logo

འཆི་མེད་ལགས་ཀྱི་སྙན་ངག

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:བོད་ཀྱི་གྱེར་འདོན་སྤྱི་སྟེགས། དུས་ཚོད།:2022-12-12 ཀློག་གྲངས།:
མགུར་སྡོང་ལོ་མའི་དབྱངས་རྟ།
                                སྐལ་ལྡན་མགུར་སྡོང་ལ་མཇལ་དུས།
འཆི་མེད།
 
ཤེལ་དྭངས་མོ་འཚེར་བའི་ཆུ་ངོགས་ཀྱི་ཟླ་བ།།
འདར་འདར་ནས་བདག་ལ་ཞེད་སྣང་རང་མ་སློང་།།
ལག་ཟིན་མེད་ཤོར་པའི་རི་ཁྲོད་ཀྱི་གནས་ནས།།
ཞེ་སྣང་བ་དགུན་གྱི་དར་ལྕོག་ལ་བསླངས་ཡོད།།

མགོ་ལྕང་ལོའི་ལན་བུ་སྤུ་གྲི་ལ་བསྐུར་ཏེ།།
སེམས་ཆོས་ཉིད་སྟོང་བའི་འཇའ་མདངས་ལ་གྱུར་ན།།
ཡིད་རེ་བ་ཁུར་མོང་ནམ་མཁའ་ནས་བབས་ཏེ།།
བྲ་ཙི་གུ་མི་འཁྱག་ཚང་རྟེན་ཙམ་ཡོང་རོགས།།

ནགས་ལོ་མ་འགུལ་བའི་རླུང་སྒྲ་ལ་མཉན་ན།།
ས་དོག་མོའི་ཁ་ཞེང་གཞལ་ཐབས་ཤིག་མེད་ཀྱང་།།
སེམས་བུམ་པའི་སྒྲོམ་ན་ཤེལ་དཀར་གྱི་རིལ་བུ།།
དུས་རིང་མོ་ཞིག་ནས་གཅེས་གཅེས་ཀྱིས་བསྙོར་ཡོད།།

ལས་ལན་པ་དེད་ན་ཚེ་སྔོན་གྱི་འབྲས་བུ།།
ཁ་སོ་སྒོ་བརྒྱུད་ནས་རི་གཞས་ལ་བསྐུར་ཡོད།།
རྒྱང་ས་མཐའི་མུ་མེད་བྱང་ཐང་གི་གྲུ་ན།།
རོགས་གྲིབ་མར་འགྲོགས་པའི་ལས་དབང་ལ་གཟིགས་རོགས།།

བྲག་རི་བོ་བརྩིགས་པའི་བང་རིམ་གྱི་ཁུད་ན།།
རྡོ་འཁྱགས་པར་གླན་པའི་རང་སེམས་འདི་ཡ་ང་།།
ཚུར་འཁོར་མེད་ལོ་ཟླའི་ཕྲེང་རིང་ལ་བརྒྱུས་པའི།།
ཅི་འདི་མིན་ལས་འདིས་ཡ་ཆུང་ལ་བསྙབས་སོང་།།

ལུས་ཆར་བས་བརླན་པའི་ཨ་ཀར་གྱི་དྲི་ཞིམ།།
མདངས་མིག་ལ་མཛེས་པའི་མེ་ཏོག་གི་ཚོམ་ཕྲེང་།།
ཤེལ་ཟེའུ་འབྲུ་འདེགས་པའི་རྩི་ལྗོན་གྱི་ཟེ་བ།།
མིག་ཕྱི་ལ་འབུར་བའི་གཡུ་སྦྲང་གི་གཤོག་གར།།

སེམས་སྨྲེང་བ་འགུག་པའི་བྱ་སྐད་ལ་མཉན་ཏེ།།
དགུན་དར་གྱི་སྒྲོམ་ལ་ཞེ་སྒུག་གིས་བསྐུངས་པའི།།
ཆུ་སྐམ་པའི་ཉ་མོའི་དངངས་འཚུབ་ལ་བསམས་ན།།
འདབ་སྟོང་ལྡན་སེར་ཆེན་རི་རྩེ་ནས་སྐྱོ་ཡོང་།།

ལས་ཆད་མེད་ཉིན་རྒྱུགས་མཚན་འདུར་གྱི་ཨ་ཐང་།།
ཁྱིམ་འཁོར་བའི་གཞི་ལ་རྫོགས་མཐའ་རང་མ་བྱུང་།།
ནགས་གུར་ཀུམ་ལྕང་ལོའི་ཤིག་ཤིག་གི་རླབས་རིས།།
ཡིད་ངལ་གསོའི་ཞིང་ལ་ད་ལྟ་རང་འཐོབ་ན།།

