགས་ཕྱོགས་སུ་སྤུར་གྱིན་གདའ། དེ་ནས་ཡུན་རིང་མ་སོང་བར་དགུང་དུ་ཟུག་ཅིང་ཡར་བལྟས་པ་ཙམ་གྱིས་མགོའི་ཞྭ་མོ་ཡང་ལྟུང་ལོས་འགྲོ་སྙམ་པའི་ཁང་བརྩེགས་མཐོན་པོ་དེ་དག་ཀྱང་རེ་རེ་རིམ་བཞིན་མིག་ལམ་དུ་མངོན་ཡོང་དང་འགྲོགས་ནས་མེ་འཁོར་གྱི་འགྲོས་ཀྱང་ཇེ་དལ་དུ་གྱུར་སོང་། འགྲུལ་པ་རྣམས་ཀྱིས་གང་སྔའི་ཚུལ་གྱིས་རང་རང་གི་ཅ་ག་དག་ཕྲག་པར་འཁུར་བའམ་ཡང་ན་ལག་ཏུ་བཟུང་སྟེ། སྐེ་སྒེའུ་ཁུང་གི་ཕྱོགས་སུ་བསྲིངས་ཏེ་མིག་གིས་སྔོན་ལ་ལྟ་བཞིན་མེ་འཁོར་ས་ཚིགས་ལ་མྱུར་ཏུ་སླེབས་པར་རེ་སྒུག་བྱེད་བཞིན་འདུག
        གཞི་ནས་སླེབས་བྱུང་། ཁོ་མོས་ཅ་ག་དག་ལག་ཏུ་བཟུང་ནས་མེ་འཁོར་ལས་བབས་ཏེ་ཐད་ཀར་མི་ཚོགས་ཀྱི་དཀྱིལ་གཤགས་ཏེ་མེ་འཁོར་ས་ཚིགས་ཀྱི་ཕྱི་སྒོར་བུད། མཐོ་སྒང་གི་ཁ་དབུགས་ནི་ཅི་འདྲའི་དྭངས་ཤིང་བསིལ་བ་ཞིག་རེད་ཨང་། ཁོ་མོའི་སེམས་ལ་རང་ཉིད་ཀྱི་ཕ་ཡུལ་གྱི་ཁ་དབུགས་འདི་ལས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་ངེས་ཤེས་རྙེད།
        ཁོ་མོ་ད་དུང་རླངས་འཁོར་འབབ་ཚིགས་ལ་འགྲོ་དགོས་པས། ལམ་འགྲམ་དེ་ནས་གླ་གཏོང་རླངས་འཁོར་ལ་སྒུག་ནས་བསྡད། བསིལ་རླུང་འཇམ་པོ་ཞིག་གིས་ཁོ་མོའི་ཟ་འགྲམ་གྱི་སྐྲའི་ཉག་མ་དེ་དག་ངོ་གདོང་ལ་ཡང་ཡང་དུ་འབྲབ་ཡོང་། ཁོ་མོས་སྐྲའི་ཉག་མ་དེ་དག་སླར་ཡང་ཟ་འགྲམ་དུ་འདེད་ཙམ་བྱས་དང་བསྟུན་ནས་ཅ་ག་དག་ལག་ཏུ་སྒྲུག་ནས་སྤྱི་ལེ་གཅིག་གི་མཚམས་སུ་ཡོད་པའི་གླ་གཏོང་རླངས་འཁོར་དེ་བསྙེག་ནས་འགྲོ་རྩིས་བྱེད་སྐབས།
        “ཨེ བུ་མོ། རླངས་འཁོར་འབབ་ཚིགས་ལ་འགྲོ་རྒྱུ་ཡིན་ནམ” དེ་ལྟར་ཁོ་མོའི་རྒྱབ་ཕྱོགས་ནས་ན་གཞོན་ཞིག་གི་སྐད་ཅིག་གྲགས་ཡོང་།
