ལྷ་སའི་ཁ་བྱང་གཅིག་པའི་སྙན་ངག་ལོ་མ་ལྗང་ཁུ་ཞེས་པའི་འགྲན་བསྡུར་དུ་བྱ་དགའ་ཐོབ་པའི་སྙན་ངག་བཅུ།
རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-26
ཀློག་གྲངས།:
ལོ་མ་ལྗང་ཁུ།
རླུང་བུ་ལྡང་རྐྱེན་ཆུ་མོ་ཤང་ཤང་དེ་འཁྱག་པས་བསྡམས་འགྲོ།ཉ་མོའི་རྨི་ལམ་ཡང་འཁྱག་གིས་སྒྲོགས་ཡོད།
རླུང་བུ་ལྡང་རྐྱེན་ལྗང་ལོ་ཤག་ཤག་དེ་བསེར་བུས་གཏོར་འགྲོ།
ནགས་ཀྱི་སྣོད་བཅུད་ཀྱང་ཡུན་རིང་སྐམ་འགྲོ།
རླུང་བུ་ལྡང་རྐྱེན་སྤང་ཐང་ཡངས་མོ་དེ་ཞལ་ཁེབས་བརྗེ་འགྲོ།
གཙོད་ཁྱུའི་རྭ་ངོས་ལ་ལོ་ཟླ་བརྩེགས་ཡོད།
སྡོང་པོའི་རྩིབས་བར་དུ་རྨི་ལམ་འཚོལ་བའི་ལྗང་ལོ།
སྟོན་གྱི་ངོ་རིས་ཐོགས་ཏེ་གང་དུ་ཆས་འགྲོ།
ཉི་མའི་སྒེའུ་ཁུང་དུ་འོད་སྣང་སྲུང་བའི་ལྗང་ལོ།
དགུན་གྱི་དྲོད་ཐིགས་རྒུམ་སྟེ་ག་པར་བུད་འགྲོ།
གངས་རིའི་སྤྱན་ལམ་དུ་གཤོག་འགྱུ་ལྷོད་པའི་ལྗང་ལོ།
ཉི་ཟླའི་སྲབ་སྣེ་རུ་ཅི་ཞིག་སྒུག་ཆོག
སྟོན་འགོ་མ་ལྗང་ལོ་ཤག་ཤག་གི་རོལ་ཆ་དཀྲོལ་ཏེ་སླེབས་འོང་།
སྟོན་འགོ་མ་གསེར་ལོ་ཕང་ཕུང་གི་རླུང་རྟ་སྤུར་ཏེ་བཅར་འོང་།
གསལ་ཉི་ཟླ་ལ་འདོགས་ཐག་མེད་ན།
འོད་དཀར་པོ་དེ་སེམས་ནས་གཏན་དུ་འབུལ་ཆོག
ལྗང་ལོ་ནེམ་ནེམ་འདིའི་གོས་སེར་གྱོན་ཚུལ་ཡང་།
བླ་སྲོག་ལ་གསེར་མདོག་ཞུགས་པའི་སྟ་གོན་ཡིན་ཆོག
ལོ་མ་ལྗང་ཁུ་རེ་བ་ནམ་མཁའ་འདྲ་དེ་ཁབ་མིག་ནས་རིང་དུ་བཀྱེད་ཆོག
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི2011ལོའི་བོད་ཡིག་ཆེདལས1། ཚེ་རིང་བདི་སྐྱིད།(བྱ་དགའ་ཨང་དང་པོ་ཐོབ)
ལོ་མ་ལྗང་ཁུ།
ད་སྐབས་སུ་ལོ་མ་ལྗང་ཁུ་ནི་རིགས་རྒྱུད་དང་ཁམས་མོད་པ། རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ། ཆོས་ལུགས་གྲུབ་མཐའ་སོགས་ཀྱི་བཀག་རྡོ་ལས་ཡོངས་སུ་གྲོལ་ཏེ་སོ་སྐྱེ་ཡོད་དོ་ཅོག་གི་གླེང་ཡུལ་དང་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།གང་ལགས་ཤེ་ན། ལོ་མ་ལྗང་ཁུ་རེ་རེས་ས་ས་དང་རྡོ་རྡོ་རུ་གྱེས་པའི་ས་སྟོང་དག་དམ་པོར་རྡོག་པོ་རུ་བཟུང་ཏེ། ལོ་མ་རེ་རེ་ནས་ཡལ་ག