སྟོད་གན་ན་ད་ཡོད་ད་མེད་ཀྱི་གློག་ཞགས།།
སྨད་འདི་ན་ད་ཡོད་ད་མེད་ཀྱི་སྐྱེ་འཆི།།
དགུན་བུ་ཡུག་འཚུབ་པའི་བར་དོ་ཡི་ཁམས་ན།།
ནག་འཐོམ་མེར་གར་འགྲོ་འདིར་སྡོད་རང་ཨེ་ཡོད།།

ལས་མདུད་པའི་དར་ཐག་ལྷོད་ལྷོད་ཀྱིས་དཔྱངས་ན།།
སེམས་གང་དྲན་གཞུ་མོ་རང་དབང་གིས་ཨེ་ཁུག།
ལྷ་བླ་མའི་ཞལ་རས་དཀར་གསལ་གྱི་དུང་ཟླ།།
དུས་ནམ་ཡང་འོད་དཀར་ཆ་སེ་རང་ཡོད་ན།།

རྗེ་དུས་གསུམ་གཟིགས་པའི་གཡུ་མདོག་གི་ལྷ་མོ།།
ཡིད་གཏད་པའི་མཐའ་མ་བསླུ་བ་རང་མ་གནངས།།
ངའི་མ་འོངས་སྐྱ་ལམ་སྐྱོ་མོ་ཡི་ངོགས་ལ།།
དུངས་ཤིག་ཤིག་འཛུམ་དཀར་བརྩེ་བ་ཞིག་སྟོན་རོགས།།

ལུས་གཟུགས་གཞི་མ་ཐོར་རང་ལྕོགས་ཀྱི་དུས་ལ།།
ལག་ཐལ་མོ་སྦྱར་ཏེ་ལན་གསུམ་རང་བོས་ཡོད།།
ས་སྨད་ཕྱོགས་ལུང་ཁུགས་ཡང་ཁུགས་ན་བཞུགས་པའི།།
དྲོད་བརྩེ་བའི་བདག་པོས་གསན་པ་རང་བྱུང་ངམ།།

གཉེན་དགའ་ཉེ་ཡིན་ཡང་རྒྱུ་ངོ་ལས་མ་མཆིས།།
གྲོགས་ཁ་ལྟ་མང་ཡང་ཕྱི་ཚུལ་ལས་མི་འདུག།
ལས་ཐམས་ཅད་ཕྱི་ཡི་ཚུལ་འཆོས་ལས་མེད་ན།།
ད་འཁོར་བའི་སྙིང་པོ་སྡུག་བསྔལ་ལས་ཅི་ཡོད།།

ནགས་ཤིང་ལོར་ཞོན་ཏེ་བར་སྣང་ལ་འཕུར་བའི།།
མ་ལབ་ཀྱི་སྒྲོལ་མའི་བརྩེ་སྣང་ལ་འཁོར་བའི།།
ཁྱེད་ཆང་གིས་བཟི་ཡང་དོན་དམ་ནི་མ་བོར།།
ཆོས་ཤེས་ན་ཤེས་ལུགས་དེ་འདྲ་ཡང་ཡོད་དོ།།

ལས་གར་མའི་གཡབ་མོ་ད་ནངས་ནས་བསླེབས་ཤིང་།།
སེམས་མི་རྟག་འགྱུར་ལྡོག་ཉིན་གུང་ནས་ཡོང་བའི།།
ལར་ཞེན་པའི་སྣང་བ་ཕྱོགས་རིས་ཀྱི་ན་བུན།།
རི་མཐོ་སར་འཁོར་བའི་ངང་ཚུལ་ལ་སྐྱོ་སོང་།།

མདོ་འཁོར་བའི་རི་ལ་རྩེ་མོ་ནི་མི་འདུག།
ཡར་ཅི་ཙམ་འགོས་ཀྱང་མར་མར་ལ་ལྷུང་འགྲོ།།
ཚེ་མི་རྟག་སྒྱུ་མའི་ཆོ་འཕྲུལ་འདི་ཡལ་དུས།།
འོད་སྣང་བ་དཀར་པོའི་ཞིང་ཁམས་ཤིག་སྩོལ་རོགས།།
                                       ༢༠༡༩. ༨ .༡༡ཉིན་མགུར་སྡོང་གི་དྲུང་དུ།
འབྲེལ་ཡོད་འོས་སྦྱོར།