        ཁོ་མོ་ཕྱིར་འཁོར་ནས་བལྟས་པ་ན། མགོ་སྐྲ་རིང་བོ་ཞིག་བཞག་པའི་ན་གཞོན་དེས་ཁོ་མོ་གཟས་ནས་སླེབས་བྱུང་།
        ན་གཞོན་དེ་ཉེ་སར་སླེབས་དུས། ཁོ་གཉིས་ཡུད་ཙམ་ཞིག་ལ་སྨྲ་བ་མེད་པར་དེ་གར་འགྲེང་ནས་སྡོད་དགོས་བྱུང་སོང་།
        ན་གཞོན་དེས་གདོང་གི་ཤེལ་མིག་དེ་ཡར་འདེད་ཙམ་བྱས་ནས“ཨེ། པད་སྐྱིད། ཁྱོད་གང་ནས་ཐོན་པ་ཡིན”ཞེས་འདྲི་ཞོར་གཞི་ནས་ལག་པ་མདུན་དུ་བསྲིངས་ཏེ་ཁོ་མོར་ལག་འཇུ་ཞིག་བྱས་བྱུང་།
        ཁོའི་མཁྲིག་མར་གྱོན་ཡོད་པའི་གསེར་མདོག་གི་ཆུ་ཚོད་དེར་ཉི་འོད་ཀྱི་བཀྲག་མདངས་ཀྱིས་ཕྱུག་ཅིང་། མགོ་སྐྲ་དེ་ཡང་སྣུམ་ཡུག་གེར་འདུག  ཁོའི་གདོང་གི་འཛུམ་མདངས་དེ་ལས་ཁོ་མོར་གཞི་ནས་དྲན་པ་གསོས་བྱུང་།
        “ཨ་ཙི། རྟ་མགྲིན་མ་ཡིན་ནམ། ང་ཁྲི་འདུ་ནས་ཐོན་པ་ཡིན། ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱིན་ཡོད་དམ།”
        “ངས་འདི་ནས་གླ་གཏོང་བྱེད་ཀྱིན་ཡོད། ཁྱོད་རང་རླངས་འཁོར་འབབ་ཚིགས་སུ་འགྲོ་རྒྱུ་ཡིན་ནམ། ”ཁོས་དེར་མཐུད་ནས་རྒྱ་ལམ་གྱི་ཕར་ཕྱོགས་ལ་མཛུབ་མོས་སྟོན་ཙམ་བྱས་ནས་“ངའི་རླངས་འཁོར་གན་ན་བཞག་ཡོད”ཟེར་བ་དང་། “ད་དུང་རླངས་འཁོར་ནང་དུ་མི་གཅིག་ཆུད་པས། ཁྱོད་ཀྱིས་དངོས་པོ་དག་ཁྱེར་ནས་གན་ལ་སོང་དང་། ང་མྱུར་མོར་ཐོན་ཡོང་”ཟེར་ཞོར་དྲང་ཤ་ལེར་མེ་འཁོར་འབབ་ཚིགས་ཀྱི་སྒོ་མདུན་གཟས་ནས་བུད་སོང་།
        ཁོ་མོས་ཅ་ག་དག་ཡར་སྒྲུག་ནས་རླངས་འཁོར་གྱི་གམ་དུ་ཐོན་དུས། རྟ་མགྲིན་གྱིས་ཀྱང་མི་གཅིག་ཁྲིད་ནས་ཐོན་བྱུང་།
        “……”
        ད་ནི་གཞི་ནས་ཁོ་ཚོ་རླངས་འཁོར་འབབ་ཚིགས་ཀྱི་ཕྱོགས་སུ་བསྐྱོད་མགོ་བརྩམས།
        “ད་ལྟ་ཁྱོད་རང་སློབ་གྲྭ་གང་ལ་འགྲོ་གིན་ཡོད་དམ” རྟ་མགྲིན་གྱིས་བལ་བསླེས་སྟོད་གོས་དེའི་ཕུར་ཁ་ཡར་བརྫེ་ཙམ་བྱེད་ཞོར་དེ་སྐད་དྲིས།