ཡལ་ག་རེ་རེ་ནས་སྡོང་རྐང་། རྡོང་རྐང་རེ་རེ་བས་ལྕང་གླིང་། ལྕང་གླིང་རེ་རེ་བས་ནགས་ཚལ།
མདོར་ན། མཐར་ཐུག་གི་རྩ་བ་ནི་གཉོམ་ཆུང་གི་ལོ་མ་ལྗང་ཁུ་ལ་རག་ལུས། ལོ་མ་ལྗང་ཁུ་རེ་རེ་བས་འཇིག་རྟེན་འདིར་འཚོ་བཞིན་གནས་པའི་འགྲོ་བ་སེམས་ཅན་མ་ལུས་ཀྱི་འབྱུང་ཁམས་ཁོར་ཡུག་ལ་ཁ་ཚ་དགོས་གཏུགས་ཀྱི་སྲུང་སྐྱོབ་ཐུབ་ཐོག་ཇི་སྲིད་བར་གནས་པར་བླ་ན་མེད་པའི་དགེ་བ་བསྒྲུབ་བཞིན་མཆིས། དེ་བས་འགྲོ་བ་སེམས་ཅན་རྣམས་ལ་མཁོ་བའི་གཡང་རླུང་ཁམ་རེ་རེ་འདོན་སྤེལ་དང་འགྲོ་བ་མིའི་འཚོ་སྡོད་ཀྱི་སྦྱོར་བ་ལས། སྐྱེ་འགྲོ་རྣམས་ལ་མི་མཁོ་བའི་གཡང་གཉིས་ཐན་རྫས་སོགས་ཤུགས་ཀྱི་རྔུབ་ནས་གཙང་ཡངས་ཀྱི་ཁོར་ཡུག་ཅིག་སྟེར།
གལ་ཏེ། ལྗང་ཐིང་ངེར་གནས་པའི་ལོ་མ་རེ་རེ་བཞིན་དུ་བ་ཡི་མཆོད་པ་འབུལ་བ་དང་དངུལ་ལོར་གྱི་འདོད་འཇོ་སྐོང་བ། མིག་མདུན་གྱི་མནོག་ཆུང་བྱ་བས་བསླུ་བྲིད་བྱུང་ཚེ་ཅིས་ནས་ཉེན་ཁ་ཆེ་ཞིང་འཇིགས་སུ་རུང་བ་ཞིག་རེད།
མུ་མཐའ་མེད་པའི་སྤང་ཐང་དང་ཤིན་ཏུ་སྟུག་པའི་ནགས་ཚལ་དག་ཀྱང་ས་རྐོ་རྡོ་སློག་དང་རྩ་བཅད་གཏོང་བ་སོགས་མི་ལེགས་པའི་སྦྱོར་བར་བརྟེན་ནས་མྱ་ངམ་ཐང་དུ་བཅོས། སྔོ་ལྗང་གི་རྩེ་ཤིང་རྩ་སྟོང་དུ་སོང་བ་དེས་འབྱུང་ཁམས་འཁྲུགས་པར་ཐེ་ཚོམ་ཅི། བྱེ་རི་ཉིལ་བ་དང་ཐན་པ་བསྟན་པ། སྲོག་ཆགས་ཀྱི་རྒྱུད་རྩ་སྟོང་དུ་འགྲོ་བ། སྔོ་བསངས་ནམ་མཁའ་དང་སེར་མདོག་གི་ཉི་ཟེར་ལྟ་ཞོག་སེམས་ཅན་རྣམས་རབ་སྒྲིབ་ཀྱི་མཁའ་འོག་དུ་དུག་རྫས་ཅན་གྱི་དབུགས་རྔུབ་བཞིན་གདའ། མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་དུས་ཚིག་ལ་འགྱུར་བ་འགྲོ་བཞིན། བོད་སོགས་ཀྱི་འཁྱག་རོམ་གང
