logo

འཆི་མེད་ལགས་ཀྱི་སྙན་ངག

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-06-14 ཀློག་གྲངས།:
ཤེལ་གྱི་ཟེའུ་འབྲུ།
འཆི་མེད།

འདབ་ལྡན་མཛེས་པའི་ཤེལ་གོང་ཁྱེད་རང་བཙུགས་ན་མི་སྐྱེས་བསྐྱུར་ན་སྐྱེ།།
སེམས་ཀྱིས་གྱེར་བའི་དབྱངས་རྟ་དེ་ཀོ་བཀུག་ན་མི་སྙན་ལྷོད་ན་སྙན།།
འོ་མས་བཅུས་པའི་སེམས་པ་དཀར་པོ་བལྟས་ན་མི་མཛེས་མྱངས་ན་མཛེས།།
ཁ་ཚིག་མདུད་པའི་གསང་བ་ཟེར་བ་བཀྲོལ་ན་མི་ཁྲོལ་བསྐྱུར་ན་གྲོལ།།

མི་འགྱུར་བརྟན་པའི་ཡིད་སེམས་དཀྱིལ་ན་ཤེལ་གྱི་ཟེའུ་འབྲུ་འཛུམ་པ་ལ།།
དྲན་པས་བསླས་པའི་དར་ཚོན་སྣ་ལྔ་ཟེའུ་འབྲུ་ཁྱེད་ཀྱི་གང་ལ་གདགས།།
རབ་ཏུ་མཛེས་ཤིང་ཤིན་ཏུ་སྙན་པའི་དབྱངས་ཀྱི་མཆོད་པ་ཇི་ལྟར་དབུལ།།
ཞེན་པའི་དེ་ཉིད་སེམས་ཀྱིས་མཐོང་ཡང་མིག་གིས་བལྟས་ཀྱིན་གང་ལ་བཞུད།།

བརྩེ་བའི་སེམས་པ་གཞས་ལ་དྲངས་ཏེ་ལས་ཀྱི་ལམ་ནས་བཏང་བ་ཡིས།།
ཡིད་ཀྱི་མེ་ཏོག་དམར་པོའི་ལང་ཚོ་ཁྱེད་ལ་མི་འབུལ་སུ་ལ་འབུལ།།
སྙིང་གཏམ་སྙིང་གི་ཁུ་བ་ཟེར་བ་མི་ངོམས་འཐུངས་ན་ངོམས་མི་སྲིད།།
འདི་འདྲའི་གཏམ་ཞིག་བྲིས་པའི་དོན་པོ་བརྩེ་བའི་སྙིང་བོར་མཇལ་འདོད་ཡིན།།

མཇལ་བས་མི་ཚད་ཤེལ་གོང་ལུས་པོས་ཉིང་ཤ་དམར་པོའི་ནང་ཤ་རུ།།
སྦས་ཤིང་བསྐུངས་པའི་གསང་རྒྱ་དམ་པོས་ང་གཉིས་སེམས་པ་གསོས་ནས་ཡོད།།
སེམས་འདི་དེ་ཡིས་བསླུས་པའི་དབང་གིས་ཉིན་མཚན་འགྲོས་ཀྱང་འཁྲུལ་བ་ཡིས།།
རྨི་ལམ་ཟ་ཟིས་མྱོས་པ་བདག་གི་ཡིད་ཀྱི་ཁམས་ལ་ཁྱེད་ཉིད་ལྕི།།

འཁོར་བའི་མཐའ་འདི་མི་སྐྱིད་ཟེར་བ་སྐྱིད་སྡུག་སྤེལ་མའི་ངོ་གདོང་རེད།།
ངོ་གདོང་སེམས་པ་རྨས་མ་ཁུར་ནས་སྙིང་གི་གཏམ་ཞིག་བཤད་པ་ན།།
སུ་ལ་གསལ་ཡང་སུས་ཀྱང་གསང་བའི་བརྩེ་བའི་རང་མདངས་ཕྱི་ལ་འཆོལ།།
ངོ་མ་མ་བཤད་ངོམ་ན་འདོད་པའི་བརྩེ་བ་འཁོར་བའི་སྙིང་བོར་མཐོང་།།

སྙིང་བོ་སྙིང་ཆུང་བུམ་པའི་ནང་ན་འོད་ཀོར་གྱི་ལེར་སྦས་པ་འདིས།།
དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་བའི་དགའ་སྐྱོ་མི་ཚེར་བརྒྱུས་པའི་སྣེར།།
ཚེ་གཅིག་གཤིབ་པའི་འཚོ་བའི་ཡུན་ལ་འཁོར་བའི་སྙིང་བོར་མི་འབོད་དེ།།
ཚེ་གྲོགས་ཚེ་ཡི་གཤིབ་ཡ་ཟེར་བ་འཁྲིས་ན་མི་དགོས་སེམས་ན་དགོས།།