        “ལྷོ་ནུབ་མི་རིགས་སློབ་ཆེན་ན་འདོན་གྱིན་ཡོད” ཁོ་མོས་ལག་པ་གཉིས་ཕུར་ཕུར་འགའ་བྱེད་བཞིན་དེ་ལྟར་ལན་བཏབ་པ་དང་རྟ་མགྲིན་གྱི་གདོང་ལ་ལྟ་ཙམ་བྱས་ནས “ དེས་ན་ཁྱོད་རང་ཟི་ལིང་གྲོང་ཁྱེར་དུ་ཡོང་ནས་ལོ་ག་ཚོད་འགོར་སོང་ངམ། ”ཞེས་དྲིས།
        ཁོས་དངན་པ་ཞིག་ཕྱུང་ཞོར “ དུས་ཚོད་ནི་རླུང་བུ་བཞིན་རྟག་ཏུ་བགྲོད་ཅིང་སྐད་ཅིག་ཙམ་ལ་ཡང་མི་སྡོད་པའི་བདག་ཉིད་ཅན་ཞིག་རེད་ཨང་། ཏག་ཏག་ལོ་བཞི་འགོར་སོང་”ཟེར་ཞོར་མིག་གིས་མདུན་ལ་དྲང་ཐད་དུ་ལྟ་བཞིན་“འོ་རེད། དམའ་འབྲིང་གསུམ་པའི་སློབ་སྐབས་དང་པོའི་སྐབས་སུ་བྲོས་བྱོལ་བརྒྱབ་པའི་ཕྱི་ལོ་ནས་བཟུང་ཟི་ལིང་དུ་ཡོང་བ་ཡིན།”ཟེར།
        གཞུང་ལམ་གྱི་གཞོགས་གཉིས་སུ་སྐྱ་ཐག་གེར་འདུག་པའི་སྡོང་རྒན་དེ་དག་རླངས་འཁོར་སྔོན་དུ་བཞུད་པ་དང་བསྟུན་ནས་སྐད་ཅིག་སྐད་ཅིག་ཏུ་རྒྱབ་ཕྱོགས་སུ་བསྐྱུར་པ་དེ་ནི་དུས་ཚོད་ཀྱི་འགྲུལ་བཞུད་དང་བསྡོངས་ནས་སྐད་ཅིག་ཙམ་ལ་ཡང་དུས་འགྱངས་དང་སྡོད་དབང་མེད་པར་འདའ་བཞིན་པའི་མི་ཚེ་དང་ཅི་འདྲའི་མཚུངས་ཨང་། ཁོ་མོས་དེ་ལྟར་སེམས། རྟ་མགྲིན་གྱིས་ཀྱང་དེ་ལྟར་སེམས་ཀྱིན་ཡོད་པ་འདྲ་སྟེ། ཡུད་ཙམ་ཞིག་ལ་ཁ་བརྡ་མི་བྱེད་པར་དེ་ལྟར་སྡོད་ལ། རླངས་འཁོར་གྱི་སྒྲ་སྒམ་ལས་གྲགས་འོང་བའི་རོལ་དབྱངས་དེ་ཡང་བསྲིངས་འགུག་དང་བཅས་དལ་གྱིས་གྲགས་ཡོང་།
        “སློབ་ཆེན་གྱི་འཚོ་བ་ཅི་འདྲ་རེད་དམ ” ཞེས་འདྲི་ཞོར་ཧ་ཅང་འཁང་ར་དང་བཅས་པའི་མགོ་བོ་འཕྲེད་དུ་གཡུག་ཙམ་བྱེད་ཞོར “སྔོན་ཆད་ང་རང་སློབ་གྲྭར་མ་སོང་བ་དེ་ནི་ཅི་འདྲའི་ནོར་འཆུག་གི་ལམ་ཀ་ཞིག་རེད་ཨང་། སྤྱིར་ང་ཚོ་རོང་འབྲོག་ས་ཁུལ་ནས་ཐོན་པའི་སློབ་མ་སུ་ཡིན་ཡང་། ཧ་ཅང་གུ་དོག་པའི་ཁོར་ཡུག་ཅིག་ནས་ལམ་ལ་ཆས་པ་ཏག་ཏག་ཡིན་པས། མ་འོངས་པར་ཁོད་ཡངས་ཤིང་འོད་སྟོང་འབར་བའི་མཚར་སྡུག་གི་ལམ་ཀ་ཞིག་ལ་བསྐྱོད་ཆོག་ཆོག་རེད། ཡིན་ན་ཡང་། ང་ལྟ་བུར་མཚོན་ན་སྔར་བཞིན་གུ་དོག་ཅིང་བབ་ཆགས་པའི་འཚོ་བའི་ལམ་ཀ་འདི་ཁོ་ན་ལས་རྙེད་མ་བྱུང་། ” དེ་དང་འབྲེལ་སླར་ཡང་དངན་པ་ཞིག་འཐེན་ནས “དཔེར་ན། ད་ལྟ་རང་ཉིད་བརྒྱུད་ཟིན་པའི་བཤུལ་ལམ་ལ་ཕྱི་མིག་ཅིག་གམ་ཕྱིར་དྲན་ཞིག་བྱེད་དུས། ཐ་ན་རང་ཉིད་ཀྱིས་ངོམ་རུང་བའི་མི་ཚེའི་རྐང་རྗེས་འདྲ་བའི་བག་ཆགས་ཙམ་ཡང་མི་འདུག”ཟེར།
        “དེ་འདྲ་ཞིག་མ་རེད། སློབ་ཆེན་གྱི་འཚོ་བ་ནི་སྔོན་ཆད་རང་ཉིད་ཀྱི་རེ་སྒུག་གི་རྨི་ལམ་ཞིག་ཡིན་ན་ཡང་། རྨི་ལམ་དེ་མངོན་འགྱུར་བྱུང་རྗེས་སློབ་ཆེན་གྱི་འཚོ་བ་ཡང་བབ་ཆགས་ཀྱི་འཚོ་བ་ཞིག་ལས་མ་འདས། ”ཁོ་མོས་སླར་ཡང་ལག་པ་ཕུར་ཕུར་འགའ་བྱེད་ཞོར་བཤད་རྒྱུར “ངོ་མ་ཡིན། ང་ལ་མཚོན་ནས་བཤད་ན། སློབ་ཆེན་གྱི་འཚོ་བ་དེ་སྔོན་ཆད་རང་ཉིད་ཀྱི་རྨི་ལམ་དུ་སྨིན་པའི་འཚོ་བ་དེ་དང་བར་ཁྱད་ཆེན་པོ་ཞིག་ཡོད་པ་ངེས་གཏན་རེད། ཡང་ན་ངས་རང་ཉིད་ཡུལ་གང་ནས་ཡོང་བ་དང་ཕྱོགས་གང་ལ་འགྲོ་བའང་ཤེས་ཀྱིན་མེད་པའི་ཚོད་དུ་འདུག”
        བྱང་རིའི་འདབས་རོལ་བརྒྱུད་ནས་ཡུན་རིང་ཞིག་ལ་སོང་བ་དང་། དེ་ནས་ལྷོ་རིའི་ཕྱོགས་སུ་དཀྱོགས་ཏེ་དྲང་ཐད་དུ་ཡུད་ཙམ་ལ་བསྐྱོད་པ་ན། ད་གཟོད་རླངས་འཁོར་གྱི་འགྲོ་འོང་དང་མི་ཚོགས་ཀྱི་འདུ་དགོད་ཆེ་སའི་རླངས་འཁོར་འབབ་ཚིགས་སུ་སླེབས་བྱུང་།
        ཉི་འོད་དྲོན་མོ་དེ་ཐད་ཀར་རླངས་འཁོར་འབབ་ཚིགས་ཀྱི་འཁོར་སྒུག་ཁང་གི་ཐོག་ཁང་དེའི་སྟེང་དུ་འཕྲོས་འདུག ཐོག་ཁང་དེའི་ཀླད་དུ་ཡོད་པའི་རླངས་འཁོར་འབབ་ཚིགས་ཞེས་པའི་ཟངས་མདོག་གི་ཡིག་འབྲུ་དེ་དག་ཀྱང་ཉི་འོད་ཀྱི་འོག་ཏུ་ལམ་ལམ་དུ་འཚེར་བཞིན་འདུག