ས་རི་རིམ་པར་བཞུ་ཞིང་ཚ་གདུངས་ཀྱི་མ་ཟོད་པར་གྱུར་ངེས།
ལོ་མ་ལྗང་ཁུ་ནི་འཛམ་གླིང་ངམ་སེམས་ཅན་ཡོངས་ཀྱི་གཅེས་ནོར་ཞིག་རེད། དེ་ནི་དབུགས་ཀྱི་རྒྱུ་བ་འཇིག་སླ་ལ་སྟོང་སླ་བ་ཞིག་རེད། དེ་ནི་སླར་གསོས་དཀའ་ཞིང་ཡུན་རིང་ཅན་ཞིག་རེད།
དེས་ང་ཚོ་མི་བུ་ཡན་གར་བ་རེ་རེར་ཆུང་ཙག་འབྲུ་རེ་རེ་དང་ཤོག་བུ་ལྷེབ་ཆུང་རེ་རེ་ནས་གྲོན་ཆུང་སྲི་ཚགས་བྱེད་དགོས་པ་ས་གཞི་གོ་ལའི་སྟེང་གི་འཚོ་སྡོད་མཁན་གྱི་སེམས་ཅན་ཚང་མས་སྨྲེ་ངག་འདོན་བཞིན་མཆིས།
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི2011ལོའི་བོད་ཡིག་ཆེད་ལས2། བསྟན་འཛིན་ནོར་བུ།(བྱ་དགའ་ཨང་གཉིས་པ་ཐོབ)
ལོ་མ་ལྗང་ཁུ།
རླུང་དམར་འུར་འུར་ལྡང་། ཁ་བ་ལྷབ་ལྷུབ་བབས།དུས་ཀྱི་འགྱུར་ལྡོག་གི་ཧྲག་བར་ནས།
ཆོལ་གསུམ་རྩི་ཤིང་གིས་སྨྲེ་ངག་འདོན།
རིག་པའི་ལྗོན་པ་ཡི་ལོ་མ་འཐོར།
གདུག་སྤྱོད་ཀྱི་སྤྲིན་ནག་ལང་ལོང་འཕྱོར།
སྐྱིང་ཀྱི་ཉི་མ་སྨག་རིམ་གྱིས་ཁྱུར་མིད་བྱས།
སྡུག་གི་ལོ་ཟླ་མེས་པོའི་ཞལ་ནས་མིག་ཆུར་འདྲེས།
དེ་དུས་འཇིག་རྟེན་ཟེར་བ་ནི།
སྐྱ་ཐེར་ཐེར་དང་། ཁུ་སིམ་སིམ། འཇིགས་ཡེར་ཡེར་ཞིག
ཕ་མེས་ཡང་མེས་ཚོས། འཁོར་བའི་སྡུག་བསྔལ་དེ་ནས་མྱང་ལ།
དམྱལ་བའི་ཞིང་ཁམས་དེ་ནས་རིག
དེ་ནི་ལོ་རྒྱུས་འཕེལ་རིམ་ཁྲོད་ཡལ་མེད་ཀྱི་ཟིན་བྲིས་ཤིག
དཔྱིད་ཀྱི་ཉི་མ་དལ་གྱིས་རི་ལ་འཕགས་དུས།
དམྱལ་ཟངས་ནས་བརྡོལ་བའི་སྡོང་རྒན་དེ།
ཆོལ་གསུམ་ཟུང་ཁྲག་གིས་ཡང་ཡང་བརླན་ཞིང་།
ཉི་འོད་དྲོན་མོས་རྟག་ཏུ་བསྲོས་པས།
མེས་པོའི་རྨི་ལམ་གྱི་རྒྱབ་ངོགས་སུ།
ལྗང་མདོག་གི་ལོ་མ་ཞིག་འབུས།
ད་ནི་དཔྱིད་ཀྱི་དཔལ་མོ་སླེབས་ཟིན་པས།
ངས་ཕུགས་བསམ་གྱི་གཤིན་ས་རུ།
ལྗང་མདོག་གི་རྨི་ལམ་ཞིག་རྨིས་ཆོག་ཆོག་རེད།
བོད་ལྗོངས་གསོ་རིག་སློབ་གླིང2012ལོའི་སྨན་པའི་འཛིན་གྲྭ1། རྡོ་རྗེ་རྒྱལ།(བྱ་དགའ་ཨང་གཉིས་པ་ཐོབ)
འབྲེལ་ཡོད་འོས་སྦྱོར།