སྲོག་དང་ལྡན་པའི་སྐྱེ་འགྲོ་ཀུན་ལ་རང་བྱུང་གཤིས་ཀྱིས་གྲུབ་པ་ཡི།།
དུངས་པའི་སྣང་བ་ཕྲ་མོ་དེ་ཡང་ཀུན་ལ་མངའ་བ་རང་ཆོས་ཏེ།།
བདག་གི་བདེན་པའི་ཤེལ་གྱི་འདབ་མ་ཀུན་ལས་གསལ་བའི་ཉི་མ་བཞིན།།
མངོན་པའི་ངང་ཚུལ་རབ་ཏུ་མཛེས་ཞེས་སྐྱེ་བོ་ཁ་ཅིག་དངོས་སུ་སྨྲ།།

རང་ཉིད་དྲན་པའི་གཞུ་མོ་བཀུག་ནས་ཤིན་ཏུ་རབ་ཏུ་འདང་བརྒྱབ་ན།།
ལག་པས་སྙོར་བའི་བརྩེ་བ་ཟེར་བ་འཇིག་རྟེན་འདི་རུ་ཡོད་པ་རྫུན།།
དོང་ནང་སྦལ་བའི་རང་སྣང་འཁྲུལ་ཏེ་ནམ་མཁའི་མཐའ་ལ་བསྐོར་པ་བཞིན།།
དུངས་སེམས་སྨུག་པ་ཟ་ཟིའི་ཀློང་ནས་རང་སྣང་འཁྲུལ་ན་རིན་ཐང་ཆེ།།

རྩེ་གཅིག་སྙིམ་པ་དང་གར་སྦྱར་ནས་རང་གི་སྐྱེད་མོས་ཚལ་དེ་ལ།།
མི་ཚེར་བཏབ་པའི་ལྗང་བུ་ལ་ནི་ད་ལོར་ཤེལ་གྱི་འདབ་མ་བཞད།།
སྔར་མེད་གཞན་དང་མི་མཚུངས་སྙམ་པ་རང་གི་སྣང་བ་དབང་བཙན་པས།།
ཞིབ་ཏུ་བསམས་ཤིང་ཡང་ཡང་བསམས་ཚེ་དོན་དང་ལྡན་པའི་གནས་སུ་འཁུམས།།

གངས་དང་རྡོ་ཡི་རི་བོ་བྲག་རི་ཁ་བ་འབབ་པའི་ཀློང་དཀྱིལ་ན།།
ཁད་ཀྱིས་འགྱིང་བའི་ངོ་མཚར་གཏམ་རྒྱུད་ལོ་རྒྱུས་རིང་མོས་བསྐྱུར་ཡོད་པས།།
ད་ནི་སྔོན་མེད་དཔེ་ལུགས་བཅོ་བརྒྱད་རྩིས་གསུམ་རིག་པ་ལྷོད་པར་གྱུར།།
མེ་ཏོག་སད་ཀྱིས་འཁྱེར་ལ་ཉེ་དུས་བརྩེ་བའི་འཛུམ་ཞིག་ཁྱེད་ལ་སྟོན།།

ན་ནིང་མ་རེད་ད་ལོའི་སྟོན་ཀར་སེམས་ཀྱི་ལྗོན་པར་མེ་ཏོག་བཞད།།
ཁ་སང་མ་རེད་དེ་རིང་ཉིན་གུང་སྙིང་གི་ཤེལ་གོང་ཀྲིག་ཀྲིག་འགུལ།།
སྔ་དྲོ་མ་རེད་དེ་རིང་ཕྱི་དྲོར་སྙིང་ཆུང་སྙིང་གི་ནང་ཤ་འགུལ།།
འགུལ་བ་མ་རེད་དྲན་པ་རེད་དོ་དྲན་པའི་སྣང་བ་འཇགས་ཐབས་བྲལ།།

ཁ་ན་མ་རེད་ཁོག་ཏུ་ཡོད་པའི་ཚིག་གསུམ་སྦྲང་ཆར་བསིལ་མ་ཡིན།།
ཕྱི་རུ་མ་རེད་ནང་དུ་ཡོད་པའི་བརྩེ་བ་འོ་ཆུ་འདྲེས་མ་ཡིན།།
བཅོས་མ་མ་རེད་ངོ་མ་ཡིན་པའི་སྙིང་ཆུང་སྙིང་ཤ་གཅིག་ཏུ་གྱུར།།
བཀར་ན་མ་རེད་འབྱར་ན་ཡིན་པའི་སྙིང་བོ་ཉིས་རྐྱ་བཏབ་འདྲ་ཡིན།།
འབྲེལ་ཡོད་འོས་སྦྱོར།