        རྟ་མགྲིན་གྱིས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་རླངས་འཁོར་ལམ་འགྲམ་དུ་བཞག་རྗེས་འཛུམ་དང་བཅས་ཏེ“ད་ནི་སླེབས་བྱུང་”ཟེར།
        རྟ་མགྲིན་རླངས་འཁོར་ལས་བབས་ནས་གཞུག་སྒམ་ལས་འགྲུལ་པ་རྣམས་ཀྱི་དངོས་པོ་དག་ཕྱིར་བླངས་ཏེ་ལམ་འགྲམ་དུ་བཞག དེ་ནས་འགྲུལ་པ་རྣམས་ཀྱིས་གླ་སྒོར་བྱིན་རྗེས་དངོས་པོ་དག་འཁུར་བའམ་ཡང་ན་ལག་ཏུ་བཟུང་ནས་རླངས་འཁོར་འབབ་ཚིགས་ཀྱི་སྒོ་ཁ་བསྙེག་ནས་བུད་སོང་། ཁོ་མོས་ཀྱང་རྟ་མགྲིན་ལ་སྒོར་ཁུག་ལས་གླ་སྒོར་སྟེར་རྩིས་བྱས་པ་ན། རྟ་མགྲིན་དེ་མ་ཐག་གོམ་པ་ཕྱིར་བཀྱེད་འགའ་བྱས་ནས་“མི་དགོས། འདི་ནི་ངས་ཁྱོད་ལ་རོགས་རམ་བྱས་པ་ཙམ་ཡིན་”ཟེར་བ་མཉམ་དུ་མགོ་སྐྲ་རིང་པོ་དེ་ལྟག་པར་ཤད་ཙམ་བྱེད་ཞོར་“སློབ་གྲོགས་ཕན་ཚུན་བར་རོགས་རམ་ཆེན་པོ་བྱེད་མི་ཐུབ་ན་ཡང་……”
        དེ་ནས་ཁོ་གཉིས་ཀྱིས་དངོས་པོ་དག་ཁྱེར་ནས་རླངས་འཁོར་ས་ཚིགས་ནས་པ་སེ་ཉོས་རྗེས་འཁོར་སྒུག་ཁང་གི་ནང་དུ་ཕྱིན་ཏེ་གང་རུང་གི་འདུག་སྟེགས་ཤིག་ཏུ་བསྡད་དེ་རླངས་འཁོར་ལ་སྒུག
        “དེ་དུས་ཁྱོད་ཀྱིས་ང་ལ་རོང་རྒན་ཁ་སེར་ཞེས་སྡིགས་མྱོང་། ”རྟ་མགྲིན་གྱི་གདོང་ལ་འཛུམ་ཆུང་ཞིག་རྒྱས་བཞིན་དེ་ལྟར་ཟེར།
        པད་སྐྱིད་མགོ་བོ་དགྱེ་ཙམ་བྱས་ནས་“དེ་དག་གླེང་ནས་ཅི་བྱེད། ཁྱོད་ཀྱིས་ཀྱང་ང་ལ་འབྲོག་མོ་རུལ་མ་ཞེས་གཤེ་གཤེ་བཏང་བ་མ་ཡིན་ནམ། ”སླར་ཡང་དགོད་ཙམ་དགོད་ཙམ་བྱས།
        “ཧི་ཧི་ཧི། སྐབས་དེར་ངོ་མ་གླེན་པ་ཟེར་བ་རེད། རོང་འབྲོག་གི་ཁྱད་པར་བཀར་སྟེ་རྡུང་རེས་བྱེད་པའམ་སྡིགས་མོ་བྱེད་རེས་བྱེད་པ་དེ་ནི་གླེན་རྟགས་ཁོ་ན་རེད། དེ་བཤད་ནས་ཅི་བྱེད། ཨེ། ད་ལྟ་ཁྱོད་དང་དོན་གྲུབ་ཀྱི་འབྲེལ་བ་ཅི་འདྲ་ཡིན། སྐབས་དེ་དུས་ཁྱོད་རང་དོན་གྲུབ་ལ་འགྲོགས་ནས་འགྲོ་དུས། ང་ལ་ཞེ་སྡང་དྲག་པོ་ཞིག་སྐྱེས་འོང་། ངོ་མ་ཡིན། ”གདོང་ལ་འཛུམ་ཆུང་ཞིག་རྒྱས་བཞིན་པད་སྐྱིད་ཀྱི་གདོང་ལ་བལྟས་ནས་བསྡད།
        “ཅི་རེད། དེས་ན་གཡང་མཚོ་དང་ཁྱོད་གཉིས་ཀྱི་འབྲེལ་བ་ཅི་འདྲ་ཡིན། ཧི་ཧི”པད་སྐྱིད་ཀྱི་གདོང་ལའང་འཛུམ་ཞིག་རྒྱས་ནས་དེ་ལྟར་ལྡོག་འདྲི་བྱས་སོང་།
        “ངེད་གཉིས་ཨེ ”ཁོ་ལ་ལན་གདབ་རྒྱུ་མ་བྱུང་།
        “……”
        ཕྱིར་དྲན་གྱི་སྐད་ཆ་དེ་ནི་དགོད་བྲོ་བ་ཞིག་རེད་ལ། ཡིད་ཕངས་བ་ཞིག་ཀྱང་ག་ལ་མིན་ཨང་། དེ་གར་ཡུན་རིང་ཞིག་ལ་ལབ་གླེང་བྱས་མཐར། ཁོ་མོས་རྟ་མགྲིན་ལ་གྱེས་བརྡ་ཕུལ་བཞིན་ འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་ལ་ལོག་པའི་ལམ་དུ་ཞུགས།
        སྐབས་འདིར་ཁོ་མོའི་དྲན་ཤེས་ཟབ་མོ་དེ་ཅང་ཤེས་མཐུར་མེད་ཅིག་དང་འདྲ་བར་ཕྱིར་དྲན་དང་བསམ་གཞིག་གི་མུ་མཐའ་བཅད་སོང་།
        ཨ་ཙི། དེ་ནི་དམའ་འབྲིང་གཉིས་པའི་སྐབས་སུ་རྟ་མགྲིན་གྱིས་ཁོ་མོར་འཕྲིན་ཡིག་ཐ་ངེ་ཐུང་ངེ་རེ་བྲིས་ཏེ་སུན་སྣང་ཡང་ཡང་བཟོས་པས། ཉིན་ཞིག་གི་ཕྱི་དྲོར་ཁོ་མོས་རྟ་མགྲིན་སློབ་གྲྭའི་ལུས་རྩལ་ར་བར་བོས་ནས་ཁོས་བསྐུར་ཡོང་བའི་འཕྲིན་ཡིག་དེ་དག་ཕྱིར་སྤྲོད་ཞོར “རོང་རྒན་ཁ་སེར། ཁྱོད་རང་ངོ་མི་ཚའམ། ”ཁོ་མོས་ད་དུང་ཅི་ཞིག་བཤད་རྩིས་ཡོད་ན་ཡང་དེ་མུར་ཁ་ཕྱིར་འཁོར་ནས་འཚུབ་ཡུག་གེར་བུད་སོང་། ཁོ་མོས་དེ་ལྟར་ཟེར་སྐབས་རྟ་མགྲིན་ནི་དགུན་གྱི་ཁུ་བྱུག་བཞིན་ཟེར་རྒྱུས་ཕོངས་བ་དང་མཉམ་དུ་ངོ་གདོང་ཡང་དམར་པོར་གྱུར་སོང་། ཡུད་ཙམ་འགོར་མཐར། ཁོའི་སྨྲ་སྒོ་སུ་ཞིག་གིས་འབྱེད་པ་ལྟར་མིག་གིས་པད་སྐྱིད་ཀྱི་རྗེས་སུ་ལྟ་ཞོར་སྐད་གསེང་མཐོན་པོས “ འབྲོག་མོ་རུལ་མ ཨ རུལ་མ ……”ཞེས་ལན་འགར་དམོད་ཀྱང་། པད་སྐྱིད་ཀྱིས་ཕྱིར་ལྟ་ཙམ་ཡང་མི་བྱེད་པར་སློབ་ཁྲིད་ཐོག་ཁང་གི་ཕྱོགས་སུ་བརྒྱུགས་ནས་བུད་སོང་།
        ཉིན་དེ་ནས་བཟུང་། ཁོང་གཉིས་ཀྱིས་ཕན་ཚུན་ལ་ཁ་གྲགས་མ་མྱོང་བའི་ཁར་ཕན་ཚུན་ལ་སྡང་སེམས་བཟུང་ནས་དེ་ལྟར་གྱེས་སོང་བ་རེད། དེ་རིང་འདི་ལྟར་གློ་རྡེག་ལ་འཕྲད་ཡོང་བ་འདི་ཡིད་ཀྱི་དགུ་ལའང་མ་དྲན། ཁོ་མོས་དེ་ལྟར་སེམས་བཞིན་ངོ་གདོང་ཚ་ལམ་ལམ་དུ་གྱུར་བ་དང་སྔར་བྱས་ལ་ཕངས་སེམས་ཤིག་ཀྱང་སྐྱེས་བྱུང་། དེ་རིང་གློ་བུར་དུ་འཕྲད་དུས་ཁོང་གཉིས་ཡུན་རིང་ཞིག་ལ་སྨྲ་བ་མེད་པར་དེ་གར་འགྲེང་ནས་སྡོད་དགོས་པ་དེ་ལ་ཡང་རྒྱུ་མཚན་གཏན་ནས་མེད་པ་ཞིག་ག་ལ་ཡིན་ཨང་།
        ཕ་ཡུལ་གྱི་སྟོན་ལྗོངས་ནི་གསེར་ཚོན་བྱུགས་པ་ལྟར་ཡིད་དུ་འོང་པ་ཞིག་རེད་ལ། རྨི་ལམ་དུ་འཁོར་བའི་ལྗོངས་རྣམ་དེ་དང་ཡང་ཨ་ན་མ་ན་རེད། ཡིན་ན་ཡང་། རྟག་ཏུ་རྨི་ལམ་ནང་དུ་ཕེབས་པའི་སྙིང་ཉེ་བའི་མི་དེ་སྔར་བཞིན་མཐོང་མ་བྱུང་།
        ཁོ་མོ་ཡུལ་དུ་འབྱོར་དུས་ནི། རྫི་བོ་རྣམས་ཀྱིས་ཁ་ཤུ་འདེབས་བཞིན་ནོར་ལུག་ལྷས་ལ་སྐོར་བཞིན་པའི་སྐབས་ཏེ། ཉི་འོད་ཀྱི་ཟེར་མ་ལྷག་འཕྲོ་ཞིག་ཆུ་ལྷའི་ཕྱོགས་ཀྱི་རི་བོ་དེའི་ཕྲག་སྟེང་བརྒྱུད་ནས་ཤར་ལྷོའི་མཚམས་ཀྱི་རི་བོ་མཐོན་པོ་རེ་རེའི་རྩེ་མོར་འཁྱུད་འདུག དེ་ནི་གསེར་མདོག་གི་ཉི་འོད་དེས་མཛེས་སྡུག་གི་སྟོན་ལྗོངས་ལ་ཞེན་ཆགས་ཀྱི་ཕྱི་མིག་འཕེན་པ་དང་འདྲ་ལ། ཉིན་གཅིག་གི་བསྐྱར་ཟློས་ཀྱི་འཚོ་བ་ལ་གྱེས་བརྡ་གཏོང་བཞིན་པ་དང་ཡང་མཚུངས། ཡང་ན་དེ་ནི་ཁོ་མོས་སྙིང་ཉེ་བའི་དོན་གྲུབ་ལ་རེ་སྒུག་བྱེད་པ་དང་འདྲ་ལ། དེ་རིང་རྟ་མགྲིན་ལ་རླངས་འཁོར་ས་ཚིགས་ནས་གྱེས་བརྡ་ཕུལ་བ་དེ་དང་ཡང་ཀུན་ནས་མཚུངས་བའི་འདུ་ཤེས་སྟེར།
        “……”
        ཁྱིམ་མི་ལྷན་འཛོམས་ཀྱི་དགོད་སྒྲ་ནི་ཅི་འདྲའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་རེད་ཨང་། ཁོ་མོས་དེ་ལྟར་སེམས། ཁོ་མོའི་ཕ་མ་དང་ནུ་བོ་སོགས་ཀྱིས་ཀྱང་འདི་ལྟར་སེམས་བཞིན་ཡོད་ངེས། ཡིན་ན་ཡང་ཁོ་མོའི་སྙིང་གི་ཚི་ལུ་ལྟ་བུའི་དོན་གྲུབ་ཀྱིས་དེ་ལྟར་སེམས་བཞིན་ཡོད་དམ།
        རིམ་བཞིན་རྒྱང་མིག་ཆད་སོང་། སྒོ་ཁྱིའི་ཟུག་སྐད་དེ་སྟོན་གྱི་རྫི་རླུང་གིས་ཁྱེར་ཏེ་མཚན་མོ་དེའི་སྨག་རིམ་ཁྲོད་ནས་གང་སར་ཁྱབ་ཀྱིན་ཡོད། ཚེས་རིས་འཁྱོག་པོ་དེ་ཡང་དབང་ཕྱོགས་ཀྱི་མཁའ་མཐའ་ན་ཐུར་དུ་བཟུར་འདུག དེ་ནི་པད་སྐྱིད་ཀྱི་རེ་སྒུག་གི་མིག་ཟུང་དང་འདྲ་ལ། མཛེས་སྡུག་གི་རྨི་ལམ་ཞིག་ལ་ངང་སྒུག་བྱེད་པའི་ཁེར་རྐྱང་གི་སེམས་པ་དེ་དང་གཉིས་སུ་མ་མཆིས།
        ཁ་སང་ནི་དེ་རིང་གི་ཕྱིར་དྲན་འབའ་ཞིག་དང་སང་ཉིན་ནི་དེ་རིང་གི་རྨི་ལམ་ཁོ་ན་ཉིད། ཁོ་མོས་དེ་ལྟར་སེམས་བཞིན་གཉིད་དུ་ཡུར་སོང་།
        རྨི་ལམ་དུ་དོན་གྲུབ་ཀྱིས་ཁོ་མོར་མལ་ཁྲིའི་སྟེང་དུ་མཆུ་སྦྱོར་བྱེད་ཅིང་། མྱོས་བུམ་ལ་རེག་སྟེ། ལུས་སེམས་ཀུན་ལ་སྨྲ་མི་ཤེས་པའི་བདེ་ཚོར་གང་ཞིག་བསྐྱལ་ཡོང་། ཡིན་ན་ཡང་ཁོ་མོ་གཉིད་ལས་སད་དུས། ཉི་ཐིག་དེ་སྒེའུ་ཁུང་བརྒྱུད་ནས་ཐད་ཀར་ཁོ་མོའི་སྔས་མགོར་ཕོག་འདུག་ལ། ཉི་ཐིག་དེ་ལས་ཐལ་རྡུལ་མང་བོ་ཞིག་ཧ་ཅང་སྒྱིད་ལུག་ངང་དལ་གྱིས་རྒྱུ་བཞིན་གདའ།

འབྲེལ་ཡོད་འོས་སྦྱོར།